བོད་པའི་བུད་མེད་རྐང་སྤོལ་རུ་ཁག་ཐེངས་དང་པོར་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཐོན།

བོད་ཀྱི་བུད་མེད་རྐང་སྤོ་རུ་ཁག་ཁེ་ན་ཌའི་བན་ཁའོ་བཱར་རྒྱལ་སྤྱིའི་རྐང་སྤོ་དུས་སྟོན་ལ་ཞུགས་ཏེ་རྩེད་འགྲན་ཁྲོད་རྒྱལ་ཁ་ལངས་མེད་ཀྱང་། བོད་ཀྱི་ལོ་རྒྱུས་སུ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་རྐང་སྤོ་འགྲན་རྩོད་ནང་བུད་མེད་མཉམ་ཞུགས་བྱས་བ་ཐོག་མ་དེ་ཆགས་ཡོད་འདུག

ཁེ་ན་ཌའི་གསར་ཁང་(News 1130)གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༧ ནས་ ༩ ཉིན་ཧི་མ་ལ་ཡི་གངས་འདབས་ནས་འཚར་ལོངས་བྱུང་ཞིང་། ལང་ཚོ་དར་ལ་བབ་ཅིང་རྐང་རྩེར་འཁྱུག་རྩལ་ལྡན་པའི་བོད་པའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ཁེ་ན་ཌའི་གྲོང་ཁྱེར་བན་ཁའོ་བཱར་རྒྱལ་སྤྱིའི་རྐང་སྤོལ་དུས་སྟོན་(Vancouver International Soccer Festival)ཐེངས་ ༡༣ པའི་ཐོག་མཉམ་ཞུགས་བྱས་ཏེ། འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་བྱས་ཡོད་འདུག

བན་ཁའོ་བཱར་རྒྱལ་སྤྱིའི་རྐང་སྤོལ་དུས་སྟོན་དེ་ནི་འཛམ་གླིང་ཐོག་གི་མི་རིགས་དང་རིག་གཞུང་སྣ་ཚོགས་ལས་གྲུབ་པའི་རྐང་སྤོལ་རུ་ཁག་དག་ལ་དབྱེ་འབྱེད་མེད་པར་འདྲ་མཉམ་གྱི་གོ་སྐབས་སྐྲུན་བཞིན་ཡོད་ཅིང་། ཐེངས་འདིར་དམིགས་བསལ་གྱིས་བོད་པའི་བུད་མེད་རྐང་སྤོལ་རུ་ཁག་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་དེར་མཉམ་ཞུགས་བྱས་བ་ཐོག་མ་དེ་ཆགས་ཡོད་པ་རེད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་པའི་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་ཆགས་ཡོད། (གནས་ཚུལ་དེའི་སྐོར་དྲ་ཐག་འདིར་གཟིགས་རོགས།) ཐེངས་འདིར་ཁེ་ན་ཌར་སྐྱོད་པའི་རུ་ཁག་དེ་ནི་ཨ་རི་བ་ལྕམ་ཁེ་སི་ཆལ་ཌིར་(Cassie Childers)ཞུ་བ་ཞིག་གིས་བདག་སྐྱོང་བྱེད་བཞིན་ཡོད་པའི་བོད་པའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག་ཡིན་པ་དང་། གཞན་དེ་ནི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་བདག་སྐྱོང་བྱེད་བཞིན་ཡོད། ལྕམ་ཁེ་སི་ཆལ་ཌིར་ལགས་ཐོག་མ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྦྱིན་བདག་གྲས་ཤིག་ཡིན་ཞིང་། བར་ལམ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་ཁོ་མའི་བར་མ་མཐུན་པའི་དབང་གིས་ ༢༠༡༢ ལོ་ནས་ཁོང་མོ་ལོགས་སུ་ཐོན་ཏེ་བོད་པའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་འདིར་སྣེ་འཁྲིད་བྱས་ཡོད་འདུག བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་བརྗོད་པ་ལྟར་ན། ལྕམ་ཁེ་སི་ཆལ་ཌིར་གྱིས་མགོ་འཁྲིད་བཞིན་པའི་བོད་པའི་བུད་མེད་རྐང་སྤོལ་རུ་ཁག་དེ་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ལེན་མེད་ཟེར།

གསར་འགྱུར་དེའི་ནང་འཁོད་དོན། ཐེངས་འདིའི་ཁེ་ན་ཌའི་གྲོང་ཁྱེར་བན་ཁའོ་བར་རྐང་སྤོལ་དུས་སྟོན་དེར་མི་རིགས་དང་རིག་གཞུང་འདྲ་མིན་གྱི་རུ་ཁག་ ༣༠ མཉམ་ཞུགས་བྱས་ཡོད་པ་དང་། དེའི་ཁྲོད་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གིས་ཐོག་མར་ཁེ་ན་ཌའི་རུ་ཁག་དང་ལྷན་དུ་གྲོགས་པོའི་འབྲེལ་བའི་ལམ་ནས་ཚོད་ལྟའི་རྩེད་འགྲན་ཞིག་བྱས་ཡོད་པ་དང་། འགྲན་བསྡུར་དངོས་གཞིའི་སྐབས་བོད་པའི་རུ་ཁག་གིས་པོ་ལན་ཌི་(Poland)དང་ཨི་རན(Iran)། དེ་བཞིན། པོ་ཇིལ་གྷལ་(Portugal)རུ་ཁག་བཅས་རུ་ཁག་གསུམ་ལ་འགྲན་བསྡུར་བྱས་ཡོད།

པོ་ལན་ཌི་དང་བོད་པའི་རུ་ཁག་བར་སྤོ་ལོ་གཅིག་ཀྱང་བླུག་མ་ཐུབ་པར་གཉིས་ཀ་ཀླད་གོར་ཆགས་ཡོད་པ་དང་། ཨི་རན་དང་བོད་པའི་རུ་ཁག་བར་སྤོ་ལོ་ ༢ དང་ ༡ ཆགས་ཏེ་བོད་པའི་རུ་ཁག་ཤོར་ཡོད་ཀྱང་། མི་མང་གིས་དགའ་མོས་བྱེད་ཡུལ་དེ་བོད་པའི་རུ་ཁག་ཆགས་ཡོད། པོ་ཇིལ་གྷལ་དང་བོད་པའི་རུ་ཁག་བར་ཕྱི་ཚེས་ ༩ ཉིན་འགྲན་བསྡུར་བྱས་སྐབས། སྤོ་ལོ་ ༥ དང་ ༢ ཆགས་ཏེ་བོད་པའི་རྐང་སྤོལ་རུ་ཁག་ཤོར་ཡོད་ཀྱང་། གོང་ལྟར་མི་མང་གི་དགའ་མོས་དང་རྩེད་འགྲན་པ་ཚོའི་བཟང་སྤྱོད་ཀྱིས་ལྟད་མོ་བ་ཚོ་ཡིད་འཚིམ་ཡོད།

བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་དེར་རྒྱ་གར་དང་བལ་ཡུལ་ནང་སྐྱབས་བཅོལ་དུ་སྡོད་པའི་ལོ་ཆུང་བུ་མོ་ ༡༤ ཙམ་མཉམ་ཞུགས་བྱས་ཡོད་པ་དང་། ཁོ་ཚོ་ད་ལོའི་ཕྱི་ཟླ་ ༢ པའི་ནང་ཨ་རིའི་ཌོ་ལཱ་སི་(Dallas Cup)རྒྱལ་སྤྱིའི་ན་གཞོན་རྐང་སྤོལ་རྩེད་འགྲན་དུ་གདན་ཞུ་བྱས་ཏེ། སྐབས་དེའི་དམིགས་བསལ་སྐུ་མགྲོན་ཞིག་ཏུ་བརྩིས་ཆོག་ཀྱང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕིས་ཕྱི་མི་གནས་སྤོ་བ་བཀག་སྡོམ་སྲིད་ཇུས་འོག་ཨ་རིའི་གཞུང་གིས་ཁོ་ཚོར་ཕྱི་སྐྱོད་ཐོངས་མཆན་སྤྲད་མེད། འོན་ཀྱང་། དགའ་འོས་བ་ཞིག་ལ་སྐབས་དེར་བོད་པའི་བུད་མེད་རྐང་སྤོལ་རུ་ཁག་ཨ་རིར་ཐོངས་མཆན་མ་རག་པའི་གནས་ཚུལ་དེས་བོད་དོན་རྒྱལ་སྤྱིའི་སྟེང་ཁྱབ་ཆེན་པོ་ཕྱིན་པ་དང་། ཁེ་ན་ཌའི་བན་ཁའོ་བཱར་རྐང་སྤོལ་དུས་སྟོན་གོ་སྒྲིག་བྱེད་མཁན་སྐུ་ཞབས་ཨན་ཌི་རི་ཧམ་མལ་(Adri Hamael)ལགས་ཀྱིས་གནས་ཚུལ་དེ་ཐོས་ཏེ། ཐེངས་འདིར་ཁོང་ཚོ་ཁེ་ན་ཌར་མགྲོན་བརྡ་བཏང་ཡོད་ཅིང་། དུས་དེ་ནས་བཟུང་བོད་པའི་རྐང་སྤོལ་རུ་ཁག་གིས་དྲ་ལམ་བརྒྱུད་དེ་དུས་སྟོན་དེར་ཞུགས་པར་ལམ་གྲོན་ཞལ་འདེབས་བསྡུ་སློང་བྱས་ཏེ་ཐེངས་འདིར་མཉམ་ཞུགས་བྱེད་ཐུབ་པ་བྱུང་ཡོད་པ་རེད།

ཁེ་ན་ཌ་དང་བོད་ཀྱི་བུད་མེད་རྐང་སྤོ་རུ་ཁག་གཉིས་བར་གྱི་འབྲེལ་བ་དེ་རྐང་སྤོལ་འགྲན་བསྡུར་ཁོ་ན་མ་ཡིན་པར། ཁེ་ན་ཌའི་ནང་སེམས་ཅན་དང་ཁོར་ཡུག་ལ་སྲུང་སྐྱོབ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱེད་པའི་ཚོགས་སྡེ་ཁག་གི་རྒྱབ་བརྟེན་དུ་གྱུར་བའི་ཚོགས་པ་ལཱོ་ཤི་(Lush Cosmetics)ཡེས་ཐེངས་འདིར་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ལ་དཔལ་འབྱོར་རྒྱབ་བརྟེན་བྱས་ཡོད།

ལཱོ་ཤི་ཚོགས་པས་བརྗོད་པ་ལྟར་ན། བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གིས་ཕྱི་ལོ་ ༢༠༡༢ ལོ་ནས་བོད་པའི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་དང་ཕོ་མོ་འདྲ་མཉམ་ཐོག་བརྡ་ལན་དང་ཡར་སྐུལ་གྱི་ནུས་པ་ཆེན་པོ་ཐོན་ཡོད་ཅེས་བརྗོད་ཡོད་པ་དང་། བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ཁེ་ན་ཌའི་ནང་འབྱོར་བ་དང་། ལཱོ་ཤི་ཚོགས་པས་ཁོ་ཚོར་ཐུག་འཕྲད་བྱས་ཏེ་ཉིན་དེའི་ཕྱི་ཉིན་ཚོགས་པ་དེས་གོ་སྒྲིག་འོག་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་དང་ཁེ་ན་ཌའི་རྐང་སྤོལ་རུ་ཁག་བར་གྲོགས་པོའི་ལམ་ནས་ཚོད་ལྟའི་རྩེད་འགྲན་ཐེངས་གཅིག་བྱས་ཡོད།

ལོ་ན་ ༢༠ ཡིན་པའི་ལྷ་མོ་ཚེ་རིང་ལགས་ཀྱིས་བརྗོད་དོན་ “རྐང་སྤོལ་རྩེད་རྒྱུ་ནི་ང་རང་གི་དགའ་ཕྱོགས་ཡིན། ང་རང་ཐེངས་འདིར་རྒྱལ་སྤྱིའི་བན་ཁའོ་བཱར་རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་བྱེད་ཐུབ་པར་ཧ་ཅང་དགའ་པོ་བྱུང་སོང་”ཞེས་དང་། “ང་ལ་མཚོན་ན་རྐང་སྤོལ་རྩེད་རྒྱུ་ནི་མི་དང་མིའི་བར་གྱི་འབྲེལ་བ་ཇེ་ཟབ་དུ་གཏོང་ཐབས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། རྐང་སྤོལ་རྩེད་བར་མགོ་ཁྲིད་ཀྱི་ཁྱད་ཆོས་དང་རང་ཚུགས་བརྟན་པོ་དགོས། གང་ཡིན་ཟེར་ན། ང་ཚོས་རྐང་སྤོལ་རྩེད་སྐབས་གདེང་ཚོད་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཆགས་ཡོད་”ཅེས་སོགས་བརྗོད་ཡོད།

ལྷ་མོ་ལགས་ཀྱིས་བརྗོད་པ་ལྟར་ན། ཁོ་མོའི་ཕ་མ་གཉིས་ཀྱིས་ཁོ་མོར་རྐང་སྤོལ་རྩེད་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཟེར། འོན་ཀྱང་། རུ་ཁག་དེའི་ནང་གི་བུ་མོ་ཁ་ཤས་ཕ་མ་དང་ཁ་བྲལ་བ་དང་། ཡང་ཁ་ཤས་ལ་ཕ་མ་ཚོ་རྙིང་ཞེན་གྱི་དབང་གིས་རྒྱབ་སྐྱོར་དེ་ཙམ་མེད་པའང་ཡོད་འདུག

བན་ཁའོ་བཱར་རྒྱལ་སྤྱིའི་རྐང་སྤོལ་དུས་སྟོན་གྱི་འགན་འཛིན་སྐུ་ཞབས་ཨན་ཌི་རི་ལགས་ཀྱིས་བརྗོད་དོན། ཨ་རིས་བོད་པའི་བུད་མེད་རྐང་སྤོལ་རུ་ཁག་ལ་ཐོངས་མཆན་སྤྲད་མེད་པའི་གསར་འགྱུར་མང་པོ་ཞིག་ཁྱབ་བཞིན་པ་མཐོང་སྐབས། ཐོག་མར་ང་རང་ཁོང་ཁྲོ་ལངས་སོང་། རྒྱུ་མཚན་ནི། བོད་པའི་བུ་མོ་ ༡༤ ཡིས་ཨ་རིའི་གཞུང་ལ་ཉེན་ཁ་ཅི་ཞིག་བཟོ་སྲིད་དམ་བསམ་བྱུང་། སྐབས་དེའི་ཁོང་ཁྲོ་རིམ་གྱིས་བསམ་བློ་གཏོང་སའི་གཞི་རྩ་ཞིག་ཆགས་ཏེ་བོད་པའི་བུ་མོ་དེ་དག་ཁེ་ན་ཌར་སྐད་གཏོང་རྒྱུ་ཡིད་ལ་དྲན་ཏེ། ད་རེས་ཁོ་རང་ཚོ་འདིར་མགྲོན་འབོད་བྱས་པ་ཡིན་ཞེས་བརྗོད་སོང་།

སྐུ་ཞབས་ཨན་ཌི་རིས་ཐོག་མ་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ཁེ་ན་ཌའི་ནང་ཕེབས་རྒྱུར་དཀའ་ངལ་ཅི་ཙམ་ཡོད་པ་ཤེས་མེད་ཀྱང་། ཁེ་ན་ཌའི་གཞུང་ཚབ་ཀྱིས་རྒྱབ་སྐྱོར་བྱས་བར་བརྟེན་ཏེ་ཁོང་ཚོར་དཀའ་ངལ་མེད་པའི་ཐོག་ནས་འདིར་འབྱོར་ཐུབ་པ་བྱུང་ཡོད་པའི་སྐོར་ལ་ཁོང་གིས། “ཧང་སང་དགོས་པ་ཞིག་ལ་ང་ཚོའི་གཞུང་གིས་ཁོ་ཚོར་རྒྱབ་སྐྱོར་བྱས་སྟབས་ང་ལ་དཀའ་ངལ་གཅིག་ཀྱང་འཕྲད་མེད་”ཅེས་བརྗོད།

སྐུ་ཞབས་ཨན་ཌི་རི་ལགས་ཀྱིས་ཁེ་ན་ཌ་རྐང་སྤོལ་ལྷན་ཚོགས་དང་རྒྱལ་སྤྱིའི་གནས་བབ་ལྡན་པའི་(B.C)རྐང་སྤོལ་ཚོགས་པ་གཉིས་ཀྱིས་བོད་ཀྱི་རྐང་སྤོལ་རུ་ཁག་བན་ཁའོ་བཱར་རྒྱལ་སྤྱིའི་རྐང་སྤོལ་དུས་སྟོན་ལ་ཞུགས་པར་བཀག་འགོག་བྱས་སྐོར་བརྗོད་དོན། ཁེ་ན་ཌའི་རྐང་སྤོལ་ཚོགས་པ་དང་བྷི་ཨེ་སི་རྐང་སྤོལ་ཚོགས་པ་གཉིས་ཀྱིས་གློ་བུར་དུ་བོད་པའི་རྐང་སྤོལ་རྩེད་མཁན་དག་གི་འགྲུལ་བཞུད་ཡིག་ཆ་དང་། རྐང་སྤོལ་དུས་སྟོན་སྒྲིག་གཞིའི་ཡིག་ཆ་འཁྱེར་ཤོག་ལབ་སྟེ། ཁོ་ཚོས་བོད་ཀྱི་རྐང་སྤོལ་རུ་ཁག་དུས་སྟོན་སྟེང་ཞུགས་པར་འགོག་རྐྱེན་བཟོས་སོང་བས། ངས་ལོ་ངོ་ ༡༣ རིང་བན་ཁའོ་བཱར་རྒྱལ་སྤྱིའི་རྐང་སྤོལ་དུས་སྟོན་གཙོ་འཛིན་བྱས་ཏེ་ཚོགས་པ་དེ་དག་དང་འབྲེལ་བ་དམ་ཟབ་ཡོད་ཀྱང་། ཐེངས་འདིར་ངས་ཁོ་ཚོ་དང་འབྲེལ་ལམ་བཅད་དེ་བོད་པའི་རྐང་སྤོལ་རུ་ཁག་གདན་འདྲེན་ཞུས་པ་ཡིན། ཞེས་སོགས་བརྗོད་ཡོད།

ཕྱི་ལོ་ ༡༩༥༡ ལོ་ནས་རྒྱ་ནག་བཅིངས་བགྲོལ་དམག་མིས་བོད་བཙན་བཟུང་བྱས་ཏེ། བོད་ནི་ཁ་འབྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་དབུ་ཁྲིད་༧ཏཱ་ལའི་བླ་མ་མཆོག་ཀྱང་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་དང་། དུས་དེ་ནས་བཟུང་བོད་པ་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་གི་བོད་ནང་དམ་དྲག་དང་གཉའ་གནོད་བྱེད་བཞིན་པར་གཡོལ་ཏེ་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་བཞིན་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༧/༡༡

Leave a Reply

5 thoughts on “བོད་པའི་བུད་མེད་རྐང་སྤོལ་རུ་ཁག་ཐེངས་དང་པོར་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཐོན།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྩེད་མགྲན་ནང་ཡོད་པའི་བོད་པའི་བུ་མོ་ཚོར་རྒྱལ་ཁ་ཐོབ་མིན་ལ་མ་ལྟོས་པར་བཀྲིས་བདེ་ལེགས་ཞུ་གི་ཡོད་།
    བོད་མི་རིགས་དང་འབྲེལ་བ་ཡོད་པའི་ལས་དོན་ག་འདྲ་ཞིག་ཡིན་ཀྱང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ལེན་ཆོག་མཆན་རྒྱུད་ནས་འགྲོ་དགོས་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱིས་ཡུལ་མིའི་ལས་འགན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།

  2. འདམ་སྐྱེས།

    ད་ལམ་བོད་པའི་ན་གཞོན་མ་རྐང་རྩེད་སྤོ་ལུའི་རུ་ཁག་ནས་རྒྱལ་སྤྱིའི་རྐང་སྤོལ་རུ་ཁག་ནང་ཐེང་དང་པོར་ཞུགས་ཐུབ་པ་དང་ཆེས་བསྔགས་འོས་ཀྱི་གནས་སུ་གྱུར་འདུག་པར་དགའ་བསུ་དང་ལེགས་བརྗོད་ཡོད། འདི་ནི་གཞུང་འབྲེལ་དང་དེ་མིན་སུ་ཞིག་ཡིན་ཀྱང་དགའ་བསུ་ཞུ་དགོས་པ་ནི་བོད་མི་ཡོངས་ཀྱི་ལས་འགན་དུ་མཐོང་།

  3. རང་བཙན་བུ།

    ད་ཡིན་ན་སུས་འཇོན་ནའི་དེ་ལ་རྒྱབ་སྐྱོར་བྱེད་རྐྱང་ཡིན། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཟེར་བ་དེ་རྡ་སའི་ནང་བོད་སྐད་ཡིག་གཏོར་བཤིགས་གཏོང་མཁན་ཚོགས་པ་གསུམ་བཞི་ཞིག་ཡོད་པ་ནས་གཅིག་རེད།

  4. ཞལ་འདེབས་སློང་བ་དང་སྦྱིན་བདག་མང་པོའི་དངུལ་ཟོས་ནས་སྡོད་པ་ལས་ནུས་པ་དང་འཇོན་ཐང་གང་ཡང་མེད་པའི་ཉེར་ལེན་ལ་བརྟེན་ཏེ་གནས་སྟངས་འདི་བྱུང་བ་རེད། ཨ་རིའི་སྐུལ་ལྕམ་ཁེ་སི་མཆོག་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད། མོ་རང་གི་འོག་གི་བོད་པའི་བུ་མོ་རྣམས་ལའང་བསྔགས་བརྗོད་ཡོད།

  5. ཉི་མ་ཚེ་རིང་།

    བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཟེར་བ་དེས་ཁེ་བཟང་ཟོས་ནས་སྡོད་པ་ལས་ཅི་གང་འཇོན་གྱི་མི་འདུག དེས་བས་ཕྱི་རྒྱལ་སྐྱེས་དམན་ཅིག་གིས་སྣེ་འཁྲིད་དེ་བོད་པའི་བུད་མེད་ཚོ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་འགྲོ་ཐུབ་ན་ཡག་ཤོས་རེད། རྒྱལ་ཡུམ་ཆེ་མོའི་སིལ་སྤོ་གོ་སྒྲིག་གནང་མཁན་སྐལ་བཟང་ཕུན་ཚོགས་ཟེར་བ་དེས་ཅི་གང་མ་འཇོན་སྟབས་གནས་སྟངས་འདིར་བསྐྱལ་བ་རེད། བོད་མིའི་སྒྲིག་འཛུགས་ཀྱང་རྩེད་རིགས་ཚོགས་པའི་ཁ་རྗེས་འབྲང་སྟེ་སྦམ་མདོག་ནས་ཕྱི་རྒྱལ་བ་དེའི་སྤོ་ལོ་རུ་ཁག་ལ་ངོས་ལེན་མེད་མདོག་མདོག་བཤད་པ་རེད། ནུས་པ་ཡོད་ན་སོ་སོས་བདག་པོ་ཡག་པོ་རྒྱག་དགོས་པ་རེད། རྒྱལ་སྤྱིའི་སྡིངས་ཆའི་སྟེང་ལ་བོད་པའི་བུད་མེད་ཚོ་སྐྱེལ་དགོས་པ་རེད། ག་རེ་བྱས་ནས་མ་འཁྲིད་པ་རེད།