རྒྱ་ནག་གི་ནོ་བྷེལ་གཟེངས་རྟཊ་བཞེས་མཁན་ལིའུ་ཞའོ་པོ་སྐྲན་ནད་ཀྱིས་གྲོངས།

ཏིང་ཧྲི་(Ting Shi)ཡིས་བྲིས།
སྐལ་ལྡན་གྱིས་བསྒྱུར།

རྩོམ་པ་པོ་ཁོང་ནི་རྒྱ་ནག་གི་གྲགས་ཅན་ཆབ་སྲིད་བཙོན་པ་ཞིག་ཡིན། ཁོང་གིས་ཐད་ཀའི་འོས་བསྡུ་དང་འདུ་འཛོམས་ཀྱི་རང་དབང་ཆེད་འབོད་སྒྲ་བསྒྲགས་ཡོད།

ཕྱི་ལོ་ ༢༠༡༠ ལོར་ཨོ་སི་ལོ་ནོ་བྷེལ་ཞི་བདེའི་ལྟེ་གནས་ཀྱི་འགྲེམས་སྟོན་ཁང་གི་སྐུ་ཞབས་ལིའུ་ཞའོ་པོ་ཡི་སྐུ་པར།

ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་རིགས་སྐུ་ཞབས་ལིའུ་ཞའོ་པོ་ཡིས་ཚོགས་པ་གཅིག་གི་ལམ་ལུགས་རྩ་མེད་བཟོ་དགོས་པའི་ཞུ་གཏུགས་བྱས་པར་བརྟེན་བཙོན་འཇུག་ཁྲིམས་ཆད་ཕོག་པ་དང་། རྒྱལ་སྤྱིས་ཁོང་གི་སྐྲན་ནད་ཀྱི་ནད་གཞི་བཅོས་པར་ཡུལ་གྲུ་གཞན་དུ་གཏོང་དགོས་པའི་རེ་འབོད་ཇི་ཙམ་བྱས་ཀྱང་གྲུབ་འབྲས་མ་ཐོན་པར་མཐར་འདས་གྲོངས་ཕྱིན་པ་རེད།

དགུང་ལོ་རེ་གཅིག་ཐོག་སྐུ་གཤེགས་ཤིང་དེ་སྔོན་མཐོ་རིམ་སློབ་གྲྭའི་སློབ་དཔོན་ཁོང་། ཟླ་སྔོན་མར་སྙུང་གཞི་ཇེ་སྡུག་ཏུ་ཕྱིན་པར་བརྟེན། དབང་འཛིན་པས་རྒྱ་ནག་གི་སྨན་ཁང་ལེགས་ཤོས་བྱང་ཤར་ཧྲན་ཡང་གྲོང་ཁྱེར་གྱི་སྨན་ཁང་དུ་གནས་སྤོ་བྱས་པ་རེད། ཁོང་ནི་ཕྱི་ལོ་ ༡༩༣༨ ལོར་ཇར་མན་ནཱ་ཛིའི་སྲིད་གཞུང་ལ་ངོ་རྒོལ་བ་སྐུ་ཞབས་ཀལ་འོན་ཨོ་སི་ཀིའི་(Carl von Ossietzky)རྗེས། བཙོན་ཁང་དུ་སྐུ་གཤེགས་པའི་ནོ་བྷེལ་གཟེངས་རྟགས་བཞེས་མཁན་དང་པོ་དེ་ཆགས་པ་རེད།

གཟའ་ཕུར་བུའི་དགོང་དྲོར་ཧྲན་ཡང་ཁྲིམས་ཁང་གི་དྲ་ཐོག་ཏུ་ལིའུ་ཞའོ་པོ་ཡི་སྐུ་གཟུགས་ཀྱི་དབང་པོའི་མ་ལག་དུ་མ་ཉམས་རྒུད་ཀྱིས་འདས་གྲོངས་སུ་གྱུར་ཚུལ་བཀོད་ཡོད།

ཕྱི་ལོ་ ༢༠༡༠ ལོར་སྐུ་ཞབས་ལིའུ་ལགས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་ནས་བཟུང་། ཁོང་རྒྱ་ནག་གི་སྙན་གྲགས་ཆེ་ཤོས་ཀྱི་ཆབ་སྲིད་བཙོན་པར་གྱུར་བར་བརྟེན། རྒྱ་ནག་སྲིད་གཞུང་ཁོང་ཁྲོའི་མེ་ལྕེ་འབར་བ་མ་ཟད། རྒྱལ་སྤྱིས་ཁོང་ཀློད་གྲོལ་གཏོང་དགོས་པའི་འབོད་སྒྲ་སྣ་ཚོགས་བསྒྲགས་ཡོད།

ནོར་བྷེལ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ཀྱི་དྲ་ཚིགས་ཐོག་ཚོགས་གཙོ་ལྕམ་ཨན་ཌར་སན་(Berit Reiss-Andersen)གྱིས་གཟའ་ཕུར་བུའི་ཉིན། “ང་ཚོས་ལིའུ་ཞའོ་པོ་རང་དབང་དང་དམངས་གཙོ། ཆེས་བདེ་སྐྱིད་ལྡན་པའི་འཛམ་གླིང་སྐྲུན་ཕྱིར་འཐབ་རྩོད་བྱེད་པོ་ཡོངས་ཀྱི་གལ་ཆེའི་དན་རྟགས་སུ་གྱུར་བའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་།”ཅེས་དང་། “ཁོང་ལ་དགོས་ངེས་ཀྱི་སྨན་བཅོས་མཐུན་རྐྱེན་མ་སྦྱར་བར། དུས་མིན་རྐྱེན་འདས་སུ་ཕྱིན་པར་རྒྱ་ནག་གཞུང་ལ་འགན་འཁྲི་ཆེན་པོ་ཡོད།”ཅེས་བཀོད་ཡོད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་རག་སེ་ཊི་ལར་སན་(Rex Tillerson)གྱིས་གཏམ་བཤད་ཅིག་སྤེལ་བའི་ནང་ “ལིའུ་ཡིས་སྐུ་ཚེ་ཧྲིལ་པོ་སྐུ་ཉིད་ཀྱི་རྒྱལ་ཁབ་དང་འགྲོ་བ་མིའི་ཆེད་གཏོང་གནང་མཛད་ཡོད་པ་མ་ཟད། རྒྱ་ནག་ཏུ་ཞི་བའི་ཐོག་དམངས་གཙོའི་ལམ་ལུགས་དར་སྤེལ་གཏོང་ཕྱིར་ཡུན་རིང་བཙོན་ཁང་དུ་བཞུགས་རིང་སྐུ་གཤེགས་པ་རེད།” ཅེས་བརྗོད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕིས་གཟའ་ཕུར་བུའི་ཉིན་ཕེ་རི་སིར་གསར་འགོད་ལྷན་ཚོགས་སྐབས་སྐུ་ཞབས་ལིའུ་ཡི་འདས་རྐྱེན་སྐོར་གང་ཡང་གསུངས་མེད། སྐབས་དེར་ཁོང་གིས་སྲིད་འཛིན་ཞི་ཅིན་ཕིན་ནི་རང་ཉིད་ཀྱི་གྲོགས་པོ་ཞིག་དང་མི་བཟང་པོ་ཞིག་ཡིན་སྐོར་བརྗོད་ཡོད། མི་རིང་བར་ཕོ་བྲང་དཀར་པོས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། སྐུ་ཞབས་ལིའུ་ཞའོ་པོ་ཡི་འདས་རྐྱེན་དེས་སྲིད་འཛིན་ཊི་རུམ་ཕི་ལ་ཐུགས་ཕམ་ཚད་མེད་བྱུང་བ་དང་། ཁོང་ནི་དཔའ་ངར་ཞུམ་མེད་ཀྱི་ཁྲིམས་རྩོད་པ་ཞིག་རེད་ཅེས་བརྗོད་ཡོད་པ་རེད།

དམངས་གཙོའི་ཆེད་འཐབ་རྩོད།

ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་ནི། ཕྱི་ལོ་ ༡༩༨༩ གནམ་བདེ་སྒོ་མོ་ཆེའི་རྔམ་སྟོན་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་བ་ནས་བཟུང་། དུས་ཡུན་རིང་བོའི་བཙོན་འཇུག་རིམ་པ་གསུམ་བྱས་པའི་མཐར། རྒྱལ་སྤྱིར་ངོས་འཛིན་ཐོབ་པ་གཅིག་པོ་དེ་ཁོ་ན་ཡིན།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ས་ལིལ་ཤེ་ཊི་(Salil Shetty)ཡིས། “ཁོ་ཚོས་ཡང་ནས་ཡང་དུ་ཁོང་ཞལ་གྲག་ཏུ་མི་བཅུག་རུང་། ཡང་ནས་ཡང་དུ་ཁོ་ཚོ་ཕམ་ཡོད།”ཅེས་དང་། “ཁོང་ནི་རླབས་ཆེན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཞིག་ཡིན། ལོ་ངོ་མང་པོར་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་ཡང་། བློ་བརྟན་འགྱུར་མེད་ཀྱིས་དྲང་བདེན་འཐབ་རྩོད་རྒྱུན་མི་ཆད་པ་གནང་ཡོད།” ཅེས་བརྗོད།

ཁོང་གི་ཚེ་གང་གཏན་གྲོགས་སྙན་ངག་པ་ལིའུ་ཞཱ་ལགས། སྲིད་གཞུང་མགོ་རྟིང་སློག་པའི་ངན་སྐུལ་བྱས་པའི་ཉེས་མིང་འོག པེ་ཅིན་གཟིམ་ཤག་ཏུ་ཕྱི་ལོ་ ༢༠༠༩ ལོ་ནས་བཀག་ཉར་བྱས་ཡོད། སྐུ་ཞབས་ཊི་ལར་སན་(Tillerson)གྱིས་ལིའུ་ཞཱ་གང་མགྱོགས་ཀློད་གྲོལ་བཏང་སྟེ་ཡུལ་གྲུ་གཞན་དུ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།

སྐུ་ཞབས་ལིའུ་ཞའོ་པོ་ལ་ལོ་ངོ་བཅུ་གཅིག་གི་ཁྲིམས་ཆད་ཕོག་པའི་རྒྱུ་རྐྱེན་ནི། རྒྱལ་ཁབ་ཏུ་ཐད་ཀའི་འོས་བསྡུ་དང་འདུ་འཛོམས་ཀྱི་རང་དབང་དགོས་པའི་ཆབ་སྲིད་བསྒྲགས་གཏམ་༼   ༢༠༠༨ ལོའི་རྩ་འཛིན།  ༽  ཞེས་པ་ལྷན་རྩོམ་(co-authored)ཞུ་འབོད་བྱས་པས་ཡིན། རྩ་འཛིན་ཡིག་ཆ་དེར་ཤེས་ཡོན་ཅན་དང་ཁྲིམས་རྩོད་པ། ལས་འགུལ་བ་སོགས་ཁྱོན་མི་སྣ་ ༣༠༠ ལྷག་གིས་མཚན་རྟགས་བཀོད་ཡོད་པ་མ་ཟད། དབང་འཛིན་པས་བཀག་སྡོམ་མ་བྱས་གོང་གི་དུས་ཐུང་རིང་རྒྱ་ནག་གི་དྲ་ལམ་ཁག་ཏུ་དར་ཁྱབ་ཆེན་པོ་བྱུང་ཡོད།

སྐུ་ཞབས་ལིའུ་ཞའོ་པོ་ཡི་ཞབས་སྟེགས་སྟོང་པར་ནོ་བྷེལ་གཟེངས་རྟགས་ཕུལ་བའི་རྣམ་པ།

ཕྱི་ལོ་ ༢༠༠༩ ལོར་ཁྲིམས་སའི་ཞིབ་དཔྱོད་སྐབས་སྐུ་ཞབས་ལིའུ་ཡིས། “ངས་རང་ཉིད་རྒྱ་ནག་སྲིད་གཞུང་གིས་ཡིག་ཐོག་ཞུ་འབོད་ལ་རྫོགས་མཐའ་མེད་པའི་ཞིབ་དཔྱོད་བྱ་ཡུལ་མཐའ་མ་དེར་གྱུར་བའི་རེ་བ་བྱེད་ཀྱི་ཡོད། དུས་འདི་ནས་བཟུང་སྨྲ་བརྗོད་ཀྱི་ནག་ཉེས་འཛུགས་ཡུལ་དུ་གྱུར་བའི་མི་ཞིག་ནམ་ཡང་ཡོང་ངེས་མིན།”ཞེས་བརྗོད་ཡོད། ནོར་ཝེ་ནོ་བྷེལ་ལྷན་ཚོགས་ཀྱིས་གཟེངས་རྟགས་བསྩལ་སྐབས། “སྐུ་ཞབས་ལིའུ་ཡིས་རྒྱ་ནག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཆེད། ངང་རྒྱུད་རིང་ལ་འཚེ་མེད་ཞི་བའི་འཐབ་རྩོད་ཁོ་ནར་བསྟེན་པས་གཟེངས་རྟགས་འབུལ་ལམ་ཞུས་ཡོད།”ཅེས་བརྗོད།

དེའི་ལན་དུ་རྒྱ་གཞུང་གིས་ནོར་ཝེ་གཞུང་དང་ཚོང་འབྲེལ་བཅད་པ་མ་ཟད། མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་དེར་ནོར་ཝེ་ཡི་ཐོན་ཁུངས་བཟང་ཤོས་ཀྱི་ཉ་སལ་མོན་(salmon)ཕྱིར་ཚོང་བཀག་འགོག་བྱས་པ་རེད། སྔ་ལོ་རྒྱལ་ཁབ་གཉིས་ཀྱི་བར་སླར་འབྲེལ་བ་འཛུགས་ཐུབ་ཙམ་བྱུང་ཡོད།

རྒྱ་ནག་གཞུང་གིས་ཆབ་སྲིད་ཕྱོགས་འགལ་བར་དྲག་གནོན་མུ་འཐུད་བྱེད་བཞིན་པ་རེད། སྲིད་འཛིན་ཞི་ཅིན་ཕིན་གྱིས་ཀྱང་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་། སྙན་གྲགས་ཅན་གྱི་དྲ་རྒྱའི་གཏམ་ཚིག་སྤེལ་མཁན་རྣམས་ལ་དྲག་གནོན་བྱེད་མུས་ཡིན། ཨ་རིའི་རྒྱ་ནག་ཁྲིམས་ལུགས་རྟོག་ཞིབ་ཁང་གིས་སྔ་ལོའི་ཕྱི་ཟླ་ ༡༠ བར་ཆོས་ལུགས་དང་ཆབ་སྲིད་ཀྱི་ཕྱོགས་འགལ་བ་གྲངས་ ༡༤༣༣ ཙམ་བཙོན་འཇུག་བྱས་ཡོད་པ་དང་། མང་པོ་ཞིག་ཇི་བཞིན་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་ཚུལ་བརྗོད་ཡོད།

ཟླ་སྔོན་མར་སྐུ་ཞབས་ལིའུ་ལགས་སྐྲན་ནད་ཀྱི་ནད་གཞི་ལྕི་མོས་མནར་བར་བརྟེན། ལིའོ་ཉིང་(Liaoning)ཞིང་ཆེན་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་བཏང་བ་རེད། འཇར་མན་སྲིད་འཛིན་དང་ཨ་རིའི་གཞུང་ཚབ་སོགས་རྒྱལ་སྤྱིས་ཁོང་ལ་ཡུལ་གྲུ་གཞན་དུ་སྨན་བཅོས་བྱེད་པར་གཏོང་དགོས་པའི་རེ་འདུན་བྱས་ཀྱང་། རྒྱ་ནག་གཞུང་གིས་གནད་དོན་དེ་རྒྱལ་ནང་གི་གནད་དོན་ཞིག་ཡིན་སྐོར་གྱིས་ཁ་ཡ་བྱས་མེད།

སྐུ་ཞབས་ལིའུ་ཡི་སྨན་པ་ཚོས་གསར་འགོད་ལྷན་ཚོགས་ཐོག་ཁོང་ཞི་བདེ་བག་ཕེབས་ངང་གྲོངས་ཚུལ་དང་། ཁོང་གི་ནང་མི་རྣམས་སྨན་བཅོས་མཐུན་འགྱུར་ལ་དགའ་པོ་བྱུང་ཚུལ་བཤད་ཡོད། སྨན་ཁང་དེས་ཕྱི་ཟླ་ ༥ ཚེས་ ༣༠ ཉིན་ཁོང་ལ་བརྟག་དཔྱད་བྱེད་སྐབས། ཁོང་གི་མཆིན་པར་དོགས་གཞི་ཅན་གྱི་ནད་རྟགས་ཡོད་ཚུལ་དང་། སྐྲན་ནད་ཀྱི་ནད་གཞི་བཅོས་ཐབས་བྲལ་བའི་ཚད་ལ་སླེབས་ཚུལ་བརྗོད་ཡོད།

སྨན་བཅོས་ལྟ་རྟོག་འོག་གི་སྐུ་ཞབས་ལིའུ་ཞའོ་པོ་ལགས།

སྐུ་ཞབས་ལིའུ་ཡི་ཚེ་སྟོད།

སྐུ་ཞབས་ལིའུ་ཞའོ་པོ་ལགས་ཇི་ལིན་(Jilin)ཞིང་ཆེན་ཁྲང་ཁྲུང་(Changchun city)གྲོང་ཁྱེར་དུ་ཕྱི་ལོ་ ༡༩༥༥ ཟླ་ ༡༢ ཚེས་ ༢༨ ཉིན་འཁྲུངས། མའོ་ཙེ་དུང་གི་རིག་གསར་དུས་ཟིང་གི་རྗེས། ཁོང་རྒྱའི་རྩོམ་རིག་སློབ་དཔོན་དུ་གྱུར་བ་དང་། ཀོ་ལོམ་བྷི་ཡ་མཐོ་སློབ་ཀྱི་གདན་ཞུའི་སློབ་གཉེར་བ་ཡང་གནང་ཡོད།

ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་ཏུ་ལོག་སྟེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གི་རྔམ་སྟོན་ངོ་རྒོལ་ནང་མཉམ་ཞུགས་གནང་། ཟླ་བ་ ༢༡ རིང་ཁྲིམས་ཐག་མ་བཅད་པར་གསར་རྗེར་ངོ་རྒོལ་བའི་ཉེས་མིང་འོག་ཉེན་རྟོག་པའི་དོ་དམ་འོག་བཞག་པ་དང་། ཕྱི་ལོ་ ༡༩༩༦ ལོར་ངལ་རྩོལ་ར་བར་བཏང་། ལོ་དེར་ལྕམ་ལིའུ་ཞཱ་དང་གཉེན་སྒྲིག་གནང་བ་རེད།

ཟླ་སྔོན་མར་འཛམ་གླིང་ཞི་བདེའི་དེད་དཔོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས། “སྐུ་ཞབས་ལིའུ་ཞའོ་པོ་ནི་རྒྱ་ནག་གི་རྣམ་དཔྱོད་ལྡན་པའི་གྲགས་ཅན་བཙོན་པ་ཞིག་ཡིན།” “ངོས་མི་སྒེར་ལ་ཡང་སྐུ་ཞབས་ལིའུ་ཞའོ་པོ་ཡིས་རྒྱ་མི་ཤེས་ཡོན་ཅན་དང་དོ་ཁུར་ཅན་བརྒྱ་ཕྲག་མང་པོར་དམངས་གཙོ་དང་། རང་དབང་། ཁྲིམས་ཀྱི་དབང་སྒྱུར་བཅས་འགྲུབ་པར་ ༼   ༢༠༠༨ ལོའི་རྩ་འཛིན།   ༽  ཞེས་པར་མཚན་རྟགས་འགོད་པའི་ཤུགས་རྐྱེན་སྤྲད་གནང་བར་སེམས་འགུལ་དང་བློ་སྟོབས་འཕེལ་བྱུང་།” ཞེས་གསུངས།

མ་ཡིག་འབྲེལ་ཐག https://www.bloomberg.com/news/articles/2017-07-13/china-s-jailed-nobel-peace-prize-winner-liu-dies-from-cancer

བསྐྱར་བཅོས།: ༢༠༡༧/༠༧/༡༥

Leave a Reply

3 thoughts on “རྒྱ་ནག་གི་ནོ་བྷེལ་གཟེངས་རྟཊ་བཞེས་མཁན་ལིའུ་ཞའོ་པོ་སྐྲན་ནད་ཀྱིས་གྲོངས།

  1. གཞུང་པ་ཚེ་དབང་བསོད་ནམས་

    སྐྱེས་མཐའ་འཆི་བ་ཆོས་ཉིད་རེད་།
    བསགས་མཐའ་རྫོགས་པ་ཆོས་ཉིད་རེད་།
    འདུས་མཐའ་བྲལ་བ་ཆོས་ཉིད་རེད་།
    ཡོད་མཐའ་མེད་པ་ཆོས་ཉིད་རེད་།
    སྐྱེས་ལུགས་གཅིག་ལ་ཤི་ལུགས་བརྒྱ་།
    བསགས་ལུགས་བརྒྱ་ལ་རྫོགས་ལུགས་གཅིག་།ཧཧཧཧཧ