ཞི་ཅིན་ཕིན་ཚང་གི་གསང་རྒྱ་དམ་པའི་སྲས་མོ།

སྲིད་འཛིན་ཞི་ཅིན་ཕིན་གྱི་སྲས་མོ་གཅིག་པུ་ཞི་མིན་ཙེ་ཡི་བྱད་དབྱིབས་མོ་རང་གི་ཕ་རྒན་དང་འདྲ་བོ་ཡོད་ལབ་ཀྱི་འདུག་ཀྱང་དོན་ངོ་མ་ག་འདྲ་ཞིག་ཡོད་པ་རེད།

ལོ་ཤས་གོང་དུ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཧཱ་ཝར་ཌི་གཙུག་ལག་སློབ་ཆེན་དུ་ཡོད་པའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་གཅེས་ནོར་གཅིག་པུ་སྲས་མོ་ཞི་མིན་ཙེ་(习明泽)ཡིས་ཕ་མ་གཉིས་ལ་ཡི་གེ་ཞིག་བསྐུར་ཏེ། ཨ་རིའི་སློབ་སྦྱོང་གི་ཁོར་ཡུག་དང་རང་དབང་གི་འཚོ་བས་མོའི་ཡིད་སེམས་བཀུག་ཏེ་རྒྱ་ནག་ནང་ཕྱིར་ལོག་འདོད་མེད་ལུགས་བརྗོད་ཡོད་སྐོར་དང་། ཡང་ཉིན་ཤས་སྔོན་ཞི་ཅིན་ཕིན་གྱི་བུ་མོས་(བོད་ལ་འགྲོ)ཞེས་པའི་གླུ་གཞས་ལེན་གྱི་འདུག་ཅེས་རྒྱ་སྐད་ཀྱི་གླུ་གཞས་བརྙན་ཐུང་ཞིག་ངོ་དེབ་སོགས་ཏུ་བཀྲམས་སོང་། བརྙན་ཐུང་དེའི་ནང་རྒྱ་མོ་གཞོན་ནུ་མ་ཞིག་གིས། ཕྱི་ལོ་ ༢༠༠༩ ལོར་ནང་སོག་གི་གཞས་མ་གྲགས་ཅན་ཝུ་ལན་ཐོ་ཡ་(乌兰托娅)ལགས་ཀྱིས་བླངས་བའི་(我要去西藏)ཞེས་པའི་གླུ་གཞས་དེའི་གདངས་ཚིག་གཉིས་ལ་འགྱུར་བ་གང་ཡང་མ་བཏང་བར་ལེན་གྱི་འདུག

རྒྱ་ནག་གཞུང་ཕྱོགས་ནས་ཞི་ཅིན་ཕིན་གྱི་བུ་མོ་ཞི་མིན་ཙེ་ཡི་བྱིས་དུས་ཀྱི་འདྲ་པར་འགའ་མ་གཏོགས་ཉེ་དུས་ཀྱི་འདྲ་པར་བརྒྱུད་ལམ་དུ་ཁྱོན་ནས་བཀོད་མྱོང་མེད་པ་མ་ཟད། མོའི་འགྲོ་འདུག་སྤྱོད་གསུམ་ལ་ཧ་ཅང་གསང་རྒྱ་དམ་པོ་བྱེད་བཞིན་ཡོད་པ་རེད། མོ་ཨ་རིའི་ཧཱ་ཝར་ཌི་གཙུག་ལག་སློབ་ཆེན་དུ་ཡོད་སྐབས་མིང་སོགས་བརྗེས་ཏེ་ཐ་ན་མོ་རང་གི་སློབ་སྟོན་དགེ་རྒན་ཀྱིས་ཀྱང་མོའི་ཐོབ་ཐང་ངོ་མ་དེ་ཤེས་ཀྱི་མེད་ལུགས་བརྗོད་ཀྱི་འདུག སྲིད་འཛིན་ཞི་ཅིན་ཕིན་དང་གཞས་མ་གྲགས་ཅན་མཛེས་མ་ཕིང་ལི་ཡན་ (彭丽媛) གཉིས་ཀྱི་གཅེས་ནོར་གཅིག་པུ་སྲས་མོ་ཞི་མིན་ཙེ་ཡི་གཟུགས་བྱད་ག་འདྲ་ཞིག་ཡིན་པ་དང་། མོ་ལ་ཤེས་འཇོན་གྱི་ཡོན་ཏན་ཅི་ཙམ་ཡོད་མེད། མོས་ད་ལྟ་ལས་ཀ་ག་རེ་བྱེད་ཀྱི་ཡོད་པ་སོགས་དོ་སྣང་ཅན་ཚོའི་སེམས་སུ་དྲི་བ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།

ཞི་ཅིན་ཕིན་གྱི་བཟའ་ཟླ་ཕིང་ལི་ཡན་གྱིས་བརྗོད་ན། ཞི་མིན་ཙེ་ཡི་གཅེས་མིང་ངམ་ཆུང་མིང་ལ་མུ་ཙི་ (木子)ཟེར་བ་དང་། ཆེ་མིང་ཞི་མིན་ཙེ་ནི་བུ་མོའི་སྤོ་ལགས་ཞི་ཀྲུང་ཞུན་(习仲勋)གྱིས་བཏགས་ཤིང་། ནང་དོན་ནི་མ་འོངས་པར་བུ་མོ་ཡ་རབས་ཚུལ་མཐུན་ཞིག་དང་། སྤྱི་ཚོགས་ལ་བེད་སྤྱོད་ཡོད་པའི་མི་ཞིག་བྱ་རྒྱུའི་རེ་སྨོན་ཡིན་ལ། དང་ཐོག་མོ་རང་གིས་བུ་ཞིག་སྐྱེས་ན་བསམ་ཡོད་ཀྱང་། ཞི་ཅིན་ཕིན་གྱིས་བུ་མོ་ཞིག་སྐྱེས་འདོད་བྱས་པ་ལྟར་ཁོའི་རེ་བ་འགྲུབ་ཡོད་པ་དང་། བུ་མོའི་སྐྱེས་གཟུགས་ཀྱང་ཞི་ཅིན་ཕིན་དང་འདྲ་པོ་ཡོད་པ་མ་ཟད། བུ་མོའི་བརྩེ་ཤོས་ཀྱང་ཞི་ཅིན་ཕིན་ཡིན་ལུགས་དང་། མོས་བུ་མོ་བདག་ཉར་བྱེད་སྐབས་ཧ་ཅང་པྲ་ཚགས་ཤིག་ཡོད་ཀྱང་། བུ་མོ་ཞི་ཅིན་ཕིན་གྱི་ཁ་ལ་ཉན་དྲགས་ཏེ་ཞི་མི་ཆུང་ཆུང་ཞིག་དང་འདྲ་བོ་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་དང་། ཨ་མ་ཕིང་ལི་ཡན་གྱིས་བཤད་པའི་ཕ་རྒན་དང་འདྲ་བའི་གཟུགས་བྱད་དེ་ནི་ཞི་མིན་ཙེ་འཚོལ་བྱེད་ཀྱི་ངོ་རྟགས་གཙོ་བོ་ཞིག་ཆགས་ཡོད་པ་རེད།

ཕྱི་ལོ་ ༢༠༡༥ ཟླ་ ༩ པའི་ནང་ཞི་ཅིན་ཕིན་ཨ་རིར་རྒྱལ་དོན་སྐོར་སྐྱོད་དུ་ཕྱིན་སྐབས། ཕྱིའི་གསར་འགྱུར་བརྒྱུད་ལམ་ནས་བུ་མོ་ཞི་མིན་ཙེ་རྒྱ་ནག་གི་སྐོར་སྐྱོད་ཚོགས་པའི་ལས་བྱེད་ཅིག་གི་ངོ་བོའི་ཐོག་ནས་ཕ་མ་གཉིས་དང་མཉམ་དུ་བསླེབས་ཡོད་པ་དང་། མོ་ཆེད་མངགས་མི་སྣས་སྲུང་སྐྱོབ་འོག་ཡོད་སྟབས། གསར་འགོད་པས་པར་རྒྱག་པ་ལའང་བཀག་འགོག་བྱས་ཡོད་སྐོར་བརྗོད་པ་དང་སྦྲགས། ཞི་མིན་ཙེ་རེད་ཅེས་གླེང་སྟེགས་ཐོག་བསྡད་ཡོད་པའི་བུ་མོ་ཞིག་གི་འདྲ་པར་གསར་ལམ་དུ་བཏང་ཡོད་ཀྱང་། དྲ་ལམ་ནས་པར་ངོས་ཀྱི་བུ་མོ་དེ་ཞི་མིན་ཙེ་མ་ཡིན་པར་སྲིད་བློན་ལི་ཁེ་ཆིང་གི་སྐད་སྒྱུར་བུ་མོ་ཡིན་ལུགས་བརྗོད་ཡོད་པ་རེད།

ད་ལྟའི་བར་གསར་འགྱུར་བརྒྱུད་ལམ་དང་མི་སྒེར་ནས་ཉུང་མཐར་བུ་མོ་མི་འདྲ་བ་ལྔ་ལྷག་གི་འདྲ་པར་ཕྱིར་བསྒྲགས་ཏེ་ཞི་ཚང་གི་སྲས་མོ་ཞི་མིན་ཙེ་ཡིན་ལུགས་བརྗོད་ཡོད་ཀྱང་། དེ་དག་ལས་ཁག་ཅིག་བུ་མོ་གཞན་ཡིན་པ་མིང་དང་བཅས་ཐོན་ཏེ་ཞི་མིན་ཙེ་མིན་པ་གསལ་པོ་ཆགས་ཡོད་པ་རེད། ཡིན་ནའང་། ཕྱི་ལོ་ ༢༠༡༥ ཟླ་ ༡༠ པའི་ནང་ཞི་ཅིན་ཕིན་གྱིས་སྣེ་འཁྲིད་པའི་རྒྱ་ནག་གི་རྒྱལ་དོན་སྐོར་སྐྱོད་ཚོགས་པ་ཞིག་ལོན་ཌོན་དུ་ཕྱིན་ཏེ། དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཛ་བྷི་ཐི་(Elizabeth)མཆོག་ལ་ཐེངས་དང་པོར་མཇལ་འཕྲད་ཞུ་སྐབས། ཞི་ཅིན་ཕིན་དང་བཟའ་ཟླ་ཕིང་ལི་ཡན་གཉིས་ཀྱི་འཁྲིས་སུ་འབྲལ་མེད་དུ་ཡོད་པའི་བུ་མོ་ཞིག་གི་འདྲ་པར་ལ་མི་མང་པོས་དོ་སྣང་བྱུང་ཡོད་པ་དང་། བུ་མོ་དེས་མོ་རང་གསར་འགོད་པའི་བརྙན་པར་ནང་ཐེབས་འགྲོ་བར་གཡོལ་གྱི་ཡོད་སྐོར་ཡང་བསྒྲགས་ཡོད། ཡང་ཁ་ཤས་ཀྱིས་བུ་མོ་དེ་སྐད་སྒྱུར་མ་ཞིག་ཡིན་སྐོར་ཡང་བཤད་ཡོད་པ་རེད།

གང་ལྟར་འདྲ་པར་ནང་གི་བུ་མོ་དེའི་གཟུགས་བྱད་ཞི་ཅིན་ཕིན་དང་འདྲ་བོ་ཡོད་པ་མ་ཟད། བུ་མོ་ཞི་མིན་ཙེ་ཡི་བྱིས་དུས་ཀྱི་བྱད་དབྱིབས་དང་ཧ་ཅང་འདྲ་ཆེ་བ་དང་། ལྷག་པར་དུ་བུ་མོ་དེའི་མགོར་བཏགས་ཡོད་པའི་མེ་ཏོག་གི་དབུ་རྒྱན་དེ་སྐོར་སྐྱོད་ཚོགས་པའི་བུ་མོ་གཞན་སུའི་མགོ་ལའང་མེད་ཅིང་། མེ་ཏོག་གི་དབུ་རྒྱན་དེ་ནི་དབྱིན་ཇིའི་རྒྱལ་གཞུང་གི་དམིགས་བསལ་གོ་ཐོབ་ཀྱི་མཚོན་རྟགས་ཤིག་ཡིན་སྟབས། བུ་མོ་དཀྱུས་མ་ཞིག་གམ་སྐད་སྒྱུར་བ་ཞིག་ལ་མེ་ཏོག་གི་དབུ་རྒྱན་དེ་འདོགས་མི་སྲིད་སྟབས། སྐོར་སྐྱོད་ཚོགས་པའི་ནང་ཡོད་པའི་བུ་མོ་དེ་ནི་ཞི་ཅིན་ཕིན་གྱི་གཅེས་ནོར་གཅིག་པུ་སྲས་མོ་ཞི་མིན་ཙེ་ཡིན་ལུགས་བརྗོད་ཡོད་པ་རེད། གཟུགས་པོ་ཐུང་ཞིང་ཤ་རྒྱགས་པའི་བུ་མོ་དཀྱུས་མ་དེ་དྲ་ལམ་དུ་ཁྱབ་རྗེས། ཞི་ཚང་གི་སྲས་མོ་དང་པོ་ཞི་མིན་ཙེ་མ་གཞི་འདི་འདྲ་ཞིག་ཡིན་འདུག་ཅེས་བློ་ཕམ་བྱེད་མཁན་ཡང་བྱུང་ཡོད་འདུག

བུ་མོ་ཞི་མིན་ཙེ་ད་ལྟ་རང་ལོ་ ༢༥ ཡིན་ཞིང་། ཕྱི་ལོ་ ༢༠༠༢ ནས་ ༢༠༠༧ བར་ཞི་ཅིན་ཕིན་ཀྲི་ཅང་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཡིན་སྐབས། ཞི་མིན་ཙེ་ཡིས་ཧང་ཀྲུའུ་ཕྱི་སྐད་སློབ་གྲྭ་རུ་སློབ་སྦྱོང་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་ཀྲི་ཅང་སློབ་ཆེན་ཕྱི་སྐད་སློབ་གླིང་དུ་འཛུལ་ཞུགས་ཡོད་པ་རེད། ཕྱི་ལོ་ ༢༠༡༠ ལོར་ཨ་རིའི་སྙན་གྲགས་ཅན་གྱི་ཧཱ་ཝར་ཌི་གཙུག་ལག་མཐོ་སློབ་ཏུ་ཞུགས་ཏེ། ཕྱི་ལོ་ ༢༠༡༤ ལོར་སློབ་མཐར་ཕྱིན་ནས་ཕྱིར་རྒྱ་ནག་ཏུ་ལོག་ཡོད་པར་བཤད།

ཕྱི་ལོ་ ༢༠༡༤ ལོར་ནེའུ་ཡོག་ཡོར་ཁིར་(The New Yorker)ཞེས་པའི་དུས་དེབ་ཐོག ལོ་དེའི་ཕྱི་ཟླ་ ༥ པའི་ཉིན་ཞིག་ལ་ཞི་ཅིན་ཕིན་གྱི་སྲས་མོ་གཅིག་པུ་ཞི་མིན་ཙེ་ཧཱ་ཝར་ཌི་སློབ་ཆེན་ནས་ཁུ་སིམ་སིམ་གྱིས་མཐར་ཕྱིན་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་སྐབས་སོ་གཉིས་པ་རུ་སི་ཝིལ་ཊི་(Franklin D. Roosevelt)མཆོག་དང་། རྒྱལ་སྲིད་དྲུང་ཆེ་ཧེན་རི་ཁེ་སིན་གྷིར་(Henry Kissinger)ལགས་གཉིས་བཞུགས་མྱོང་བའི་སློབ་མའི་ཉལ་ཁང་གི་གླེང་སྟེགས་ཆུང་ཆུང་ཞིག་གི་ཐོག་ནས་མོས་ཉམ་དམའ་བོའི་ཚུལ་གྱིས་མཐར་ཕྱིན་ལག་འཁྱེར་བླངས་ཡོད་པ་དང་། མོ་རང་དང་ཐོག་སློབ་ཆེན་དེར་ཞུགས་སྐབས་ཀྱང་དེ་ལྟར་ཡིན་སྐོར་བརྗོད་ཡོད་པ་རེད།

ཧཱ་ཝར་ཌི་སློབ་ཆེན་དགེ་རྒན་ཆེན་མོ་ཌཱ་ཝེཌ་(David)ཟེར་བ་ཞིག་གིས། བུ་མོ་ཞི་མིན་ཙེ་ལ་ཉིན་རེའི་ཆུ་ཚོད་ ༢༤ རིང་རྒྱ་ནག་གི་ཆེད་མངགས་མི་སྣས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་། ཨ་རིའི་མཉམ་འབྲེལ་ཞིབ་བཤེར་ཁང་ནས་ཀྱང་མི་སྣ་ཆེད་གཏོང་གིས་ལྟ་སྲུང་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ཞི་མིན་ཙེ་ཡི་སློབ་སྦྱོང་གི་གནས་ཚད་ལེགས་པོ་ཡོད་པ་དང་། མོ་རང་རྒྱན་གོས་དཔེ་གསར་དང་དེབ་ཀློག་ལ་དགའ་བོ་ཡོད་ལ། ཧཱ་ཝར་ཌིའི་ནང་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཟུར་པ་པའོ་ཞི་ལེ་ཡི་བུ་པའོ་ཀྭ་ཀྭ་དང་། ཕྱི་འབྲེལ་ལྷན་ཁང་གི་མགོ་འཁྲིད་ཟུར་པ་ལི་ཀྲོ་ཞིན་གྱི་བུ་ལི་ཧི་ཧི། རྒྱལ་ཡོངས་མང་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཝན་ལི་ཡི་ཚ་མོ་ཝན་པོ་པོ། རྒྱལ་ཡོངས་མང་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཡེ་ཅན་ཡེན་གྱི་ཚ་མོ་ཡེ་མིན་ཙི་སོགས་དང་བསྡུར་ན། ཞི་མིན་ཙེ་ཉམ་ཆུང་ཚུལ་ལྡན་ཡིན་སྐོར་བརྗོད་ཡོད་པ་རེད།

ཞི་ཡི་བཟའ་ཟླ་ཕིང་ལི་ཡན་གྱིས་བཤད་ན། ཕྱི་ལོ་ ༢༠༠༨ ལོར་སི་ཁྲོན་ཝུན་ཁྲན་གྱི་ས་ཡོམ་གོད་ཆག་ཆེན་མོ་བྱུང་སྐབས། རང་ལོ་ ༡༦ ཡིན་པའི་བུ་མོ་ཞི་མིན་ཙེ་ཡིས་དགེ་རྒན་ལ་དགོངས་པ་ཞུས་ཏེ། རྒྱལ་ས་པེ་ཅིན་ནས་ཐད་ཀར་ཝུན་ཁྲན་རྫོང་ཧན་ཝང་གྲོང་ཚོའི་ནང་དུ་བསྐྱོད་དེ་བདུན་ཕྲག་གཅིག་རིང་མྱུར་སྐྱོབ་དང་བླངས་ཀྱི་ཞབས་ཞུ་དང་། འཇིགས་སྣང་དང་སྡུག་བསྔལ་གྱིས་གཟུར་བའི་གནོད་ཐེབས་མི་མང་ལ་བསམ་བློའི་སློབ་སྟོན་བྱས་ཡོད་སྐོར་བརྗོད་ཡོད་པ་རེད།

སྐབས་དེར་གསར་འགོད་པ་ཞིག་གིས་བུ་མོ་རང་ལོ་ ༡༦ མ་གཏོགས་སོན་མེད་པའི་བྱིས་པ་ཞིག་རེད། གནོད་ཐེབས་ས་ཁུལ་དུ་དང་བླངས་ཞབས་ཞུའི་ལས་ཀ་བྱེད་པར་ཁྱེད་རང་བློ་བདེ་ཡི་འདུག་གམ་ཞེས་དྲིས་པར་ཕིང་ལི་ཡན་གྱིས། ས་ཡོམ་ཆེན་མོས་ས་གནས་མི་མང་ལ་གནོད་སྐྱོན་དེ་འདྲ་ཆེན་པོ་ཞིག་བཟོས་ཡོད་དུས། བུ་མོ་ཡུལ་དངོས་སུ་སོང་སྟེ་ལས་ཀ་བྱེད་དགོས་ངེས་རེད། དང་བླངས་ཞབས་ཞུ་ཞུས་པའི་ཉིན་བདུན་གྱི་རིང་མོས་བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀ་བྱས་ཏེ་ཁག་པོ་བྱུང་བ་ཞིག་བཤད་ཀྱི་མི་འདུག་ལ། མོ་ལ་སྦྱོང་བརྡར་མང་པོ་ཞིག་ཐོབ་ཡོད་པ་མ་ཟད། ཤེས་བྱ་མང་པོ་ཞིག་སྦྱངས་ཐུབ་ཡོད་པ་རེད། ད་དུང་གནོད་ཐེབས་ས་གནས་ཀྱི་མི་མང་དང་མོ་རང་གི་ལོ་ཚོད་འདྲ་བ་མང་པོ་ཞིག་ལ་གྲོགས་བསྒྲིགས་ཐུབ་འདུག བུ་མོས་སི་ཁྲོན་གྱི་མི་རྣམས་ཧ་ཅང་སེམས་པ་བཟང་ཞིང་ཡིད་མི་ཞུམ་པ་ཞིག་ཏུ་མཐོང་འདུག ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༡༨

Leave a Reply

2 thoughts on “ཞི་ཅིན་ཕིན་ཚང་གི་གསང་རྒྱ་དམ་པའི་སྲས་མོ།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་གི་སྲིད་འཛིན་གྱི་བུ་མོ་་ཙམ་མ་ཟད་རྒྱལ་ཁབ་ཚང་མས་འགོ་འཁྲིད་ཚོའི་རང་གི་བུ་ཕྲུག་གི་མི་ཚེའི་མདུན་ལམ་ཆེད་འཛམ་གླིང་གི་སློབ་གྲ་ཆེ་ཁག་ནང་འགྲོ་སོང་ལ་མ་འཛེམས་པར་གཏོང་ཀྱང་བྱེད་བཞིན་པ་འདིའི་མི་མང་ཉམས་ཆུང་ཚོའི་བུ་ཕྲུག་གི་མི་ཚེའི་མདུན་ལམ་ལ་བཀག་རྡོ་ཞིག་ཡིན་པ་ལས་ཧ་ལས་ཧོན་འཐོར་དགོས་གང་ཡང་མཐོང་མ་སོང་ངོ་།