རྒྱ་ནག་གི་ཕྱུག་བདག་ཚོ་ཨ་རིར་གནས་སྤོ་བྱེད་བཞིན་འདུག

ན་ནིང་ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཕྱིན་པ་དེས་རྒྱ་ནག་གི་འབྱོར་ལྡན་པ་མང་ཞིག་ཨ་རི་དང་ཁེ་ན་ཌ་སོགས་སུ་གནས་སྤོ་བྱེད་དུ་བཅུག

ཁ་སང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་སྔ་དབྱིན་ཇིའི་རྒྱལ་ཁབ་ཀྱིས་རྒྱ་ནག་གི་ཕྱུག་བདག་མང་པོ་ཞིག་གི་ཡིད་དབང་ཕྲོགས་ཏེ། དབྱིན་ཡུལ་ནི་འཛམ་གླིང་ཐོག་རྒྱ་ནག་གི་ཕྱུག་བདག་མང་ཤོས་འཚོ་སྡོད་བྱེད་པའི་རྒྱལ་ཁབ་ཨང་དང་པོ་དེ་ཆགས་ཡོད་ཀྱང་། ད་ལྟ་རྒྱ་ནག་གི་ཕྱུག་བདག་ཚོའི་སེམས་ནང་གི་དབྱིན་ཇིའི་གོ་གནས་མར་ཟེགས་ཏེ། ཨ་རི་དང་ཁེ་ན་ཌ་གཉིས་ནི་རྒྱ་ནག་གི་ཕྱུག་བདག་མང་ཤོས་ཀྱིས་གནས་མལ་བཅའ་སའི་རྒྱལ་ཁབ་རྩེ་ཕུད་གཉིས་ཆགས་ཡོད་འདུག

རྒྱལ་སྤྱིའི་ཐོངས་མཆན་ཞབས་ཞུ་ཚན་པ་དང་འབྱོར་ལྡན་ཐོ་འགོད་བྱེད་པའི་གསར་ཁང་(Huran Report)ཞེས་པ་གཉིས་ཀྱིས་ཞིབ་འཇུག་བྱས་བ་ལྟར་ན། རྒྱ་ནག་ནང་ཨ་སྒོར་ས་ཡ་ ༡་༥ ནས་ ༣༠ བར་ཡོད་པའི་འབྱོར་ལྡན་པ་ ༣༠༤ ཡོད་པ་དང་། ཁོ་ཚོ་མང་ཆེ་བ་པེ་ཅིན་དང་ཧྲང་ཧེ། ཀོང་ཀྲུག ཧྲིན་ཀྲིན་སོགས་སུ་རྟེན་གཞི་བྱས་ཡོད་པ་དང་། འབྱོར་ལྡན་པ་དེ་དག་གིས་རྒྱ་ནག་ནང་མཁའ་རླུང་འབག་རྩོག་དང་སློབ་གསོའི་མཐུན་རྐྱེན་ཞན་པ། དེ་བཞིན། རྒྱ་སྒོར་གྱི་འཛའ་ཐང་མར་ཆགས་པ་སོགས་རྒྱུ་རྐྱེན་སྣ་མང་ལ་བརྟེན་ཏེ། ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྤོ་བྱེད་བཞིན་ཡོད་སྟབས། ད་ལྟ་ཨ་རི་ནི་རྒྱ་ནག་གི་ཕྱུག་བདག་ཚོས་ཚང་མལ་བཅའ་འདོད་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་པ་དང་། དེ་བཞིན་ཁེ་ན་ཌ་ཨང་གཉིས་པ་དང་། དབྱིན་ཡུལ་ཨང་གསུམ་པ་ཆགས་ཡོད་འདུག

འབྱོར་ལྡན་ཐོ་འགོད་བྱེད་པའི་གསར་ཁང་དེའི་ཉམས་ཞིབ་པ་གཙོ་བོ་སྐུ་ཞབས་རའོ་པཊི་ཧའོ་གྷེ་ཝར་(Rupert Hoogewerf)ལགས་ཀྱིས་ “རྒྱ་ནག་ནང་སློབ་གསོ་ཡག་པོ་མེད་པ་དང་མཁའ་དབུགས་འབག་རྩོག་ཤུགས་ཆེ་གཉིས་ནི་རྒྱ་ནག་གི་འབྱོར་ལྡན་པ་ཚོ་ཕྱི་ཕྱོགས་སུ་གནས་སྤོ་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཆགས་འདུག གལ་སྲིད་རྒྱ་ནག་གཞུང་གིས་དཀའ་ངལ་དེ་གཉིས་སེལ་ཐུབ་ཚེ། ཕྱུག་བདག་ཚོ་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྤོ་བྱེད་བཞིན་པའི་ལམ་ཁ་དེ་རང་བཞིན་གྱི་འགོག་ཐུབ་པ་ཞིག་རེད།”ཅེས་བརྗོད་ཡོད།

ད་ལྟ་དབྱིན་ཡུལ་ལས་ཁེ་ན་ཌའི་ནང་རྒྱ་ནག་གི་འབྱོར་ལྡན་པ་འཚོ་སྡོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། ཞིབ་འཇུག་སྙན་ཐོ་དེའི་ནང་རྒྱ་ནག་གི་ཕྱུག་བདག་ཚོས་ཁེ་ན་ཌ་དབྱིན་ཇི་ལས་ལྷག་གི་འདམ་ག་བྱེད་དགོས་དོན་ཞིབ་ཕྲ་འཁོད་མེད་པ་དང་། ཨ་རིའི་གྲོང་ཁྱེར་ལོ་སི་ཨན་ཇིལ་སི་(Los Angeles)ནི་རྒྱ་ནག་གི་འབྱོར་ལྡན་པ་ཚོས་དགའ་མོས་བྱེད་ཡུལ་ཆེ་ཤོས་ཨང་དང་པོ་དང་། སི་ཡ་ཊལ་(Seattle)ནི་ཨང་གཉིས་པ། དེ་ནས་སན་ཧྥི་རན་སི་ཁའོ་(San Francisco)དང་ནེའུ་ཡོག་སོགས་ཆགས་ཡོད་འདུག ད་ལྟ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནི་རྒྱ་ནག་གི་ཕྱུག་བདག་ཚོས་དགའ་མོས་བྱེད་ཡུལ་ཨང་ ༡༤ པ་སྟེ་ཆགས་ཡོད་འདུག

ན་ནིང་ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཆེན་པོ་ཕྱིན་པ་དེས། རྒྱ་ནག་གི་འབྱོར་ལྡན་པ་མང་པོ་ཞིག་གི་སེམས་ནང་རྒྱ་ནག་གི་དཔལ་འབྱོར་བརྟན་རླིང་ཡོད་མེད་གསལ་ལྷང་ངེར་ཆགས་ཡོད་པ་མ་ཟད། སྐབས་དེར་རྒྱ་སྒོར་གྱི་འཛའ་ཐང་མར་ཆགས་པ་དེས་རྒྱ་ནག་གི་འབྱོར་ལྡན་པའི་བརྒྱ་ཆ་ ༨༤ ལ་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྤོ་བྱེད་དུ་བཅུག་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༧/༡༩

Leave a Reply

One thought on “རྒྱ་ནག་གི་ཕྱུག་བདག་ཚོ་ཨ་རིར་གནས་སྤོ་བྱེད་བཞིན་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་གི་འབྱོར་ལྡན་ཚོ་ཨ་རི་དང་ཁེ་ན་ཌ་དབྱིན་ལན་ཕ་རན་སི་སོགས་ལ་སྤྲོོོཽོོ་སྐྱིད་ཆེད་འགྲོ་བཞིན་པ་དང་བོད་མི་ཚོ་ཨ་རི་དང་ཁེ་ན་ཌ་དབྱིན་ལན་ཕ་རན་སི་སོགས་ལ་གཡོག་པོ་རྒྱུགས་དུ་འགྲོ་བཞིན་པ་དོན་དངོས་རྒྱ་མི་དང་བོད་མི་ཚོ་འགྲོ་ས་དང་སླེབ་ས་གཅིག་པ་ཡིན་ས་རེད་འདུག་ག་ཧཧཧ