སྲིད་འཛིན་ཊི་རུམ་ཕིས་བཤད་པའི་ཧ་ལས་དགོས་པའི་གནད་དོན་བཅུ།

ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་སྲིད་འཛིན་ཊི་རིམ་ཕི་ལ་བཅར་འདྲི་རིང་པོ་ཞིག་བྱས་སྐབས། ཊི་རུམ་ཕིས་ཨ་རིའི་ད་ལྟའི་ཁྲིམས་རྩོད་པ་ཆེ་བ་སྐུ་ཞབས་(Jeff Sessions)ལགས་སུ་སྐྱོན་བརྗོད་དང་། དེ་མིན་གྱི་གནད་དོན་མང་པོ་ཞིག་གི་སྐོར་ལ་སྐད་ཆ་ཡོད་པ་ལས་རྒྱུན་ལྡན་མ་ཡིན་པའི་གནད་དོན་ ༡༠ ཟུར་འདོན་ཞུས། བྷི་བྷི་སི་གསར་ཁང་གིས་ ༢༠༡༧།༧།༢༡ ཉིན་སྤེལ།

(༡) མི་རིང་བར་ཝ་ཤིན་ཊོན་གྲོང་ཁྱེར་དུ་དམག་གི་བགྲེམ་སྟོན་ཞིག་བྱ་འཆར་ཡོད།

ཁོས་ “ཉེ་སྔོན་ཧྥ་རན་སའི་རྒྱ་སྟོན་ཉིན་མོའི་དམག་གི་བགྲེམ་སྟོན་དེ་ནི་ངས་ད་བར་མཐོང་བའི་ཆེས་ཡིད་དུ་འོང་པའི་དམག་རྩེད་དེ་ཡིན། དངོས་གནས་བཤད་ན། ཉིན་ཞིག་ང་ཚོས་ཀྱང་ཝ་ཤིན་ཊོན་གྱི་(Pennsylvania Ave)གྲོང་ཁྱེར་ནང་དམག་གི་བགྲེམ་སྟོན་ཞིག་བྱ་དགོས་ཀྱི་འདུག” ཅེས་བརྗོད།

ཨ་རིའི་སྲིད་འཛིན་ཉེ་ལམ་ཧྥ་རན་སིར་སྐྱོད་སྐབས་ཧྥ་རན་སའི་རྒྱལ་སྟོན་ཉིན་མོའི་དམག་གི་རྔམ་སྟོན་ལ་སྐྱིད་པོ་བྱུང་ཡོད་ལ། ཁོས་མི་རིང་བར་སྲིད་འཛིན་མཛད་སྒོའི་དུས་དྲན་ཉིན་མེ་སྒྱོགས་དང་དྲག་དཔུང་གི་རྔམ་སྟོན་ཞིག་བྱ་འདོད་ཡོད་པ་དང་། དེའི་སྐོར་གྱི་སྲིད་འཛིན་གློག་འཕྲིན་ཞིག་ཕྱི་གྱར་བྱུང་ཡོད་ནའང་བདེ་སྲུང་དམག་སྤྱི་ཚོས་མོས་མཐུན་བྱས་མེད་པ་རེད།

(༢) ཧྥ་རན་སའི་སྲིད་འཛིན་མཱ་རོན་(Macron)ཊི་རུམ་ཕི་ལ་ལག་འཇུ་བྱེད་རྒྱུར་དགའ་བོ་ཡོད།

ཊི་རིམ་ཕི། ཁོ་ནི་མི་རླབས་ཆེན་ཞིག་དང་རྫིག་པོ་དྲང་ཚུགས་ཅན་ཞིག་རེད། ཁོ་ངའི་ལག་པ་ནས་འཇུ་རྒྱུར་དགའ་བོ་འདུག

ནེའུ་ཡོག་དུས་བབ། དེ་འདྲ་རེད་དམ།

ཊི་རུམ་ཕི། མི་ཚོས་ཁོ་ངའི་ལག་པ་ནས་འཇུ་རྒྱུར་དགའ་བོ་ཡོད་པ་ཚོར་ཀྱི་མེད་ན་ཡང་། རིང་བོ་མ་འགོར་བར་གནས་ཚུལ་དེ་ཁྱབ་བསྒྲགས་ཕྱིན་པ་དེ་ཡག་པོ་བྱུང་།

(༣) ར་ཤི་ཡཱའི་དམག་མི་ཚོ་ནི་གནམ་གཤིས་གྲང་ངར་ནང་དུ་ཡག་པོ་ཡོད་པ་རེད།

“ར་ཤི་ཡཱ་ལ་གྲང་འཁྱག་ནང་དུ་དམག་འཁྲུག་རྒྱག་མཁན་མང་པོ་ཡོད་པ་རེད། ཁོ་ཚོས་གནམ་གཤིས་གྲང་ངར་གྱི་དུས་ཚོད་ནི་གོ་སྐབས་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ངས་བཤད་རྒྱུ་གཙོ་བོ་དེ་ཁོ་ཚོས་གྲང་འཁྱག་གི་ནང་དུ་དམག་འཁྲུག་བརྒྱབ་ནས་ཐེངས་ལྔ་ལ་རྒྱལ་ཁ་ཐོབ་ཡོད་པ་རེད། དེ་ནི་དངོས་གནས་ངོ་མཚར་སྐྱེས་པ་ཞིག་རེད།” ཅེས་བརྗོད་ཡོད།

ལོ་རྒྱུས་སྨྲ་བ་(Andrew Roberts)ཡིས་འདི་ལྟར་བྲིས་ཡོད། “ར་ཤི་ཡཱ་ལ་བཤད་རྒྱུན་ཞིག་ཡོད་པ་དེ་གནམ་གཤིས་གྲང་འཁྱག་ལས་ཡག་ཅིག་མེད་ཀྱང་། གོན་པ་གྱོན་སྟངས་གཅིག་པོས་འགྲིག་མ་སོང་།” ཧེ་ཐི་ལིར་གྱིས་གནམ་གཤིས་སྔོན་བརྡ་ལ་ཡིད་ཆེས་མི་བྱེད་ན་ཡང་། ཧེ་ཐི་ལིར་གྱི་ཪ་ཤི་ཡཱ་དབང་བསྒྱུར་གྱི་དམིགས་ཡུལ་དེ་གྲང་འཁྱག་གི་རྐྱེན་ངན་ཞིག་དང་འཕྲད་ནས་མཇུག་རྫོགས་པ་རེད།” ཅེས་འཁོད་ཡོད།

(༤) ཊི་རིམ་ཕིས་མཱ་རོན་མཉམ་དུ་ནཱ་ཕོ་ལོན་སྐོར་ལ་སྐད་ཆ་བཤད་པ།

“ངས་སྲིད་འཛིན་མཱ་རོན་ལ་ནཱ་ཕོ་ལོན་གྱིས་ལས་ཀ་ངན་པ་རེ་ཟུང་བྱས་ཡོད་པ་རེད། ཡིན་ན་ཡང་། ཉིད་ཀྱིས་ནཱ་ཕོ་ལོན་སྐོར་ལ་ག་རེ་བསམ་ཀྱི་ཡོད་ཅེས་དྲིས་པར། ཁོང་གིས་མ་རེད། མ་རེད། ནཱ་ཕོ་ལོན་གྱིས་ག་རེ་བྱས་པ་ཚང་མ་རླབས་ཆེན་རེད། ཁོང་གིས་ཕེ་རི་སིའི་བཟོ་བཀོད་ཇུས་འགོད་དང་། ཁོ་ཚོས་ལས་ཀ་བྱེད་སྟངས་དང་སྐད་ཆ་བཤད་སྟངས་སོགས། ཁོང་གིས་ལས་ཀ་མང་པོ་ཞིག་བྱས་པ་ཚང་མ་བསམ་ཡུལ་ལས་འདས་པ་ཞིག་རེད། ཡིན་ན་ཡང་ཁོང་གི་ནོར་འཁྲུལ་གཅིག་དེ་ནི་མཚན་མོ་དེར་ཁོང་ར་ཤི་ཡཱའི་ནང་དུ་འཛུལ་ཡོད་པ་མ་རེད། རྒྱུ་མཚན་ཁོ་ལ་ལས་དོན་གཞན་མང་པོ་ཞིག་ཡོད་པའི་དབང་གིས་འཛུལ་མ་ཐུབ་པར་ཁོང་ཚོ་འཁྱག་ཤི་ཐེབས་པ་རེད། ར་ཤི་ཡཱ་དེ་གནམ་གཤིས་གྲང་ངར་གྱིས་ཐེངས་མང་པོར་བསྐྱབས་པ་རེད།” ཅེས་བརྗོད་སོང་།

ལོ་སེ་ནཱ་ཕོ་ལིན་(Louis-Napoleon)དང་ནཱ་ཕོ་ལིན་བྷོ་ནཱ་པེར་ཊེ་ཡི་ཨ་ཞང་གཉིས་ཀྱིས་༡༨༤༨ ནང་ཕེ་རི་སི་བསྐྱར་དུ་འཛུགས་འཆར་བྱས་ཡོད་ན་ཡང་། ནཱ་པོ་ལིན་གསུམ་པའི་འགན་འཁུར་བའི་སྐབས་སུ་རྗོར་རྗི་(Georges-Eugene Haussman)ཡི་འཆར་བཀོད་འོག་གྲོང་ཁྱེར་ཚང་མ་བསྐྱར་འཛུགས་བྱས་ཡོད་པ་རེད།

(༥) སྤྱི་མཐུན་ཚོགས་པ་བྷལ་ཊེ་མཱོར་(Baltimore)ལ་ཡིད་ཆེས་ཐུབ་ཀྱི་མེད།

“རྗེ་ཧྥི་སེ་ཤིན་(Jeff Sessions)གྱིས་ག་རེ་གནང་བཞིན་པ་དེ་དག་ཁོ་རང་གིས་ག་རེ་འདོད་པ་བཞིན་འཁྲེགས་བཟུང་བྱས་པ་རེད། ཁོ་དེ་སྔོན་ཁྲིམས་རྩོད་པ་ཆེ་བ་ཆགས་ཡོད་འདུག ངས་ཁོ་ལ་ག་རེ་བྱས་ཏེ་ཉིད་ཀྱིས་ང་ལ་དེ་དོན་མ་བཤད་པ་ཡིན་ཞེས་བཤད་པ་ཡིན་མོད། ཁོས་ང་ལ་རྗེས་སུ་བཤད་ཆོག་བརྗོད་སོང་། དེ་ནས་ངས་ཁོ་ལ་ཁྱོད་ཀྱི་འཐུས་ཚབ་སུ་ཞིག་ཡིན་ཞེས་དྲིས་པ་ཡིན། ཁོའི་འཐུས་ཚབ་དེ་ཧ་ཅང་ཤེས་ཁག་པོ་ཡོད་པ་རེད། ཡིན་ན་ཡང་ཁོང་གི་མཐུས་ཚབ་དེ་(Rod Rosenstein)ཞེས་པ་དང་། ཁོ་ནི་བྷལ་ཊེ་མཱོར་ནས་ཡོང་བ་རེད། སྤྱི་མཐུན་ཚོགས་པའི་མི་ཁ་ཤས་ཤིག་བྷལ་ཊེ་མཱོར་ནས་ཡོང་བ་རེད། ཁོ་ཡང་དེ་དག་གི་གཅིག་རེད།”ཅེས་བརྗོད་ཡོད།

ཡིན་ན་ཡང་སྐུ་ཞབས་རོ་སིན་ཤིན་(Rosenstein)ནི་བྷལ་ཊེ་མཱོར་ནས་མ་ཡིན་པར་ཧྥེ་ལཱ་དྷལ་ཧྥཱ(Philadelphia)ཡིན། ཁོ་ནི་ཨ་རིའི་སྤྱི་མཐུན་ཚོགས་པའི་བསྐོ་བཞག་བྱས་པའི་ཁྲིམས་རྩོད་པ་ཞིག་རེད།

(༦) ཏི་རུམ་ཕི་ཧྥ་རན་སིའི་ཨེ་ཧྥལ་ལྕགས་མདོང་(Eiffel Tower)ནང་གི་དགོང་ཚིགས་དེར་སྤྲོ་བོ་བྱུང་ཡོད།

“ང་ཚོས་ཨེ་ཧྥལ་ལྕགས་མདོང་ནང་དུ་དགོང་ཟས་ལ་རོལ་བ་ཡིན། ལྟས་ཚོད་ལ་ཁོ་ཚོས་དེ་སྔ་ཨེ་ཧྥལ་ལྕགས་མདོང་ནང་འདི་ལྟ་བུའི་སྤྲོ་སྐྱིད་ཆེན་པོ་ཞིག་གཏན་ནས་གཏོང་ཐུབ་མེད་པ་འདྲ། མཐའ་ན་ཨེ་ཧྥལ་ལྕགས་མདོང་གི་ལོ་རྒྱུས་ནང་དུའང་མེད་པ་འདྲ། རྒྱུ་མཚན། སྐབས་དེར་མི་མང་གིས་ང་ཚོས་དེ་ན་དགོང་ཟས་རོལ་གྱི་ཡོད་པ་གོ་བས་མི་སྟོང་ཕྲག་དང་སྟོང་ཕྲག་མང་པོ་འདུག

(༧) ཉི་ཧོང་གི་སྲིད་བློན་ལྕམ་སྐུས་དབྱིན་སྐད་བཤད་ཤེས་ཀྱི་མི་འདུག

ཊི་རིམ་ཕི། ང་ཉི་ཧོང་སྲིད་བློན་ལྕམ་མོའི་རྐུབ་སྟེགས་འགྲམ་དུ་བསྡད་པ་ཡིན་ལ། ཁོ་མོས་ང་མི་ཡག་པོ་ཞིག་ཏུ་མཐོང་ཡོད་ལ། ངས་ཀྱང་ཁོ་མོ་བུད་མེད་ཧ་ཅང་གུས་ཉམས་ཅན་དང་ཡིད་དུ་འོང་བ་ཞིག་ཏུ་མཐོང་སོང་། ཡིན་ན་ཡང་མོས་དབྱིན་སྐད་བཤད་ཤེས་ཀྱི་མི་འདུག

ནེའུ་ཡོག་དུས་བབ། ཁྱོན་ནས་ཤེས་ཀྱི་མི་འདུག་གམ། ཀླད་གོར་རེད་དམ།

ཊི་རིམ་ཕི། མ་རེད། “ཧ་ལོ་ལབ་རྒྱུ་གཅིག་པོ་རེད།”

གནད་དོན་དེའི་རྗེས་སུ་ཁོ་མོས་དབྱིན་སྐད་བཤད་ཐུབ་པ་མངོན་གསལ་ཆགས་ཡོད་པ་རེད། ཉི་ཧོང་གི་ལྕམ་སྐུ་དང་པོ་ཨཱ་ཁེ་ཨཱ་བྷེ་ཡིས་དབྱིན་སྐད་བཤད་ཤེས་ཀྱི་ཡོད་པ་རེད། ཡིན་ན་ཡང་གནད་དོན་དེར་ཁོ་མོས་དབྱིན་སྐད་བཤད་རྒྱུ་མ་བདམས་པ་ཡིན་སྲིད།

བྷི་བྷི་སི་གསར་ཁང་གི་ཉི་ཧོང་རྒྱལ་སར་བརྟེན་གཞི་བྱས་པའི་གསར་འགོད་པ་(Mariko Oi)ཡིས་བརྗོད་པ་ལྟར་ན། དེ་སྔ་བཅར་འདྲིའི་སྐབས་སུ་ཉི་ཧོང་སྐད་ཀྱི་ནང་དུ་སྐད་ཆ་བཤད་ཡོད་པ་རེད། དེ་ནི་ཁོ་མོའི་སྐད་ཆའི་རྩལ་ཡོད་མེད་ཀྱི་དབང་གིས་ཉི་ཧོང་སྐད་བཤད་ཀྱི་ཡོད་པ་རེད་ཟེར།

ཡིན་ན་ཡང་ཊི་རིམ་ཕིའི་བུ་མོ་ཆེ་བས་དེ་སྔོན་བཅར་འདྲི་ཞིག་གི་སྐབས་སུ་རྒྱ་སྐད་ཀྱི་ལམ་ནས་སྐད་ཆ་བཤད་ཡོད་པ་རེད།

(༨) ཧེ་ལི་རེ་ཡིས་འདས་པའི་ལོ་ངོ་བརྒྱད་ཀྱི་སྲིད་འཛིན་སྐུ་ལྕམ་རིང་འཕྲོད་བསྟེན་ལྟ་སྐྱོང་བྱེད་ཐུབ་མེད།

“ངས་བཤད་རྒྱུ་དེ་ཁྱོད་ཀྱིས་ཧེ་ལི་རེ་ལ་བལྟས་ཏེ་བསམ་བློ་ཐོངས་དང་། ཁོ་མོས་ལོ་ངོ་བརྒྱད་ཀྱི་རིང་ལ་ལས་ཀ་ཧུར་ཐག་བྱས་པ་རེད། དེ་བཞིན། ལོ་ངོ་བརྒྱད་རིང་ལ་སྲིད་འཛིན་གྱི་སྐུ་ལྕམ་བྱས་ཡོད་ན་ཡང། ཁོ་མོས་འཕྲོད་བསྟེན་ཕྱོགས་ནས་ལྟ་སྐྱོང་བྱེད་ཐུབ་ཡོད་པ་མ་རེད། དེ་ནི་གནད་དོན་ལས་སླ་བོ་ཞིག་མ་རེད།” ཅེས་བརྗོད་ཡོད།

སྲིད་འཛིན་གྱི་སྐད་ཆ་དེ་འཇིགས་གཡེར་བ་ཞིག་ཡིན་ན་ཡང་། དོན་དངོས་སུ་སྲིད་འཛིན་ཊི་རུམ་ཕི་ལ་བདེན་པ་ཡོད་པ་རེད། ཁོ་མོར་སྔོན་ཆད་འཕྲོད་བསྟེན་ཕྱོགས་ནས་བསྒྱུར་བཅོས་གཏོང་རྒྱུའི་ལམ་ཁ་རག་ཡོད་ན་ཡང་དངོས་སུ་ལག་བསྟར་བྱེད་ཐུབ་ཡོད་པ་མ་རེད།

(༩) སྐུ་ཞབས་ཁཱོ་མེ་(Comey)ཡིས་ཊི་རུམ་ཕིའི་སྟོབས་ཤུགས་དེ་ར་ཤི་ཡའི་ཡིག་ཆ་དག་ལས་ཡོང་བར་བཤད་སོང་།

ཊི་རུམ་ཕི། གང་ལྟར་ཡང་། ང་རང་གི་བསམ་ཚུལ་ལ་ཁོས་སྐད་ཆ་དེ་འདྲ་བཤད་འདུག་པ་ལྟར་གནད་དོན་དེའི་སྐོར་ཁོ་རང་གིས་ཐག་གཅོད་བྱུང་ཡོད་རྒྱུ་རེད།

ནེའུ་ཡོག་དུས་བབ། དེ་ཡིས་ཕན་གནོད་ཅི་ཞིག་ཡོད་དམ།

ཊི་རུམ་ཕི། ངས་བསམ་ན། དེ་ནི་བསྐྱར་ཞིབ་ཅིག་ཆགས་ཡོད་པ་རེད།

(༡༠) ཁོས་ཅིའི་ཕྱིར་འཇར་མན་གྱི་སྲིད་བློན་ལྕམ་མཱར་ཁིལ་(Angela Merkel)དང་མཉམ་དུ་ལག་འཇུ་མ་བྱས་པ་རེད།

“ཁྱེད་ཀྱིས་མཱར་ཁིལ་དང་མཉམ་དུ་ལག་འཇུ་མི་བྱེད་པའི་གནད་དོན་ཤེས་ཀྱི་ཡོད་དམ། ང་གཉིས་ཡུན་རིང་ལ་རྐུབ་སྟེགས་སྟེང་དུ་བསྡད་པ་ཡིན། ང་ཚོ་རྐུབ་སྟེགས་སྟེང་དུ་ཆུ་ཚོད་གཉིས་ལྷག་ལ་བསྡད་པ་ཡིན། དེར་བརྟེན། ངེད་གཉིས་ཐུག་འཕྲད་བྱས་པ་ཡག་པོ་གང་ཡང་རེད་མི་འདུག གསར་འགྱུར་ཕྱི་ལ་བསླེབས་པ་དང་ཁ་ཤས་ཀྱིས་མོ་དང་ལག་འཇུ་བྱོས་ཞེས་སྐད་བརྒྱབ་ནས། ‘མོ་དང་ལག་འཇུ་བྱོས། མོ་དང་ལག་འཇུ་བྱོས།’ ཞེས་སྐད་རྒྱག་གི་འདུག་མོད། ངས་ནི་གོ་ཡང་མ་སོང་། གང་ལྟར། ངས་ཁོ་མོར་ལག་འཇུ་བྱས་མེད། རྒྱུ་མཚན་ང་མོ་དང་མཉམ་དུ་ཡུན་རིང་པོར་བསྡད་པ་ཡིན་ལ། མོ་མཉམ་དུ་ཚུ་ཚོད་རིང་བོར་བསྡད་པས་ཡིན།” ཞེས་བརྗོད་ཡོད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༧/༢༥

Leave a Reply

2 thoughts on “སྲིད་འཛིན་ཊི་རུམ་ཕིས་བཤད་པའི་ཧ་ལས་དགོས་པའི་གནད་དོན་བཅུ།

  1. གསར་འགྱུར་སྟབས་བདེ་ཡོངས་འདུས་ཤིག་རེད། ཡིན་ན་ཡང་། ཨ་རི་བ་ཁོ་རང་ཚོ་ལས་གཞན་གལ་ཆེན་པོ་གང་ཡང་རེད་མི་འདུག ཊིམ་ཕུ་འདི་སྐད་ཆ་གང་བྱུང་བཤད་མཁན་ཞིག་རེད། འཇོན་ཐང་མིག་སྔར་སྟོན་སོང་མོད་དེ་ཅི་ཡང་མི་ཐུབ་ཀི

  2. གངས་རའི་རྒྱང་མཐོང

    གང་ཤེས། དྲི་བ་ལ་རེད་དམ། ཡིན་ནམ་ཞེས་སུམ་རྟགས་ཀྱི་འགྲེས་དང་མཐུན་པར་ཡི་གིར་བཀོད་ན་ལག་པ་ལ་དབྱུག་པ་རེག་འགྲོ་བ་ཡིན་ནམ།