གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་ཞི་རྒོལ་ཆེན་མོ་བསྐྱར་དུ་བྱུང་།

ཟླ་འདིའི་ཚེས་ ༢༡ ཉིན་ནས་བཟུང་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་གནམ་སྡེ་སྒོ་མོ་ཆེ་སོགས་ལྟེ་གནས་ཁག་ཏུ་མི་མང་ཁྲི་ཚོ་བརྒལ་བ་འདུ་འཛོམས་ཀྱིས་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ པ་འཚོགས་ལ་ཉེ་བའི་སྐབས་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ནས་བཟུང་ཧྲིན་ཀྲིན་གྲོང་ཁྱེར་གྱི་བྱམས་སེམས་རིག་གནས་དྲིལ་བསྒྲགས་ཚད་ཡོད་ཚོང་གཉེར་ཁང་(深圳市善心汇文化传播有限公司)ཞེས་པ་ཞིག་གི་མ་རྐང་འཇོག་མཁན་མི་གྲངས་ཁྲི་ཚོ་བརྒལ་བ་མི་གྲངས་ཁྲི་ཚོ་བརྒལ་བ་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དང་། རྒྱལ་ཁབ་ཡིག་འགྲུལ་ཁང་། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་། སྒོ་ཆེན་དམར་པོའི་ཚོང་ཟོག་སྡེབ་ཚོང་ཁྲོམ་ར་སོགས་སུ་འདུ་འཛོམས་ཀྱིས་ཁྲོམ་སྐོར་སྐད་འབོད་དང་ཟས་བཅད་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཚོང་གཉེར་ཁང་དེས་བརྗོད་ན། ཁ་སང་སྔ་དྲོར་དབང་པོ་སྐྱོན་ཅན་སོགས་མི་གྲངས་ཁྲི་ ༦ ཡས་མས་འཛོམས་ཡོད་པ་དང་། ད་ལན་ནི་ཕྱི་ལོ་ ༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་རྗེས་ཀྱི་ཞི་རྒོལ་གཞི་རྒྱ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་འདུག

ཞི་རྒོལ་སྐབས་མི་མང་གིས་ཚོང་གཉེར་ཁང་དེ་འཛུགས་མཁན་ཀྲང་ཐན་མིན་སོགས་འཕྲལ་དུ་ཀློད་གྲོལ་བཏང་སྟེ་ཚོང་ལས་སླར་གསོ་དགོས་པ་དང་། ”མི་མང་ཞིབ་བཤེར་ཉེན་རྟོག་པ་མི་མང་ལ་དགའ“ཞེས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཡོད་པ་མ་ཟད། རས་དམར་པོའི་ཐོག་སྲིད་འཛིན་ཞི་ཅིན་ཕིན་ལགས། ཁྲིམས་ལྟར་མི་མང་གི་ཞུ་གཏུག་དུས་ཐོག་ཐག་གཅོད་གནང་རོགས། ཟེར་བ་སོགས་ཀྱི་རེ་སྐུལ་བྱས་ཡོད་པ་དང་། ཞི་རྒོལ་མགོ་བཙུགས་མ་ཐག་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་སྟོང་ཕྲག་མང་པོ་ཡུལ་དངོས་སུ་བསླེབས་ཏེ། མི་མང་དང་གདོང་ཐུག་བྱུང་ནས་ཞི་རྒོལ་བ་མང་པོར་འཛིན་བཟུང་གཅར་རྡུང་བཏང་ཡོད་པ་མ་ཟད།  ཁ་སང་ཕྱི་དྲོར་ཞི་རྒོལ་བ་མང་ཆེ་བ་ཞིག་སྤྱི་སྤྱོད་རླངས་འཁོར་མང་པོ་ཞིག་གི་ནང་བཙན་གྱིས་བཅུག་སྟེ་ས་གནས་སོ་སོར་ཕྱིར་ལོག་བཏང་ཡོད་འདུག

 བརྒྱུད་ལམ་དུ་ཐོན་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཟླ་མགོ་ཙམ་ལ་རྒྱ་ནག་གཞུང་ནས་ཚོང་གཉེར་ཁང་དེས་དབུལ་སྐྱོབ་མང་ཕན་ལ་ཁ་གཡར་ཏེ་རྒྱ་ནག་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཚོང་འདྲེན་བྱས་ཏེ། དངུལ་དངོས་ཧམ་ལེན་བྱེད་ཀྱི་ཡོད་པའི་ཉེས་མིང་འོག ཚོང་གཉེར་ཁང་འཛུགས་མཁན་ཀྲང་ཐན་མིན་སོགས་མཐོ་རིམ་མགོ་འཁྲིད་ཁག་ཅིག་འཛིན་བཟུང་བྱས་ཡོད་སྟབས། ཕྱི་ཚེས་ ༢༠ ཉིན་ཚོང་གཉེར་ཁང་དེས་ཛ་དྲག་བརྡ་ཁྱབ་ཅིག་སྤེལ་ཏེ། ཚོང་གཉེར་ཁང་དེ་འཛུགས་མཁན་ཀྲང་ཐན་མིན་སོགས་མཐོ་རིམ་མགོ་འཁྲིད་ཐག་ཅིག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ། ཧུའུ་ནན་ཡོང་ཀྲུའུ་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་སྟབས། ཚོང་གཉེར་ཁང་དེའི་ཚོགས་ཞུགས་དབང་པོ་སྐྱོན་རྣམས་ཟླ་འདིའི་ཕྱི་ཟླ་ ༢༡ ཉིན་པེ་ཅིན་དུ་ཛ་དྲག་འདུ་འཛོམས་དགོས་པ་དང་། འདུ་འཛོམས་ཏུ་ཞུགས་མཁན་ཚོའི་འགྲུལ་སྐྱོད་འགྲོ་སོང་ཚང་མ་ཚོང་དོན་ལྟེ་གནས་ནས་གཏོང་རྒྱུ་ཡིན་ལུགས་བསྒྲགས་ཏེ་ལས་འགུལ་མགོ་འཛུགས་བྱས་ཡོད་འདུག་ལ། ཚོང་གཉེར་ཁང་དེར་རྒྱ་ནག་རྒྱལ་ཡོངས་ནང་ཚོགས་མི་ས་ཡ་ ༦ ཙམ་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། གློ་བུར་དུ་རྒྱ་ནག་གཞུང་གི་ལྟེ་གནས་གལ་ཆེན་ཁག་ཏུ་འདི་འདྲའི་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་བྱུང་བའི་དུས་སྐབས་སོགས་རྒྱུན་ལྡན་མིན་ལ། ངོ་རྒོལ་ལས་འགུལ་འདིས་འཚོགས་འཆར་ཡོད་པའི་ཏང་གི་ཚོགས་ཆེན་ ༡༩ པར་ཤུགས་རྐྱེན་ཆེན་པོ་ཐཻབས་སྲིད་པ་དང་། ལྷག་པར་དུ་སྤྱི་ཚོགས་ནང་གཡོ་འགུལ་སློང་བའི་རྐྱེན་རྩ་ལྟ་བུ་ཞིག་ཏུ་གྱུར་ཡོད་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༢༥

Leave a Reply

7 thoughts on “གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་ཞི་རྒོལ་ཆེན་མོ་བསྐྱར་དུ་བྱུང་།

  1. རྒྱ་མི་གནས་སྡོད་ཚོས་ཟེར་བ་ལྟར་བྱས་ན་དེ་ནི་གནམ་བདེ་སྒོ་མོ་ཆེ་རུ་མ་ཡིན་པར་ཤིན་ཧ་མིན་ལ་རེད་ཟེར་བས་དོགས་འདོན་གསལ་བཤད་ཡོད་པ་མཁྱེན།

  2. ཉིན་མཚན་དུས་དྲུག་གི་སྐབས་ཀུན་ཏུའང་མེ་མདའ་དང་བརྙན་མིག་གིས་བསྐོར་དང་སྐོར་གྱིན་པའི་རྒྱལ་ཁབ་ཅིག་དང་། སྒོས་སུ་དེའི་རྒྱལ་སར་འདི་ལྟར་མི་དམངས་ཀྱིས་ཞི་བའི་ངོ་རྒོལ་བྱེད་པ་སོགས་མཐོང་ན་ཚོར་བ་དམིགས་བསལ་བ་ཅང་མི་སྐྱེ་མོད། གང་ལྟར་རང་ཅག་ལ་རེ་བ་ཞིག་འདུག་སྙམ་པའི་སྤོབས་པ་སྟེར་འོང་། སྤྱིར་ན་རྒྱ་ནག་ནང་ཁུལ་དུ་འདི་དང་འདི་ལྟ་བའི་ལས་འགུལ་སྤེལ་བ་མང་ན་འང་རྒྱ་གཞུང་གིས་སྤྱི་ཚོགས་དྲ་ལམ་དུ་བསླེབས་སུ་མ་བཅུག་པར་བཀག་ཟིན་པས་ད་ཐེངས་ཀྱི་འདི་༡༩༨༩ལོའི་རྗེས་ཀྱི་ཞི་རྒོལ་ཆེ་ཤོས་ཞེས་རྗོད་ཀྱིན་འདུག་པ་འདྲ་སྟེ། དོན་དམ་པར་ད་ནི་ནུས་པ་ཅུང་ཙམ་འཐོན་བཞིན་པའི་སྐབས་ཤིག་ཡིན་པར་སེམས། སྐབས་འདི་དང་གང་གི་སྐབས་སུའང་ཞི་བ་ཁོ་ན་ཡོང་བར་སྨོན།

  3. གཞུང་པ་ཚེ་དབང་བསོད་ནམས་

    ད་ལྟའི་དུས་སྐབས་འདིར་རྒྱ་ནག་གྲལ་རིམ་དམངས་གཙོ་གཅིག་བསྡུད་ཀྱི་ལམ་ལུགས་ནས་མི་མང་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནང་ཁ་ཕྱོགས་ཐུབ་པའི་ནུས་པ་དང་ཆ་རྐྱེན་ཡོད་པ་མཐོང་གི་མེད་ལ་རྒྱ་ནག་ནང་མང་གཙོ་དགོས་ཀྱི་ཡོད་ན་རྒྱ་ནག་གི་ན་གཞོན་མི་རབས་གསར་པ་ཚོར་མང་གཙོའི་ལམ་ལུགས་སྦྱོང་དར་སྤྲོད་དགོས་པ་ལས་ངོ་རྒོལ་དང་སྤྱི་ཚོགས་གཏན་ལྷིངས་ལ་འར་ར་འུར་རེ་བཟོ་ཐུབ་པ་ཙམ་གྱི་འགྱུར་བ་ལ་རེ་བ་བཅོལ་རྒྱུ་དེ་དག་ཆབ་སྲིད་ཀྱི་ཐབས་ལམ་ཡང་དག་ཞིག་ཡིན་པ་ནམ་ཡང་ངོས་འཛིན་ཞུ་གི་མེད་།

    1. དམངས་གཙོ་ལམ་ལུགས་ལ་སྦྱོང་བརྡར་སྤྲོད་པ་ལ་དེར་ཐོག་མར་མཐུན་རྐྱེན་དགོས་གལ་ཆེ་ཞིང་། དེ་འཐོབ་ཐབས་སུ་ངོ་རྒོལ་ལམ་ནས་བརྡ་ཞིག་མ་སྤྲད་ན་རྐུབ་སྟེགས་སྟེང་ནས་འདུག་ཐུབ་པ་ཙམ་གྱིས་གཞར་ཡང་མི་འོང་སྟེ། ཁོ་བོས་བལྟས་ན་འདི་ནི་དམངས་གཙོར་ཕྱོགས་པའི་གོམས་ཁ་ལེགས་ཤོས་ཤིག་ཏུ་འདོད་དོ།།

  4. གང་ལྟར་ཕན་འབྲས་འབྱུང་མིན་བརྗོད་ཁག་པོ་རེད་ཡིན་བ་ཡང་དུས་ནས་དུས་སུ་ངོ་རྒོལ་གནང་དགོས་པ་དང་། བསམ་ཚུལ་བརྗོད་དགོས་པ་གལ་ཆེན་རེད།
    ་རྒྱུ་མཚན་གང་ཡིན་ཟེར་ན་ཁོང་ཚོ་ལ་ཇི་ལྟར་ངོ་རྒོལ་གནང་བ་ཡིན་ན་མི་དམངས་གཉིད་ལས་སད་པར་ཕན་ཐོགས་ཡོད་པ་དངོས་ཡོད་རེད། དེ་འདྲ་ཡིན་དུས་གནས་ལུགས་དང་མཐུན་པ་ཁྲིམས་དང་མཐུན་པ་བྱས་ནས་ངོ་རྒོལ་གནང་དགོས་དང་བསམ་ཚུལ་བཤད་དགོས་པ། ད་དུང་དམར་ཕྱོགས་ལ་སྐྱོན་བརྗོད་བྱེད་དགོས་པ་དང་བྱེད་རྒྱུ་ལྷགས་ནས་ཡོད་པ་གསལ་བོར་ཤེས་པའི་ཐོག་ནས་གཙོ་བོ་མི་དམངས་གཉིད་ལས་དཀྲོགས་དགོས་པ་འདི་གལ་ཆེན་རེད། འདི་ལྟ་བུའི་ལས་འགྱུར་སྤེལ་བ་འདི་སྐུ་ཞབས་ལུས་ཞོ་པོའི་དམིགས་ཡུལ་ཡང་འདྲ་ཞིག་ལ་དངོས་འཛིན་འོས་པ་རེད་མི་དམངས་ལ་བདེ་སྐྱིད་ཡོངས་ཐོབ་ཆེད་དམ་པ་ཁོང་གི་སྐུ་ཚེ་བཙོན་ཁང་ནས་འགྲོ་དགོས་བྱུང་བ་རེད།

    1. དེང་སྐབས་སྤྱི་ཚོགས་དྲ་རྒྱ་སོགས་མྱུར་སྟབས་འཛམ་གླིང་གི་མིག་མདུན་ནས་སྔོན་མ་ནང་བཞིན་ངོ་རྒོལ་རྒྱག་མཁན་རྣམས་ལ་ཐལ་དྲག་པའི་ཚེ་སྲོག་ཉེས་པ་གཏོང་ཐུབ་ཀྱི་མ་རེད་བསམ་གྱི་འདུག་མོད། རྒྱ་ནག་ལ་ངོ་ཚ་མེད་ཙང་ཞེ་སྣང་ཡོང་གིན་འདུག གང་ལྟར་མི་མང་གིས་ཡར་ལང་བྱས་པ་དེ་ཡག་པོ་རེད།

  5. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་ལྟབུ་གྲལ་རིམ་དམངས་གཙོ་གཅིག་བསྡུད་འོག་མི་མང་གི་ཁྲིམས་མཐུན་དང་རྒྱུ་ཚན་ལྡན་པའི་བདེ་སྡུག་ག་འདྲ་ཞིག་ཞུས་ཀྱང་དོན་འབྲས་སྨིན་རྒྱུའི་ཚབ་ཏུ་
    ཉེས་བསྡུང་དང་རྩོན་འཇུག་འོག་མི་ཚེ་རྫོགས་རྒྱུ་ཡིན་པ་ཐག་ཆོད་།