སྲིད་འཛིན་གྱིས་བཀའ་བཏང་ཚེ་བདུན་ཕྲག་རྗེས་མར་རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆ་འཕེན་ངེས་ཡིན།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་ ༢༠༡༧།༧།༢༧ ཉིན་སྤེལ།
གཟའ་ཕུར་བའི་ཉིན་ཨ་རིའི་ཞི་བདེ་རྒྱ་མཚོའི་དམག་གྲུ་རུ་ཁག་གི་དམག་སྤྱི་ཆེན་མོས། གལ་ཏེ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕི་མཆོག་གིས་བཀའ་བཏང་ཚེ་ཁོ་རང་གིས་བདུན་ཕྲག་རྗེས་མར་རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆ་འཕེན་མགོ་བརྩམ་རྒྱུ་ཡིན་སྐོར་བརྗོད་ཡོད།

ཨ་རིའི་མཚོ་དམག་གི་དམག་སྤྱི་ཆེན་མོ་སྐུ་ཞབས་སི་ཝེ་ཧྥི་ཊི་ (Scott Swift)ལགས་ཀྱི་སྐད་ཆ་དེ་ནི་ཨོ་སི་ཊོ་ལེ་ཡའི་རྒྱལ་ཡོངས་གཙུག་ལག་སློབ་ཆེན་གྱི་བདེ་སྲུང་ལྷན་ཚོགས་ཤིག་གི་ཐོག་ཚོགས་མི་གཞན་ཞིག་གི་དྲི་བའི་ལན་དུ་བརྗོད་ཡོད་པ་དང་། ལྷན་ཚོགས་དེ་ནི་ཨོ་སི་ཊོ་ལེ་ཡའི་བྱང་ཤར་མཚོ་ཁུལ་དུ་ཨ་རི་དང་ཨོ་སི་ཊོ་ལེ་ཡའི་མཉམ་འབྲེལ་དམག་སྦྱོང་བྱེད་ཕྱོགས་སྐོར་གྱི་ཚོགས་འདུ་ཞིག་ཡིན་པ་དང་། སྐབས་དེར་རྒྱ་ནག་གི་དམག་གྲུ་ཞིག་གིས་ཨོ་སི་ཊོ་ལེ་ཡའི་བྱང་ཤར་རྒྱུད་ཀྱི་ཨ་རི་དང་ཨོ་སི་ཊོ་ལེ་ཡའི་མཉམ་འབྲེལ་དམག་སྦྱོང་དེར་མྱུལ་ཞིབ་བྱས་ཡོད་འདུག

ཨོ་སི་ཊོ་ལེ་ཡའི་ལྷན་ཚོགས་ཐོག་ཚོགས་མི་ཞིག་གིས་གལ་ཏེ་སྲིད་འཛིན་ཊི་རུམ་ཕིས་བཀའ་མངགས་བཏང་ཚེ་ཁྱོད་ཀྱིས་རྡུལ་ཕྲན་མཚོན་ཆས་རྒྱ་ནག་ལ་ཕར་རྒོལ་བྱེད་རྒྱུ་ཡིན་ནམ་ཞེས་དྲི་བ་བཏོན་སྐབས། སི་ཝེ་ཧྥི་ཊི་ཡིས“དྲི་བ་དེའི་ལན་ནི་ ‘ཡིན’ ཞེས་པ་དེ་ཡིན་སྲིད” ཅེས་ལན་འདེབས་བྱས་ཡོད་པ་དང་། ཁོས་ད་དུང་ “ཨ་རིའི་དམག་དཔུང་གིས་རྒྱལ་ཁབ་ཕྱི་ནང་གི་དགྲ་བོ་ཚང་མའི་ཁ་གཏད་དུ་ལངས་ཏེ། ཨ་རིའི་རྒྱལ་ཁབ་སྲུང་སྐྱོབ་བྱ་རྒྱུའི་དམ་བཅའ་བཞག་ཡོད། ཨ་རིའི་སྲིད་འཛིན་ནི་ང་ཚོའི་བཀོད་འདོམ་པ་ཡིན་སྟབས། ང་ཚོས་ཁོང་གི་བཀའ་བརྩི་དགོས་ཀྱི་ཡོད” ཅེས་དང་། “འདི་ནི་ཨ་རིའི་དམངས་གཙོའི་ལམ་ལུགས་ཀྱི་སྲོག་ཤིང་ཡིན། དུས་ནམ་ཞིག་གི་ཚེ་ན། ཁྱེད་ཀྱི་དྲག་པོའི་དམག་དཔུང་དེ་འགན་སྲུང་གི་ལྟེ་བ་དང་རྒྱལ་ཞེན་ལས་གཡོལ་ཏེ་མི་མང་ལ་བཙན་འཛུལ་བྱེད་དུ་བཅུག་པ་ (དམག་ཁུལ་གྱི་དམག་དོན་སྒེར་གཅོད་ལ་གོ)ཡིན་ན། སྐབས་དེར་ང་ཚོ་ངོ་མ་གནད་འགག་གི་དཀའ་ཁག་ཅིག་ལ་འཕྲད་ཀྱི་རེད” ཅེས་ཟེར།

ཨ་རིའི་ཞི་བདེ་རྒྱ་མཚོའི་དམག་གྲུ་རུ་ཁག་གི་མགྲིན་ཚབ་པ་ཆར་ལེ་བྷི་རའོ་ཝན་ (Charlie Brown)ལགས་ཀྱིས། དམག་སྤྱི་ཆེན་མོ་སི་ཝེ་ཧྥི་ཊི་ཡི་སྐད་ཆ་དེ་ནི། མི་མང་གིས་དམག་དཔུང་ལ་དབང་སྒྱུར་བའི་རྩ་འཛིན་ (དམག་དོན་སྒེར་གཅོད་ལ་གོ) ལ་ཡ་ལན་སྤྲད་པ་ཞིག་ཡིན་སྐོར་བཤད་འདུག

བྷི་རའོ་ཝན་གྱིས་བཤད་རྒྱུར། “དམག་སྤྱི་ཆེན་མོས། དོགས་འདྲི་དེ་ལ་ཁག་ཐག་བྱས་པ་ཞིག་མིན་པར། ཁོང་གིས་དམག་དོན་སྒེར་གཅོད་རྩ་འཛིན་སྐོར་བཤད་ཀྱི་ཡོད་པ་རེད” ཅེས་དང་། “ དོགས་འདྲི་དེ་ལ་ཁག་ཐག་བྱས་པར་གོ་བ་ནི་དགོད་བྲོ་བ་ཞིག་རེད” ཅེས་ཟེར།

ཐེངས་འདིའི་ཨ་རི་དང་ཨོ་སི་ཊོ་ལེ་ཡའི་མཉམ་འབྲེལ་དམག་སྦྱོང་ཁྲོད་ཕྱོགས་གཉིས་ཀྱི་དམག་གྲུ་ ༣༦ དང་གནམ་གྲུ་ ༢༢༠། དྲག་པོའི་དམག་མི་ ༣༣༠༠༠ མཉམ་ཞུགས་བྱས་ཡོད། སྐབས་དེར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་གྲུ་ (Army-Navy Type 815 Dongdiao-class) རྟགས་ཅན་ཞིག་གིས་ཨོ་སི་ཊོ་ལེ་ཡའི་གྲུ་ཁ་ནས་སྤྱི་ལེ་ ༢༠༠ མཚམས་ནས་མྱུལ་ཞིབ་བྱས་ཡོད་འདུག ཨ་རིའི་དམག་སྤྱི་ཆེན་མོ་སི་ཝེ་ཧྥི་ཊི་ཡིས། ཕྱི་ལོ་ ༢༠༡༤ ལོའི་ཞི་བདེ་རྒྱ་མཚོའི་མཚོ་དམག་གི་དམག་སྦྱོང་སྐབས་ཀྱང་། རྒྱ་ནག་གིས་འདི་ལྟར་གསང་མྱུལ་དམག་གྲུ་ཞིག་ཆེད་གཏོང་བྱས་ཡོད་པ་རེད་ཟེར།

ཨ་རིའི་དམག་སྤྱི་ཆེན་མོ་སི་ཝེ་ཧྥི་ཊི་ཡིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཡོངས་མཚོ་འགྲུལ་རྩ་ཁྲིམས་ (UNCLOS) འོག་ཏུ་མ་གཏོགས། རྒྱ་ནག་ལ་དམག་དོན་ཆེད་ཨ་རིའི་གྲུ་ཁར་མྱུལ་ཞིབ་བྱེད་པའི་དབང་ཆ་ཡོད་པ་མ་རེད། རྒྱལ་ཚོགས་ཀྱི་མཚོ་འགྲུལ་རྩ་ཁྲིམས་ནང་། རྒྱལ་ཁབ་སོ་སོས་རྒྱལ་སྤྱིའི་རྒྱ་མཚོའི་ཐོག་འགྲུལ་བཞུད་བྱེད་པའི་ཐོབ་ཐང་དང་འགན་བབ་གཏན་འབེབས་བྱས་ཡོད་སྐོར་དང་། རྒྱལ་ཁབ་སོ་སོས་པེ་ཅིན་གཞུང་ལ་ཅིའི་ཕྱིར་རྒྱལ་ཚོགས་ཀྱི་མཚོ་འགྲུལ་རྩ་ཁྲིམས་ལ་བརྩི་བཀུར་མི་བྱེད་པའི་དོགས་འདྲི་བྱེད་དགོས་པ་དང་། གལ་ཏེ་རྒྱ་ནག་ལ་ཨ་རིའི་གྲུ་ཁར་མྱུལ་ཞིབ་བྱེད་པའི་ཐོབ་ཐང་ཡོད་ཚེ། དེ་དང་གཅིག་མཚུངས་ཨ་རི་ལའང་རྒྱ་ནག་གི་གྲུ་ཁར་མྱུལ་ཞིབ་བྱེད་པའི་ཐོབ་ཐང་ཡོད་སྐོར་བརྗོད་འདུག

སི་ཝེ་ཧྥི་ཊི་ཡིས་བཤད་རྒྱུར། “ངའི་སེམས་ཀྱི་འདྲ་མཉམ་མིན་པའི་དོགས་པ་ནི། ཅིའི་ཕྱིར་རྒྱལ་ཁབ་སོ་སོས་རྒྱལ་ཚོགས་ཀྱི་མཚོ་འགྲུལ་རྩ་ཁྲིམས་གཞིར་བཟུང་གིས་ཕན་ཚུན་གྱི་གྲུ་ཁར་བརྩི་བཀུར་བྱེད་སྟངས་མི་འདྲ་བ་དེ་རེད། གནད་དོན་དེ་ནི། རྒྱལ་ཚོགས་ཀྱི་མཚོ་འགྲུལ་རྩ་ཁྲིམས་ནང་། རྒྱལ་ཁབ་ཕན་ཚུན་གྱི་གྲུ་ཁར་བརྩི་བཀུར་བྱེད་པའི་སྒྲིག་སྲོལ་མ་འདྲ་བའི་དབང་གིས་ཡིན་ནམ” ཞེས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༧/༢༨

Leave a Reply

One thought on “སྲིད་འཛིན་གྱིས་བཀའ་བཏང་ཚེ་བདུན་ཕྲག་རྗེས་མར་རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆ་འཕེན་ངེས་ཡིན།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཨ་རིའི་དམག་སྤྱི་དང་སྲིད་འཛིན་བཅས་བློ་རིག་བརྟན་པོ་མེད་པའི་མི་སྣ་མ་རེད་དམ་སྐབས་རེ་རྒྱ་ནག་ཨ་རིའི་བློ་ཐུབ་གྲོགས་པོ་ཡིན་པ་འདྲ་པོ་ཡང་སྐབས་རེ་རྡུལ་མཚོན་བེད་སྤྱོད་བྱེད་སའི་དགྲ་བོ་ཡིན་པ་འདྲ་པོ་ད་ཨ་རི་ཙུག་གེ་མ་བསྡད་ན་བྱང་ཀོ་ར་ཡའི་ལག་པ་ནས་ཉོ་ཆ་རག་ཡོང་ངོ་
    ད་ཙུག་གེ་བསྡད་ན་ཡག་ལེ་རེད་དོ་།