མོ་ཌེ་ཡིས་སོག་པོའི་སྲིད་འཛིན་གསར་བ་མགྲོན་འབོད་བྱས་པ་དེས་རྒྱ་ནག་ལ་བརྡ་ལན་ཞིག་སྤྲད་ཡོད།

རྒྱ་གར་སྲིད་བློན་མོ་ཌེ་ཡིས་སོག་པོའི་སྲིད་འཛིན་གསར་བ་ཁལ་མཱ་བྷ་ཐུལ་གྷ (Khaltmaa Battulga)ལགས་སུ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་མ་ཐག་རྒྱ་གར་ནང་མགྲོན་འབོད་བྱས་པ་དེས་རྒྱ་ནག་ལ་བརྡ་ལན་ཞིག་སྤྲད་ཡོད་པ་མ་ཟད་ལྷོ་ཨེ་ཤ་ཡའི་རྒྱལ་སྤྱིའི་འབྲེལ་ལམ་ཐོག་ལའང་ཤུགས་རྐྱེན་ཐེབས་སྲིད།

དཔལ་འབྱོར་དུས་བབ་ཀྱིས་གནས་ཚུལ་བཀོད་པ་ལྟར་ན། ༢༠༡༥ ལོར་རྒྱ་གར་སྲིད་བློན་ན་རན་ཌི་ར་མོ་ཌེ་སོག་པོའི་རྒྱལ་ས་ཨུ་ལིན་བྷ་ཐར་(Ulaanbaatar)ནང་གཟིགས་སྐོར་དུ་བསྐྱོད་ཡོད་པ་དང་། སྐབས་དེར་རྒྱ་གར་གྱིས་སོག་པོ་དང་མཉམ་དུ་ཨ་སྒོར་ཐེར་འབུམ་གཅིག་གི་ཚོང་འབྲེལ་མ་རྐང་བཙུགས་ཡོད་ཅིང་། ཉེ་སྔོན་མོ་ཌེ་ཡིས་སྲིད་འཛིན་གསར་བ་ཁོང་རྒྱ་གར་ནང་མགྲོན་འབོད་བྱས་བའི་རྗེས་ལ་རྒྱ་གར་གྱི་སྲིད་འཛིན་(Pranab Mukherjee)ཡིས་ཀྱང་སོག་པོའི་སྲིད་འཛིན་ལ་འཚམས་འདྲིའི་འཕྲིན་ཡིག་ཅིག་ཕུལ་ཡོད་པའི་ནང་། རྒྱ་གར་དང་སོག་པོ་ནི་དམངས་གཙོ་ལ་ཡིད་ཆེས་མཁན་གྱི་རྒྱལ་ཁབ་གཉིས་ཡིན་ཞེས་འཁོད་ཡོད་འདུག

ཐེངས་འདིར་སོག་པོའི་སྲིད་འཛིན་ཁོང་ལ་རྒྱལ་ཁ་ཐོབ་པ་དེས་ངང་རྒྱུད་རིང་བའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་ལས་ལྷག་པར་ཡར་རྒྱས་འགྲོ་བའི་རེ་བ་གསར་པ་ཞིག་སླེབ་ཡོད་པ་རེད།

(AFP)གསར་ཁང་གིས་སོག་པོའི་སྲིད་འཛིན་གསར་པ་ཁལ་མཱ་བྷ་ཐུལ་གྷ་ཡིས་རྒྱ་ནག་ལ་མི་དགའ་བའི་ལྟ་ཚུལ་བཟུང་བ་དེས། ཁོང་ལ་སྲིད་འཛིན་འོས་བསྡུར་རྒྱལ་ཁ་ཐོབ་པར་རོགས་རམ་བྱས་ཡོད་ཀྱང་། གལ་ཆེ་བའི་གནད་དོན་གཞན་ཞིག་ནི་རྒྱ་ནག་གིས་སོག་པོའི་དངོས་ཟོག་བརྒྱ་ཆ་ ༨༠ ལྷག་ཉོ་ཚོང་དབོར་འདྲེན་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་ཡོད།

ལོ་སྔོན་མར་སོག་པོའི་དཔལ་འབྱོར་ཉམས་ཆག་ཕྱིན་ཏེ་དཔལ་འབྱོར་སྤྱིའི་འཕར་ཚད་བརྒྱ་ཆ་གཅིག་ལས་ཡར་འཕར་ཐུབ་མེད་པ་དང་། ༢༠༡༡ ལོའི་དཔལ་འབྱོར་འཕར་ཚད་དང་བསྡུར་ན་ཁྱད་པར་ཆེན་པོ་ཤོར་ཡོད་ཅིང་། ལོ་དེར་དཔལ་འབྱོར་འཕར་ཚད་བརྒྱ་ ༡༧ ཟིན་ཡོད་འདུག ལོ་སྔོན་མ་ནས་སོག་པོའི་དངོས་ཟོག་ཕྱིར་ཚོང་ཤུགས་ཆེ་ཤོས་ཟངས་ཀྱི་གོང་ཚད་བརྒྱ་ཆ་ ༥༠ མར་ཆགས་ཡོད་ཅིང་། འདས་པའི་ལོ་ངོ་ལྔ་ཡི་ནང་དུ་སོག་པོའི་དཔལ་འབྱོར་གྱི་འཕར་ཚད་ཧ་ཅང་དལ་བའི་སྐབས་འདིར། སོག་པོའི་ཚོང་འབྲེལ་ཆེ་ཤོས་རྒྱ་ནག་གིས་དཔལ་འབྱོར་ཐད་ནས་དྲང་བདེན་མ་ཡིན་པའི་ལས་ཀ་མང་པོ་བྱས་ཡོད་འདུག

དཔལ་འབྱོར་གནས་བབ་སྐྱོ་རུ་ཕྱིན་པའི་རྐྱེན་གྱིས་སོག་པོའི་མི་མང་ཁྲོད། རྒྱ་ནག་ལ་མི་དགའ་བའི་བསམ་བློ་འཁྱེར་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མི་མང་ཚོས་དེ་སྔ་རྒྱལ་ཁབ་ཀྱི་དཔལ་འབྱོར་རྒྱ་ནག་ལ་བརྟེན་ཡོད་པ་དེ་མ་འོངས་པར་རྒྱ་ནག་ལ་བརྟེན་མི་དགོས་པ་ཞིག་བཟོ་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་ཡོང་གི་ཡོད་ཅིང་། དེའི་ཐད་ཁོ་ཚོས་རེ་བ་བཅོལ་ས་གཙོ་བོ་ད་ལྟའི་སྲིད་འཛིན་གསར་པ་ཁལ་མཱ་བྷ་ཐུལ་གྷ་ལགས་ཡིན་འདུག

ཁལ་མཱ་བྷ་ཐུལ་གྷ་ཡིས་ཀྱང་མ་འོངས་པར་དཔལ་འབྱོར་གྱི་གནས་བབ་སྲ་བརྟན་དང་། རྒྱ་ནག་ལ་བརྟེན་མི་དགོས་པ་བཟོ་ཆེད་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་དུ་ཨ་སྒོར་ཐེར་འབུམ་ ༥.༥ འགན་ལེན་གཏའ་མར་བླངས་ཏེ་དཔལ་འབྱོར་གྱི་གནས་བབ་སྲ་བརྟན་གཏོང་རྒྱུའི་སྒྲོམ་བཟོས་ཡོད་འདུག

རྒྱ་ནག་དང་སོག་པོའི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་གནད་དོན་གཅིག་ནི་ ༢༠༡༦ ལོར་སོག་པོའི་མི་མང་གིས་བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་གདན་འདྲེན་ཞུས་པའི་རྐྱེན་གྱིས་ཡིན་ཞིང་། ཏཱ་ལའི་བླ་མ་སོག་ཡུལ་དུ་ཕེབས་རྗེས་སུ་རྒྱ་ནག་གིས་སོག་པོའི་ས་མཚམས་གལ་ཆེན་ཞིག་སྒོ་བརྒྱབ་ཡོད། ས་མཚམས་དེ་ནི་སོག་པོའི་ཚོང་ཟོག་དབོར་འདྲེན་གྱི་རླངས་འཁོར་ལམ་ཁ་གཙོ་བོ་ཞིག་ཡིན་པ་དང་། རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ཏེ་སོག་པོས་ཏཱ་ལའི་བླ་མ་བསྐྱར་དུ་གདན་འདྲེན་མི་ཞུ་བའི་དམ་བཅའ་འཇོག་དགོས་བྱུང་ཡོད་པ་རེད།

རྒྱ་ནག་གིས་ཏཱ་ལའི་བླ་མ་ནི་བོད་དང་རྒྱ་ནག་ཁ་བྲལ་གཏོང་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་དང་། རྒྱ་ནག་གཞུང་གིས་གྲྭ་རྐྱང་ཁོང་གདན་འདྲེན་ཞུ་མཁན་གྱི་རྒྱལ་ཁབ་ཚང་མ་དང་མཉམ་དུ་འབྲེལ་ལམ་གཅོད་པ་དང་གནོན་ཤུགས་སྤྲོད་པ་སོགས་བྱེད་ཀྱིན་ཡོད། ཏཱ་ལའི་བླ་མ་མཆོག་ནི་ ༡༩༥༩ ལོར་བོད་ནང་རྒྱ་ནག་གི་ལམ་ལུགས་ལ་ངོ་རྒོལ་བྱུང་རྗེས་རྒྱ་གར་ནང་ལ་བཙན་བྱོལ་དུ་བཞུགས་ཡོད།

ད་ལྟའི་སྲིད་འཛིན་ཁལ་མཱ་བྷ་ཐུལ་གྷ་ནི་སོག་པོའི་ནང་དུ་ཤུགས་རྐྱེན་ཆེན་པོ་ཅན་ཞིག་དང་། མི་མང་གི་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་སྟབས་རྒྱ་གར་ལ་མཚོན་ན་གོ་སྐབས་ཤིག་ཆགས་ཀྱི་ཡོད་པ་རེད།

ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་བདེ་འཇགས་ལྟེ་གནས་ཀྱི་ཞིབ་མཇུག་པ་(J Mohan Malik)ཡིས་རྒྱ་གར་དུས་བབ་གསར་ཁང་ལ་ “རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་གི་གནས་བབ་རྒྱ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་མཁན་ཆུང་ཆུང་ཚོ་དང་སྟོབས་ཤུགས་འབྲིང་ཙམ་ཡོད་མཁན་རྩོད་ལེན་བྱེད་བཞིན་པའི་སྐབས་ལ་སྲིད་འཛིན་ཁལ་མཱ་བྷ་ཐུལ་གྷ་ལ་རྒྱལ་ཁ་ཐོབ་པ་ནི། ཕྱོགས་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་དུ་གཏོང་བའི་གོ་སྐབས་ཤིག་ཆགས་ཡོད།” ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༠༡

Leave a Reply