ཁ་ཆེའི་ལྷ་ཁང་ནང་དམར་གསོད་བྱུང་།

ཨ་ཧྥུ་ཧན་གྱི་ཁ་ཆེའི་ལྷ་ཁང་ཞིག་ཏུ་དྲག་སྤྱོད་པས་དམར་གསོད་དོན་རྐྱེན་བསླངས་ཏེ་ཉུང་མཐར་མི་ ༢༩ བསད་པ་དང་མི་ ༦༤ ལ་རྨས་སྐྱོན་བཟོས།

ཁ་སང་ཕྱི་ཚེས་ ༡ ཉིན་གྱི་དགོང་མོ་ཨ་ཧྥུ་ཧན་གྱི་ནུབ་ཕྱོགས་གྲོང་ཁྱེར་ཧི་རཱ་ཊི་(Herat)ནང་ཡོད་པའི་ཁ་ཆེའི་ལྷ་ཁང་གི་ནང་མི་མང་འདུ་འཛོམས་ཀྱིས་སྨོན་ལམ་ཚོགས་ཡོད་སྐབས། གློ་བུར་དུ་འཇིགས་སྐུལ་དྲག་སྤྱོད་པ་གཉིས་ཀྱིས་གང་བྱུང་མེ་མདས་བརྒྱབ་པ་དང་། འབར་རྫས་གཡུགས་ཏེ་ཉུང་མཐར་མི་གྲངས་ ༢༩ རྐྱེན་འདས་དང་། མི་ ༦༤ ལ་རྨས་སྐྱོན་བཟོས་ཡོད་འདུག

སྲིད་གཞུང་གི་མགྲིན་ཚབ་པས་དྲག་སྤྱོད་སྤེལ་མཁན་ཉུང་མཐར་གཉིས་ཡོད་པ་དང་། གཅིག་གིས་འབར་རྫས་གཡུགས་ཏེ་རང་ཤི་བརྒྱབ་ཡོད་པ་དང་། གཞན་དེས་གང་བྱུང་མེ་མདའ་བརྒྱབ་ཡོད་སྐོར་དང་། ད་ལྟའི་ཆར་མི་མང་འདས་གྲོངས་ཀྱི་གྲངས་འབོར་འཕར་གྱི་ཡོད་ལུགས་བརྗོད་འདུག

དེ་ཡང་ཟླ་གཉིས་ཙམ་གྱི་སྔོན་དུ་ཧི་རཱ་ཊི་ནང་ཡོད་པའི་དུས་རབས་ ༡༢ པའི་ནང་བཞེངས་པའི་ཁ་ཆེའི་ལྷ་ཁང་ཞིག་ཏུ་དྲག་སྤྱོད་དོན་རྐྱེན་བསླངས་ཏེ་མི་གྲངས་ ༧ དམར་གསོད་བཏང་ཡོད་པ་དང་། མི་མང་པོར་རྨས་སྐྱོན་བཟོས་ཡོད་པ་རེད།

བརྒྱུད་ལམ་དུ་ཐོན་པའི་གནས་ཚུལ་ལྟར་ན། འདི་ལོ་གཅིག་པུའི་ནང་ཨ་ཧྥུ་གྷ་ནི་སི་ཐན་ནང་དྲག་སྤྱོད་པས་མི་མང་ ༡༧༠༠ བརྒལ་བ་དམར་གསོད་བཏང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༨/༠༢

Leave a Reply