ཇིང་གིར་རྒྱལ་པོའི་བང་སོ་མ་རྙེད་པའི་རྒྱུ་མཚན་གང་ཡིན་ནམ།

རྩོམ་པ་པོ། ཨེ་རིན་ཀེ་རག(Erin Craig) ཉི་མ་ཚེ་རིང་གིས་བསྒྱུར།
སི་ཨིན་ཨིན་གསར་ཁང་གིས་ ༢༠༡༧།༧།༢༩ ཉིན་སྤེལ།

འདི་ནི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་དུ་ལམ་ཁ་དང་གཏན་འཇགས་ཀྱི་ཁང་པ་མེད་ཅིང་། གནམ་སྔོན་པོའི་འོག་ཏུ་རླུང་བུ་འུར་འུར་དུ་ལྡང་ཞིང་། རྩྭ་སྐྱའི་གསེང་གི་མུ་མཐའ་མི་མངོན་པའི་གཏམ་བརྒྱུད་རིང་བའི་རྒྱལ་ཁབ་ཅིག་རེད།

ང་ཚོས་འབྲོག་གུར་གོར་གོར་ཞིག་ཏུ་ཚྭ་ཁུ་དྲོ་བའི་འོ་ཇ་འཐུང་བཞིན་ཉེ་འཁོར་ན་ཡར་འགྲོ་མར་འགྲོ་བྱེད་བཞིན་པའི་རྟ་དང་ར་ལུག་དག་ལ་བརྙན་པར་ལེན་ཆེད་ཅུང་ཙམ་སྒུག་པ་ཡིན། དེ་གར་བྱེད་རྒྱུ་དམིགས་བསལ་གང་ཡང་མེད་མོད་ངལ་གསོ་བྱེད་ཆེད་བསམ་བཞིན་དུ་ལམ་བར་ནས་སྒུག་པ་ཡིན། ང་ཚོ་འགྲུལ་བཞུད་བྱེད་ཡུལ་དེ་སོག་ཡུལ་གྱི་ཨཱོམ་ནཱོ་གྷོ་ཝི་མངའ་སྡེ་(Ömnögovi)ཡིན་པ་དང་། ང་ཚོ་སྣུམ་འཁོར་ནང་བསྡད་དེ་ས་དེར་འགྲུལ་བཞུད་བྱས་སྐབས་ཕ་མཐའ་མེད་པ་ལྟ་བུའི་ཚོར་སྣང་བྱུང་བ་མ་ཟད། སྔ་མོ་དེར་རྟ་བཞོན་ཏེ་འགྲོ་བའི་དཀའ་སྡུག་ནི་བསམ་བློར་ཤོང་དཀའ་བ་ཞིག་རེད།

དེ་ནི་ཇིང་གིར་རྒྱལ་པོའི་(Genghis Khan)རྒྱལ་ཁབ་རེད། ཇིང་གིར་རྒྱལ་པོ་ནི་རྟ་ལ་བཞོན་ཏེ་འཛམ་གླིང་དབང་སྒྱུར་བྱེད་མཁན་གྱི་དཔའ་རྟུལ་ཞིག་རེད། ཁོང་གི་ལོ་རྒྱུས་ནི་བཙན་འཁྲིད་དང་བཙན་བཟུང་། མི་གསོད་ཁྲག་སྦྱོར། བརྩེ་གདུང་། དེ་བཞིན། དགྲ་ཤ་དང་འཁོན་ལེན་སོགས་ཀྱིས་ཡོངས་སུ་ཁེངས་ཡོད།

དེ་དག་ནི་ལོ་རྒྱུས་ཙམ་རེད། གཏམ་རྒྱུད་དངོས་ནི་ཁོང་འདས་གྲོངས་སུ་ཕྱིན་པའི་རྗེས་ལ་མགོ་འཛུགས་བྱས་ཡོད།

ཇིང་གིར་རྒྱལ་པོས་སྔོན་མ་ཞིག་ལ་ཞི་བདེ་རྒྱ་མཚོ་དང་ཀཱས་པི་ཡཱན་གྱི་མཚོའི་(Caspian Sea)བར་གྱི་ཡོད་ཚད་ལ་དབང་བསྒྱུར་བྱས་པ་རེད། འོན་ཀྱང་། ཁོང་སྐུ་འདས་ཁར་ནང་འཁོར་རྣམས་ལ་ཁོང་གི་སྐུ་ཕུང་སྦེད་ཡུལ་གསང་བ་བྱེད་དགོས་པའི་བཀའ་གནང་ཡོད་འདུག ཁ་རྒྱུན་ལྟར་ན། ཁོང་འདས་གྲོངས་སུ་ཕྱིན་རྗེས་ཁོང་གི་དམག་མི་ཚོས་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུས་ཏེ་བང་སོར་བཏབས་པ་མཐོང་མཁན་ཡོངས་རྫོགས་བསད་པ་དང་། ཁོང་གི་སྐུ་ཕུང་བང་སོར་བཏབས་རྗེས་བང་སོའི་ཤུལ་མི་མངོན་པའི་ཆེད་དུ་དེའི་ཐོག་ཏུ་དམག་མི་ཆིག་སྟོང་རྟར་བཞོན་ཏེ་ཡར་རྒྱུག་མར་རྒྱུག་བྱས་ཡོད་པ་རེད་ཟེར།

ཇིང་གིར་རྒྱལ་པོ་འདས་གྲོངས་སུ་ཕྱིན་ཏེ་ལོ་ངོ་ ༨༠༠ སོང་ཡོད་པ་དང་། ད་ལྟའི་བར་ཁོང་གི་བང་སོ་སུས་ཀྱང་རྙེད་ཐུབ་མེད།

ཕྱི་རྒྱལ་བ་ཚོས་ཁོང་གི་བང་སོ་རྙེད་ཐབས་སུ་སོག་ཡུལ་གྱི་ལོ་རྒྱུས་དེབ་ཐེར་མང་པོར་ཞིབ་འཇུག་དང་། ས་ཕྱོགས་གང་སར་མྱུལ་ཞིབ་བྱས་ཡོད་པ་མ་ཟད། ཇིང་གིར་རྒྱལ་པོའི་ལས་གཞིའི་ཡུལ་ལྗོངས་(Valley of the Khans Project)ཞེས་པ་རྒྱལ་ཁབ་ས་དཔྱད་སྡེ་ཚན་(National Geographic)གྱིས་མིས་བཟོས་འཕྲུལ་སྐར་བརྒྱུད་དེ་བར་སྣང་ནས་ལྟ་ཞིབ་ཀྱང་བྱས་མྱོང་ཡོད་འདུག དེར་ཡ་མཚན་སྐྱེ་དགོས་པ་དང་དོ་སྣང་བྱེད་རིན་གང་ཡོད་ཟེར་ན། ཇིང་གིར་རྒྱལ་པོའི་བང་སོ་འཚོལ་སྙེག་བྱེད་མཁན་ནི་རྒྱལ་སྤྱིའི་མི་སྣ་ཤ་སྟག་ཡིན་པ་ལས། སོག་ཡུལ་རང་གི་མི་ཚོས་དེ་ལ་དོ་སྣང་བྱེད་ཀྱི་མེད་པ་མ་ཟད། བང་སོ་དེ་རྙེད་པར་འབད་བརྩོན་ཡང་བྱས་མྱོང་མེད།

འོན་ཀྱང་། སོག་པོའི་རྒྱལ་ཁབ་ཏུ་ཇིང་གིར་རྒྱལ་པོ་རྩ་ཆེན་པོར་མི་བརྩི་བ་མ་ཡིན་ཏེ། ཁོང་ལ་གུས་བརྩི་ཆེན་པོ་བྱེད་ཀྱི་འདུག སོག་པོའི་དངུལ་ལོའི་སྟེང་ཇིང་གིར་རྒྱལ་པོའི་གདོང་རིས་བཀོད་ཡོད་པ་མ་ཟད། སོག་ཡུལ་གྱི་ཆང་རག་ཤེལ་དམ་སྟེང་དུའང་ཁོང་གི་གདོང་རིས་སྦྱར་འདུག ༡༢༢༧ ལོར་ཇིང་གིར་རྒྱལ་པོ་འདས་གྲོངས་སུ་ཕྱིན་སྐབས། སོག་པོའི་མི་མང་ཚོས་ཁོང་ལ་ད་ལྟའི་བརྩི་བཀུར་འདི་ལྟ་བུ་ཞིག་ཧ་ལམ་བྱས་ཡོད་མི་སྲིད། འོན་ཀྱང་། སོག་ཡུལ་མི་མང་གིས་ཁོང་ལ་བརྩི་བཀུར་འདི་ལྟ་བུ་ཞིག་བྱེད་ཀྱི་ཡོད་ཀྱང་། ཁོང་གི་བང་སོ་འཚོལ་རྒྱུར་རྣམ་རྟོག་བྱེད་དོན་གང་ཡིན་ནམ།

སོག་པོ་ཚོས་ཇིང་གིར་རྒྱལ་པོའི་བང་སོ་རྙེད་ན་འཛམ་གླིང་ཧྲིལ་བོ་ནུབ་འགྲོ་བའི་བཤད་སྲོལ་ཞིག་ཡོད་པ་མ་ཟད། དེར་ཡིད་ཆེས་ཀྱང་ཆེན་པོ་བྱེད་བཞིན་འདུག འོན་ཀྱང་། ཕྱི་རྒྱལ་བ་ཚོར་མཚོན་ན། གཞན་གྱིས་འདོད་བློ་མེད་ས་དང་རྙོག་དྲ་ཡོད་ས་དག་ལ་ཆེད་དུ་འཇུག་པ་དང་ཞིབ་འཇུག་བྱེད་པར་དགའ་བ་ནི་ཁོང་ཚོའི་རང་གཤིས་ཤིག་རེད། ༡༩༤༡ ལོར་སཱོ་ཝེ་ཏ་ལྷན་ཚོགས་(Soviet Union)ཀྱི་གནའ་རྫས་བརྟག་དཔྱད་མཁས་པ་ཞིག་གིས། དུས་རབས་ ༡༤ པར་བྱུང་བའི་བྱས་རྗེས་ཅན་གྱི་ཏཱུར་ཀཱིས་ཐན་(Turkic)རིགས་རྒྱུད་ལས་མཆེད་པའི་སོག་པོའི་རྒྱལ་པོ་ཏཱ་མར་ལཱ་ནཱེ་(Tamarlane)ཞེས་པའི་བང་སོ་སྔོག་ཡོད་པ་དང་། དེ་ནས་ཡུན་རིང་པོ་མ་འགོར་བར་སཱོ་ཝེ་ཏ་ལྷན་ཚོགས་ལ་འཇར་མན་ནཱ་ཛིའི་(Nazi)དམག་མིས་བཙན་འཛུལ་བྱས་ཤིང་། སོག་པོའི་ཤར་ཕྱོགས་ཀྱི་མཐའ་མཚམས་སུ་དམག་ཆེན་གཉིས་པ་མགོ་བཙུགས་ཏེ་མི་གསོད་ཁྲག་སྦྱོར་ཡ་ང་བ་བྱུང་བ་དེ་དག་ནི། བང་སོ་དེ་སྔོག་འདོན་བྱས་པའི་རྐྱེན་གྱིས་ལས་འབྲས་འཁོར་བ་ཡིན་པའི་དོགས་པ་རྣམ་རྟོག་བྱེད་བཞིན་ཡོད་འདུག

ངའི་སྐད་སྒྱུར་བ་བུ་མོ་དེའི་མིང་ལ་ཨཱུ་ལུན་(Uelun)ཟེར་བ་དང་། ཁོ་མོ་ནི་སོག་ཡུལ་གྱི་གཞོན་སྐྱེས་ཤིག་ཡིན་པ་དང་། དེ་སྔ་ཨུ་རུ་སུའི་གྲོང་འཁྱེར་ཨཱུ་ལཱན་ཨཱུ་ཌི་(Ulan-Ude)བྷུར་ཡཏ་(Buryat)མངའ་སྡེའི་གཙུག་ལག་སློབ་ཁང་ནས་རྒྱལ་སྤྱིའི་འབྲེལ་ལམ་སློབ་མཐར་ཕྱིན་འདུག ང་རང་གིས་ཁོ་མོ་དོགས་པ་རྣམ་རྟོག་ཅན་ཞིག་ཏུ་མཐོང་མ་སོང་། ཁོ་མོས་ང་ཚོར་སོག་ཡུལ་མི་མང་གིས་ཇིང་གུར་རྒྱལ་པོའི་བང་སོ་རྙེད་འདོད་མེད་པའི་རྒྱུ་མཚན་ནི། ཁོང་ལ་གུས་བརྩི་བྱས་པ་མཚོན་པ་ལས་རྒྱབ་ལྗོངས་གཞན་གང་ཡང་མེད་ཅེས་བསམ་ཚུལ་བརྗོད་སོང་།

ཁོ་མོས། “སོག་པོའི་མི་མང་གིས་ཇིང་གིར་རྒྱལ་པོའི་བང་སོ་སྦ་གསང་བྱེད་པ་ནི། ཇིང་གིར་རྒྱལ་པོའི་དགོངས་པར་མི་འགལ་བའི་ཆེད་དུ་རེད།”ཅེས་གསལ་བཤད་གནང་སོང་།

དེ་ནི་སོག་པོ་ཀུན་གྱི་བསམ་བློའི་འཁྱེར་སོ་ཞིག་རེད། སོག་པོ་ནི་གནའ་སྔ་མོ་ནས་རིག་གཞུང་གོམས་སྲོལ་དང་སྤོབས་པ་ཆེན་པོ་ལྡན་པའི་རྒྱལ་ཁབ་ཅིག་ཡིན། ཇིང་གིར་རྒྱལ་པོའི་རིགས་རྒྱུད་ལ་ཆེན་པོ་ཁཱང་གི་རྒྱལ་རྒྱུད་ཟེར་བ་དང་། སོག་པོ་ཕལ་མོ་ཆེའི་ཁྱིམ་དུ་ཁཱང་རྒྱལ་རྒྱུད་ཀྱི་བརྙན་རིས་འཚེམ་འདྲུབ་མ་དང་ལག་བྲིས་རི་མོ་སོགས་དཔྱང་ནས་བཞག་ཡོད། སོག་པོའི་མི་ཁ་ཤས་ཀྱིས་ཁོང་ཚོའི་རིགས་རྒྱུད་དེད་ན་ཁཱང་རྒྱལ་རྒྱུད་དུ་གཏོགས་ཚུལ་ཁེངས་རློམ་བྱེད་ཀྱི་ཡོད་འདུག གང་ལྟར། ཇིང་གིར་རྒྱལ་པོ་ནི་སོག་པོའི་རྒྱལ་ཁམས་ཡོངས་ལ་སྐད་གྲགས་ཆེ་བའི་དཔའ་རྟུལ་ཞིག་རེད།

མང་པོ་ཞིག་གིས་ཇིང་གིར་རྒྱལ་པོའི་བང་སོ་ནི་སོག་ཡུལ་གྱི་ས་ཕྱོགས་ཀུན་ནས་བསྡུས་པའི་རྒྱུ་ནོར་གྱིས་བསྐངས་ཡོད་པར་དྲན་བཞིན་ཡོད།

ཇིང་གིར་རྒྱལ་པོའི་བང་སོ་འཚོལ་བ།

ཇིང་གིར་རྒྱལ་པོའི་བང་སོ་འཚོལ་རྒྱུར་ཇིང་གིར་རྒྱལ་པོའི་ཁ་ཆེམས་ལ་གུས་བཀུར་བྱེད་པ་ཁོ་ན་མིན་པར། སོག་ཡུལ་དུ་དེང་རབས་ཚན་རིག་འཕྲུལ་ཆས་ཡར་རྒྱས་མེད་པ་དེས་ཀྱང་དཀའ་ངལ་འཕར་མ་ཞིག་སྤྲོད་བཞིན་ཡོད་འདུག སོག་ཡུལ་ནི་ཧ་ཅང་རྒྱ་ཆེ་ཡང་ད་ལྟ་ད་དུང་རྒྱལ་ཁབ་གཞན་ལྟ་བུའི་ཡར་རྒྱས་ཆེན་པོ་དེ་འདྲའང་ཕྱིན་མི་འདུག སོག་ཡུལ་ནི་དབྱིན་ཡུལ་ལས་ལྡབ་བདུན་གྱིས་ཆེ་ཡང་གཞུང་ལམ་ནི་དབྱིན་ཡུལ་གྱི་བརྒྱ་ཆ་ ༢ ཙམ་ཡང་ཟིན་མེད།

སོག་ཡུལ་དུ་མི་འབོར་ཧ་ཅང་ཉུང་ངུ་ཞིག་ལས་མེད་པར་བས་མཐར་གནས་པའི་གྷི་རིན་ལཱན་ཌི་(Greenland)རྒྱལ་ཁབ་ཀྱི་མི་འབོར་ལས་ཀྱང་ཉུང་བ་ཡིན།

སོག་ཡུལ་རྒྱལ་ས་ཨཱུ་ལཱན་པཱ་ཐོར་གཙུག་ལག་སློབ་ཁང་གི་གནའ་རྫས་བརྟག་དཔྱད་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་ཨཱེར་ཌ་ནཱི་བྷ་ཊར་(DrErdenebaatar)ལགས་ནི། ཇིང་གིར་རྒྱལ་པོའི་བང་སོ་འཚོལ་བར་མགོ་རྩོམ་མཁན་ཆེས་ཐོག་མ་དེ་ཡིན་འདུག སྐབས་དེར་ཁོང་གིས་ཉི་ཧོང་དང་སོག་ཡུལ་གཉིས་ཟུང་འབྲེལ་ཐོག་གྷུར་ཝན་གྷོལ་(GurvanGol)(རྒྱུག་ཆུ་གསུམ་ཞེས་པར་གོ)ཞེས་པའི་ལས་གཞི་ཞིག་མགོ་བཙུགས་ཏེ། ཁོང་ཚོས་ཐོག་མར་ཇིང་གིར་རྒྱལ་པོའི་འཁྲུངས་ཡུལ་འཚོལ་ཞིབ་བྱས་པ་ལྟར། ཁཱེན་ཏི་(Khentii)ཞིང་ཆེན་གྱི་ས་གནས་ཀཱར་ལཱིན་(Kherlen)ཉེ་འགྲམ་གྱི་ཨོ་ནཱོན་(Onon)དང་རྒྱུག་ཆུ་ཏཱུལ་(Tuul)ནས་འཁྲུངས་ཡུལ་རྙེད་པ་རེད། དེ་ནི་ ༡༩༩༠ ལོ་ཡིན་པ་དང་། སྐབས་དེར་སོག་ཡུལ་མི་མང་གིས་ཞི་བའི་ཐོག་ནས་དམར་ཤོག་གཞུང་ལ་ངོ་རྒོལ་བྱས་ཏེ། དམངས་གཙོའི་ལམ་ལུགས་ལ་བཅོས་བསྒྱུར་བྱས་མ་ཐག་ཡིན་པ་མ་ཟད། ཇིང་གིར་རྒྱལ་པོ་དང་འབྲེལ་བའི་གནད་དོན་ཐོག་ཞིབ་འཇུག་བྱེད་མཁན་གྷུར་ཝན་གྷོལ་གྱི་ལས་གཞི་ཡང་མཚམས་འཇོག་དགོས་པའི་ངོ་རྒོལ་བྱས་ཡོད་འདུག

ང་དང་ཨཱུ་ལུན་གཉིས་ཆེད་དུ་ཨཱུ་ལཱན་པ་ཐོར་གཙུག་ལག་སློབ་གྲྭར་བསྐྱོད་དེ། སློབ་དཔོན་ཨེར་ཌ་ནི་བྷར་ཊར་ལགས་སུ་ཇིང་གིར་རྒྱལ་པོའི་སྐོར་དང་། དམིགས་བསལ་གྱིས་བང་སོའི་སྐོར་ལ་སྐད་ཆ་དྲིས་པ་ཡིན། སློབ་དཔོན་ཁོང་དང་ཕྱག་རོགས་རྣམས་ཀྱིས་ ༢༠༠༡ ལོ་ནས་མགོ་བཙུགས་ཏེ་སོག་ཡུལ་དཀྱིལ་གྱི་ཨཱར་ཁཱང་གྷེ་(Arkhangai)ཞིང་ཆེན་དུ་ཡོད་པའི་རྒྱལ་པོ་ཞི་འོང་ནཱུའི་(Xiongnu)ཡི་བང་སོ་ལོ་ངོ་ ༢༠༠༠ ཕྱིན་ཡོད་པ་དེར་སྔོག་ཞིབ་བྱེད་བཞིན་ཡོད་པ་རེད། རྒྱལ་པོ་ཞི་འོང་ནཱུའི་མེས་པོ་རྣམས་ནི་སོག་པོ་ཡིན་པ་དང་། ཇིང་གིར་རྒྱལ་པོ་རང་ཉིད་ཀྱིས་ཀྱང་དེ་ལྟར་ཡིན་ཚུལ་བརྗོད་ཡོད་འདུག དེར་བརྟེན། རྒྱལ་པོ་ཞི་འོང་ནཱུར་དང་ཇིང་གིར་རྒྱལ་པོའི་སྐབས་ཀྱི་བང་སོ་འདེབས་ཚུལ་འདྲ་བོ་ཡིན་སྲིད་པ་དང་། རྒྱལ་པོ་ཞི་འོང་ནཱུར་གྱི་བང་སོ་ལ་ཞིབ་འཇུག་བྱས་པ་བརྒྱུད་དེ་ཇིང་གིར་རྒྱལ་པོའི་བང་སོ་ཇི་ལྟར་བཏབས་ཡོད་པར་ཡང་བསམ་གཞིགས་བྱེད་པར་ཕན་ཐོགས་ཡོད་པ་རེད་ཟེར།

ཞི་འོང་ནཱུའི་རྒྱལ་པོ་རྣམས་ཀྱི་སྐུ་ཕུང་ཤིང་སྒམ་ནང་བཅུག་སྟེ་ས་དོང་གཏིང་ཚད་མི་ཊར་ ༢༠ ལྷག་དྲུས་ཏེ་བཞག་ཅིང་དེའི་ཐོག་ཏུ་ས་བླུགས་ཡོད་པ་མ་ཟད། བང་སོའི་རྟགས་ལ་སའི་སྒང་ནས་རྡོས་བཀབ་ཏེ་གྲུ་བཞི་ཅན་བཟོས་ཡོད་འདུག སློབ་དཔོན་ཨཱེར་ཌ་ནཱི་བྷ་ཊར་དང་ཁོང་གི་ཕྱག་རོགས་ཚོས་བང་སོ་དང་པོ་གཅིག་པུ་སྔོག་འདོན་བྱེད་པར་དབྱར་ཁའི་ཟླ་བ་ ༡༠ འགོར་ཡོད་པ་དང་། ཁོ་ཚོས་བང་སོ་དེའི་ནང་གི་རྒྱུ་དངོས་རྩ་ཆེན་མང་པོ་ཞིག་རྐུན་ཇག་ཚོས་སྔ་མོ་ནས་འཁྱེར་ཚར་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། ཤུལ་དུ་ལུས་ཡོད་པའི་རྒྱུ་མང་པོ་ཞིག་རྙེད་ཡོད་པའི་ཁྲོད་རྒྱ་ནག་གི་ཤིང་རྟ་དང་། རོ་མཱན་གྱི་ཤེལ་དམ། དེ་མིན་ལྕགས་རིགས་སོགས་ཀྱི་དངོས་པོ་མང་པོ་རྙེད་སོན་བྱུང་ཡོད་འདུག རྒྱུ་དངོས་དེ་དག་ལ་ཞིབ་འཇུག་བྱས་པ་བརྒྱུད་དེ་རྒྱལ་པོ་ཞི་འོང་ནཱུའི་རྒྱལ་རྒྱུད་ཀྱིས་རྒྱ་ནག་དང་རཱོ་མ་སོགས་སུ་དབང་སྒྱུར་བསླེབས་ཡོད་པ་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་འདུག

གཏམ་རྒྱུད་དུ་ཇིང་གིར་རྒྱལ་པོའི་སྐུ་ཕུང་ནི་ཁཱེན་ཏི་རི་བོར་བང་སོ་བཏབས་ཡོད་ཟེར།

སློབ་དཔོན་ཨཱེར་ཌ་ནཱི་བྷ་ཊར་ལགས་ཀྱིས་ང་རང་གཙུག་ལག་སློབ་ཁང་གི་གནའ་རྫས་རིགས་འཇོག་སའི་འགྲེམ་སྟོན་ཁང་ཆུང་ཆུང་ཞིག་ཏུ་ཁྲིད་དེ། བང་སོ་ནས་རྙེད་སོན་བྱུང་བའི་གསེར་དངུལ་གྱི་རྒྱན་ཆ་དེ་དག་བཞོན་རྟ་དང་མཉམ་དུ་བང་སོའི་ཉེ་འཁྲིས་སུ་སྦས་ཡོད་པ་དག་བསྟན་གནང་སོང་།

མང་པོ་ཞིག་གིས་ཇིང་གིར་རྒྱལ་པོའི་བང་སོ་ཡང་རྒྱལ་པོ་ཞི་འོང་ནཱུ་རྒྱལ་རྒྱུད་ཀྱི་བང་སོ་ལྟར། སོག་ཡུལ་གྱི་ཕྱོགས་གང་ས་ནས་རྒྱུ་དངོས་བསྡུས་ཏེ་བླུགས་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་སྟབས། ཕྱི་རྒྱལ་བ་རྣམས་ཀྱིས་ཇིང་གིར་རྒྱལ་པོའི་བང་སོ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། གལ་ཏེ་ཇིང་གིར་རྒྱལ་པོའི་བང་སོ་ཞི་འོང་ནཱུའི་བང་སོ་སྦས་ཚུལ་ལྟར་ཡིན་ན་རྙེད་ཁག་པོ་རེད་ལ། དེ་ལྟར་སྦས་མེད་ཚེ་དེ་ལས་ཀྱང་རྙེད་མི་སྲིད་པ་ཞིག་རེད་བསམ་གྱི་འདུག གང་ཡིན་ཟེར་ན། བང་སོ་དེ་གསང་བ་བྱེད་ཆེད་བང་སོ་འདེབས་མཁན་ཚོས་བང་སོའི་རྟགས་ལ་རྡོ་བཀབ་སྟེ་གྲུ་བཞི་བཟོས་མེད་ཚེ། ཡིད་ཚོད་བྱས་ཏེ་ག་ས་གང་དུ་ས་དོང་གཏིང་ཚད་མི་ཊར་ ༢༠ ཙམ་རེ་འདྲུ་པ་ལས་སླ་བོ་ཞིག་མ་རེད།

ངས་སློབ་དཔོན་ཨཱེར་ཌ་ནཱི་བྷ་ཊར་ལགས་སུ་ཁོང་གིས་ཇིང་གིར་རྒྱལ་པོའི་བང་སོ་རྙེད་ཐུབ་བམ་ཞེས་དྲིས་པར། ཁོང་གིས་ལན་དུ་ཞི་འཇམ་ངང་རྒྱུན་ལྡན་མ་ཡིན་པའི་རྣམ་འགྱུར་ཞིག་བསྟན་དེ་དཔུང་པ་གསིག་གསིག་གནང་སོང་། གང་ཡིན་ཟེར་ན། ལོ་རྒྱུས་ནི་ཧ་ཅང་གཞི་རྒྱ་ཆེན་པོ་ཞིག་ཡིན་སྟབས། སློབ་དཔོན་ལ་མི་ཚེ་འདིར་ཡོངས་སུ་ཤེས་རྟོགས་ཐུབ་པར་ཕལ་ཆེར་དུས་ཚོད་འདང་ངེས་ཤིག་མེད་པ་འདྲ།

སྦེད་གསང་གི་ཕྱོགས་སུ་བསླེབ་སྲིད་པའི་རེ་བ།

དམངས་ཁྲོད་ཀྱི་བཤད་སྲོལ་ནི། ཇིང་གིར་རྒྱལ་པོའི་བང་སོ་ནི་ཨཱུ་ལཱན་པཱ་ཐོར་གྱི་བྱང་ཤར་ཕྱོགས་ནས་རྒྱང་ཐག་སྤྱི་ལེ་ ༡༦༠ ཙམ་གྱི་མཚམས་སུ་ཡོད་པའི་བྷར་ཁཱན་ཁཱལ་དུན་(BurkhanKhaldun)ཞེས་པའི་རི་རྒྱུད་དུ་སྦས་ཡོད་པར་གྲགས། གང་ཡིན་ཟེར་ན། ཇིང་གིར་ཁོང་ལོ་ན་གཞོན་དུས་ཤིག་ལ་དགྲ་བོའི་ལག་ནས་བྲོས་ཏེ་རི་བོའི་རྩེར་གབ་པ་དང་། མཐའ་མ་ཤི་དུས་ཀྱང་རི་བོ་དེར་ཕྱིར་ལོག་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག་ཡོད་ཟེར། འོན་ཀྱང་། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བྱས་ཀྱང་། ཁོང་གི་གབ་ཡུལ་དང་ཕུང་བོ་སྦེད་ས་འདི་རེད་ཟེར་བ་ཞིག་མཁས་པ་སུ་ལའང་བཤད་རྒྱུ་མེད།

ཨཱུ་ལཱན་པཱ་ཐོར་མངའ་སྡེའི་གཙུག་ལག་སློབ་ཁང་གི་ལོ་རྒྱུས་ཚན་པའི་སློབ་དཔོན་བསོད་ནམས་འཚོ་སྨོན་(DrSodnomTsolmon)འབོད་པ་ཞིག་གིས། “ སྤྱིར་བཏིང་རི་བོ་དེ་རྩ་ཆེན་པོ་ཞིག་རེད། འོན་ཀྱང་། རི་བོ་རྩ་ཆེན་ཡིན་པ་ཙམ་གྱིས་ཁོང་གི་བང་སོ་སྦས་དགོས་པའི་ངེས་པ་མེད།” ཅེས་བརྗོད་སོང་། ཁོང་ནི་དུས་རབས ༡༣ སྐབས་ཀྱི་སོག་པོའི་རྒྱལ་རབས་ལོ་རྒྱུས་ཆེད་མཁས་པ་ཞིག་ཡིན་འདུག

མཁས་པ་མང་པོ་ཞིག་གིས་ཇིང་གིར་རྒྱལ་པོའི་བང་སོ་སྦེད་ཡུལ་གྱི་ས་ཕྱོགས་ཤེས་རྟོགས་ཡོང་ཆེད་ལོ་རྒྱུས་ལ་གཞི་བཅོལ་གྱི་ཡོད་ཀྱང་། ལོ་རྒྱུས་ནི་མགོ་རྙོག་ཆེ་སྟབས་ཁོང་ཚོའི་བཞེད་པ་ཕན་ཚུན་འགལ་ཟླ་མང་པོ་ཡོང་གི་ཡོད་འདུག བཤད་སྲོལ་ལྟར་ན། བང་སོའི་རྗེས་ཤུལ་དང་རྟགས་མེད་པ་བཟོ་ཆེད་ཞོན་རྟ་ ༡༠༠༠ ལྷག་གིས་བང་སོའི་སྟེང་སྐོར་རྒྱུག་བྱས་པ་རེད་ཟེར། རྒྱལ་པོ་ཞི་འོང་ནཱུའི་རྒྱལ་རྒྱུད་ལྟར་བང་སོ་བཏབས་ཡོད་པར་ཆ་བཞག་ན། བང་སོ་འདེབས་ཡུལ་ནི་ས་ངོས་ཆ་སྙོམ་པོ་དང་རྒྱ་ཆེན་པོ་ཡིན་དགོས། དེ་བཞིན། གཞོན་དུས་གབ་སར་ཤི་དུས་ཕྱིར་ལོག་བྱེད་ཀྱི་ཡིན་ཟེར་སྲོལ་ལྟར་བྱས་ན། བང་སོ་ནི་རི་བོའི་སྒང་ཞིག་ཡིན་དགོས། དེ་ནི་དེ་བས་མགོ་རྙོག་ཅན་ཞིག་རེད། གང་ཡིན་ཟེར་ན། ད་ལྟ་སོག་ཡུལ་གྱི་ཁོར་ཡུག་ཞིབ་འཇུག་པ་ཚོས་ལོ་རྒྱུས་ནང་གྲགས་པའི་བྷར་ཁཱན་ཁཱལ་དུན་ཟེར་བའི་རི་རྒྱུད་ནི་རི་རྒྱུད་མ་འདྲ་བ་ལྔ་ཙམ་ལ་ངོས་འཛིན་བྱེད་སྲོལ་ཡོད་འདུག

སྤྱིར་ང་དང་སློབ་དཔོན་འཚོ་སྨོན་གཉིས་བྷར་ཁཱན་ཁཱལ་དུན་གྱི་རི་བོར་སྐྱོད་ཆོག་གི་མི་འདུག རི་བོ་དེ་རྩ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་སྟབས། དམིགས་བསལ་གྱིས་བུད་མེད་ཚོ་སྐྱོད་ཆོག་གི་མི་འདུག སྐྱེས་པ་ཕོ་ཡིན་ཡང་རྒྱལ་རིགས་ཡིན་དགོས་པ་ལས་ཕོ་ཡིན་ཚད་འགྲོ་ཆོག་གི་མི་འདུག

དཔའ་རྟུལ་གྱི་ཁ་ཆེམས་ལ་གུས་བཀུར།

བང་སོ་རྙེད་རྒྱུ་ཁག་པོ་ཡིན་ཡང་སོག་ཡུལ་དུ་ད་དུང་དེའི་སྐོར་ལ་རྙོག་གླེང་འབྱུང་བཞིན་པའི་རྒྱུ་མཚན་གང་ཡིན་ནམ།

ཇིར་གིར་རྒྱལ་པོའི་སྲིད་དབང་སྐབས་ཆབ་སྲིད་ཀྱི་རང་དབང་ཆེ་བ་དང་ཆོས་དད་རང་དབང་ཡོད་པར་གྲགས།

ཇིང་གིར་རྒྱལ་པོ་ནི་སོག་ཡུལ་གྱི་དཔའ་རྟུལ་སྐད་གྲགས་ཆེ་ཤོས་ཤིག་རེད། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཁོང་གིས་ས་ཆ་ག་ཚོད་ཅིག་བཙན་བཟུང་བྱས་ཡོད་མེད་ལ་བརྟེན་ཏེ་དྲན་གསོ་བྱེད་ཀྱི་ཡོད་ཀྱང་། སོག་ཡུལ་མི་མང་གིས་ཁོང་གི་འཛུགས་བསྐྲུན་ལ་བརྟེན་ནས་དྲན་གསོ་བྱེད་ཀྱིན་ཡོད། ཁོང་གི་རྒྱལ་སྲིད་ཀྱིས་འཛམ་གླིང་ཤར་ནུབ་གཉིས་འབྲེལ་མཐུད་བྱེད་ཐུབ་པ་བྱུང་བ་དང་། རྒྱུད་གཅིག་ལམ་གཅིག་གི་(Silk Road)ཚོང་ལམ་དེའང་རྒྱ་སྐྱེད་བྱས་ཡོད་འདུག དེ་བཞིན། ཁོང་ནི་ལྟ་གྲུབ་ཡོད་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པ་དང་། ཁོང་གིས་འབངས་ལ་ཆབ་སྲིད་ཀྱི་གུ་ཡངས་དང་ཆོས་དད་རང་མོས་གནང་ཡོད་འདུག ཁོང་གིས་འཛམ་གླིང་དབང་བསྒྱུར་བྱས་པ་ཙམ་མིན་པར། ཡི་གེ་སྐྱེལ་འདྲེན་ཆེད་སྦྲགས་ལམ་དང་ཤོག་བུའི་དངུལ་ལོ་གསར་གཏོད་གནང་ཡོད།

དེར་བརྟེན། ཁོང་ནི་དེང་སང་ཡང་སོག་ཡུལ་དུ་ཆེས་གུས་བཀུར་བྱེད་ཡུལ་གྱི་མི་སྣ་རླབས་ཆེན་ཞིག་ཡིན་སྟབས། ཁོང་གི་བང་སོར་གཏོར་བཤིག་མ་བཏང་བར་རང་སོར་འཇོག་འདོད་ཡོད་པ་རེད།

ངའི་སྐད་སྒྱུར་བ་ཨཱུ་ལུན་གྱིས། “གལ་ཏེ་ཇིང་གིར་རྒྱལ་པོའི་དམག་མི་ཚོས་ཇིང་གིར་རྒྱལ་པོའི་བང་སོ་རྙེད་འཇུག་འདོད་ཡོད་ན། ངེས་པར་དུ་ཁོང་ཚོས་བང་སོ་དང་འབྲེལ་བའི་རྟགས་མཚན་ཞིག་བཞག་ཡོད་ངེས་རེད། འོན་ཀྱང་། ད་སྔ་དེ་འདྲ་ཡོད་པ་སུ་གང་གིས་ཀྱང་མཐོང་ཐོས་ཡོད་པ་མ་རེད།” ཅེས་བརྗོད་སོང་། དེ་ནི་ཁོ་མོའི་མཐའ་མཇུག་གི་སྐད་ཆ་རེད།

མ་ཡིག་འབྲེལ་ཐག http://www.bbc.com/travel/story/20170717-why-genghis-khans-tomb-cant-be-found

བསྐྱར་བཅོས།: ༢༠༡༧/༠༨/༠༣

Leave a Reply

One thought on “ཇིང་གིར་རྒྱལ་པོའི་བང་སོ་མ་རྙེད་པའི་རྒྱུ་མཚན་གང་ཡིན་ནམ།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཇིང་གིར་བདུད་རྒྱལ་གྱི་བང་སོ་ས་འོག་ཤོར་ནས་ས་སྟེང་ཚོལ་བ་བརྒོད་རེ་བྲོ་།