རྨོ་མོ་དགུང་ལོ་༩༡ཅན་ཞིག་གཙུག་ལག་རབ་འབྱམས་པ་ཐོན།

ཁ་སང་ཐའེ་ལན་ཌི་ནས་ཡིན་པའི་རྨོ་མོ་དགུང་ལོ་ ༩༡ ཅན་ཞིག་མིའི་སྐྱེས་ཁམས་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་ཕྱིན་ཡོད་འདུག

རྨོ་ལགས་དེའི་མིང་ལ་ཁེམ་ལན་ཇི་ནཱ་ཁོལ་(Kimlan Jinakul)ཟེར་ཞིང་། ལོ་ན་གཞོན་དུས་མཐོ་རིམ་སློབ་གྲྭར་འགྲོ་འདོད་ཤིན་ཏུ་སྐྱེས་ཡོད་ན་ཡང་། མོ་ལ་མཐོ་རིམ་སློབ་གྲྭ་འགྲིམས་པའི་གོ་སྐབས་གཏན་ནས་བྱུང་མེད་པ་རེད། ཡིན་ན་ཡང་། མི་ཚེའི་མཐའ་མཇུག་ཏུ་སླེབས་རྗེས་མོ་རང་གི་བྱིས་པ་ཕལ་ཆེ་བ་མཐོ་རིམ་སློབ་མཐར་ཕྱིན་ཡོད་པ་དང་། མོས་རང་གི་མི་ཚེའི་རེ་འདུན་སྐོང་ཆེད་མཐོ་རིམ་སློབ་གྲྭར་འགྲོ་རྒྱུ་ཐག་བཅད་དེ་སློབ་གྲྭ་འགྲིམས་ཡོད་པ་དང་། ཁ་སང་གཟའ་ལྷག་པའི་ཉིན་མཐོ་རིམ་སློབ་གྲྭ་མཐར་ཕྱིན་པའི་ཕྱག་འཁྱེར་བླངས་ཡོད་འདུག

རྨོ་ཁེམ་ལན་ཇི་ནཱ་ཁོལ་ལགས་ནི་ཐའེ་ལན་ཌིའི་ནུབ་ཁུལ་གྱི་(Lampang)ཞིང་ཆེན་ནས་ཡིན་པ་དང་། མོ་རང་ཆུང་དུས་གྲོང་སྡེའི་ནང་གི་སློབ་མ་ཧ་ཅང་སྤྱང་གྲུང་ལྡན་པ་ཞིག་ཡིན་འདུག ཡིན་ན་ཡང་། ཕྱིས་སུ་ནང་མི་ཚོ་ཐའེ་ལན་ཌིའི་རྒྱལ་ས་བྷན་ཀོག་(Bangkok)ལ་གནས་སྤོ་བྱས་པར་བརྟེན། མོ་ལ་མཐོ་སློབ་འགྲིམས་པའི་གོ་སྐབས་མ་བྱུང་བར་གཉེན་སྒྲིག་བྱ་དགོས་བྱུང་ཡོད་པ་རེད། དེ་ནས་བཟུང་མོའི་མཐོ་རིམ་སློབ་གྲྭར་འགྲོ་འདོད་ཀྱི་རྨི་ལམ་མཚམས་ཆད་ཡོད་འདུག

རྨོ་ལགས་དེསཐའེ་ལན་ཌིའི་བྷེ་བྷེ་སེ་གསར་འགོད་པ་(Watchiranont Thongtep)ལགས་སུ། ངས་ནམ་རྒྱུན་ནས་རང་གི་བུ་ཕྲུག་ཚོའི་སློབ་སྦྱོང་མཐར་ཕྱིན་པ་ཞིག་བྱ་དགོས་འདོད་པ་ཡིན་ལ། ཁོ་རང་ཚོ་མཐོ་རིམ་སློབ་གྲྭ་འགྲིམ་པར་གང་ཐུབ་ཀྱིས་རྒྱབ་སྐྱོར་བྱས་པ་ཡིན་ཞེས་བརྗོད་འདུག

མོ་ལ་བུ་ཕྲུག་ལྔ་ཡོད་པ་ལས་བཞི་སློབ་དཔོན་གྱི་བསླབ་གནས་ཐོན་ཡོད་པ་དང་། གཅིག་ཨ་རི་ནས་འབུམ་རམས་པའི་བསླབ་པ་མཐར་ཕྱིན་ཡོད་འདུག བུ་ཕྲུག་ཚོའི་ཤེས་ཡོན་གྱིས་མོ་རང་མཐོ་སློབ་ཏུ་ཞུགས་པའི་སེམས་ཤུགས་བསྐྲུན་ཡོད་འདུག

མི་ཚེ་སྐྱིད་པོ་དང་ཡག་པོ།

མོའི་བུ་མོ་གཅིག་གིས་ད་ལྟ་སྨན་ཁང་དུ་ལས་གཉེར་བྱ་བཞིན་ཡོད་པ་དང་། བུ་མོ་དེ་(Sukhothai Thammathirat)གཙུག་ལག་སློབ་གྲྭ་ནས་སློབ་མཐར་ཕྱིན། མོས་རོགས་སྐྱོར་བྱས་པ་ལ་བརྟེན་ནས་ཨ་མ་ཁེམ་ལན་(Kimlan)གྱིས་མཐོ་སློབ་ཀྱི་ལོ་དང་པོའི་ཡིག་རྒྱུགས་ཡག་པོ་བྱུང་ཡོད་འདུག

རྨོ་ཁེམ་ལན་ལགས་མཐོ་རིམ་སློབ་གྲྭར་ཞུགས་དུས་ལོ་ན་༧༢ཡིན་ཡང་། སྐབས་དེར་མོའི་བུ་་མོ་ཞིག་འདས་གྲོངས་སུ་ཕྱིན་པས་ལོ་ཤས་ཤིག་ལ་སློབ་མཚམས་འཇོག་དགོས་བྱུང་ཡོད་པ་རེད། དེའི་རྗེས་མོ་རང་ལོ་ན་༨༥ལ་སླེབས་རྗེས་བསྐྱར་དུ་མཐོ་རིམ་སློབ་གྲྭར་འཛུལ་ཞུགས་བྱས་ཏེ་མིའི་སྐྱེས་ཁམས་རིག་པའི(Human Ecology)སྐོར་ལ་སློབ་སྦྱོང་བྱས་ཡོད་པ་དང་། སློབ་ཚན་དེའི་ནང་གཙོ་བོ་མོ་ལ་མི་ཚེ་ཡག་པོ་དང་སྐྱིད་པོ་ག་འདྲ་བྱས་ཏེ་སྐྱེལ་དགོས་པའི་སྐོར་སློབ་འཁྲིད་གནང་ཡོད་པ་རེད།

མོས་བྷེ་བྷེ་སི་གསར་འགོད་པར། བུ་མོ་འདས་གྲོངས་སུ་སོང་བའི་སྐྱོ་ངལ་ཅུང་ཙམ་སང་བ་དང་། ངས་རང་ཉིད་ཧུར་གྱིས་དེད་དེ་སློབ་ཚན་དེ་ཚར་བཅུག་པ་ཡིན་ལ། ངའི་བུ་མོའི་རྣམ་ཤེས་ཀྱིས་དོན་འདི་མཐོང་ཐུབ་པའི་རེ་བ་བརྒྱབ་ཡོད། ཅེས་བརྗོད་འདུག

སློབ་སྦྱོང་བྱས་པའི་ལོ་དེ་དག་གི་རིང་ལ་མོའི་ཉིན་རེའི་འཆར་ཅན་གྱི་ལས་ཀ་ནི་ཞོགས་པ་སྔ་པོ་ལངས་ནས་ནང་པའི་དགེ་སློང་ཚོར་བསོད་སྙོམས་སྦྱིན་གཏོང་དང་། ཐག་ཉེ་རུ་ཡོད་པའི་ལྷ་ཁང་དུ་ཕྱག་མཆོད་འབུལ་དུ་འགྲོ་བཞིན་ཡོད་འདུག དེ་དག་ཚར་རྗེས་གཞི་ནས་ཉིན་རེའི་སློབ་ཚན་ཁག་ལ་རང་སྦྱོང་བྱེད་ཀྱི་ཡོད་པ་རེད།

མོས་སློབ་སྦྱོང་བྱ་རྒྱུར་འགོར་འགྱངས་ཕྱིན་སོང་བ་ཞིག་གཏན་ནས་ཡོད་པ་མ་རེད་ལ། ང་ནི་ནམ་རྒྱུན་སློབ་སྦྱོང་བྱ་རྒྱུར་བློ་རིག་རྣོ་བོ་ཡོད། འཛམ་གླིང་འདི་གཏན་ནས་མཚམས་འཇོག་མི་སྲིད་པས། ང་ཚོས་སེལ་དགོས་པའི་དཀའ་ངལ་མང་པོ་ཞིག་མུ་མཐུད་བྱུང་ཡོང་གི་ཡོད་པ་རེད། གལ་ཏེ་ང་ཚོར་དེ་སེལ་ཐབས་ཀྱི་ཚན་རིག་གསར་པ་ཞིག་མེད་སོང་བ་ཡིན་ན། འཛམ་གླིང་ཡར་རྒྱས་གོང་འཕེལ་དུ་འགྲོ་བ་མཚམས་འཇོག་གི་རེད། ཅེས་བརྗོད་འདུག

མཐའ་མཇུག་གི་ལེགས་འགྲུབ།

གསར་འགོད་པས་རྨོ་ལགས་ལ་མི་ཚེའི་ལེགས་འགྲུབ་ཀྱི་གསང་བའི་སྐོར་ལ་སྐད་ཆ་དྲིས་པར། མོས་དེ་ནི་དམིགས་ཡུལ་ལྡན་པ་དང་སེམས་ཐག་ཆོད་པོ་ཅན་ཞིག་ཡིན་དགོས་པ་སྔོན་ཆད་ནས་ངེས་ཤེས་བྱུང་ཡོད་པ་བརྗོད།

རྨོ་ལགས་ཁེམ་ལན་ལགས་ཀྱིས། ངས་རང་ཉིད་ལ་སློབ་ཚན་གཅིག་ཚར་དགོས་པར་སྐུལ་ཏེ་གང་ཐུབ་ཀྱིས་ཡག་པོ་སྦྱངས་བ་ཡིན་ལ། གནད་དོན་ཆེ་ཁག་ཚང་མར་རྟགས་བརྒྱབ་ནས་བློར་འཛིན་བྱས་པ་ཡིན། ངས་ཡིག་ཚད་འཕྲོད་དུས་སེམས་དགའ་བོ་བྱུང་གི་འདུག་མོད་མ་འཕྲོད་དུས་སེམས་པ་སྐྱོ་བོ་བྱུང་། ཡིག་ཚད་མ་འཕྲོད་དུས་བསྐྱར་རྒྱུགས་བཏང་སྟེ་འཕྲོད་མ་སོང་བར་དུ་འཇོག་གི་མེད། ཅེས་གད་མོ་དགོད་བཞིན་དུ་བཤད།

མོའི་འཆར་གཞི་ཅི་ཞིག་ཡིན་ནམ།

མོས་གསར་འགོད་པར་རྩེད་མོ་དང་སྦྲགས་ད་ལྟ་ངས་ལས་ཀ་བཙལ་བ་ཡིན་ནའང་ལས་ཀ་སྤྲོད་མཁན་སུ་ཡང་མེད་པས། མོས་རང་གི་ཚ་བོ་ཚ་མོ་རྣམས་ལ་མུ་མཐུད་ལྟ་སྐྱོང་བྱས་ནས་འདུག་གི་ཡིན་ཞེས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༡༠

Leave a Reply

One thought on “རྨོ་མོ་དགུང་ལོ་༩༡ཅན་ཞིག་གཙུག་ལག་རབ་འབྱམས་པ་ཐོན།

  1. རྩེ་བརྒྱ་པ།

    ས་པཎ་གྱིས། རིག་པ་ནངས་པར་འཆི་ཡང་བསླབ། །ཞེས་གསུངས་དོན་ལག་ཏུ་ལེན་མཁན་འཛམ་གླིང་འདི་ན་མཐོང་དཀོན་པོ་ཡི་པས། གང་ཉིད་ཀྱིས་དེའི་དོན་ཚུལ་བཞིན་གནང་བ་ལ་རྗེས་སུ་ཡི་རང་།