རེབ་གོང་ཟམ་ཆེན་ཐོག་བོད་ཡིག་འབྲི་དགོས་སུས་ལབ་སོང་།

རེབ་གོང་ཟམ་ཆེན་གྱི་མིང་བོད་ཡིག་ནང་བསྒྱུར་བར་དགའ་བྱུང་ཡང་གཡས་གཡོན་དུ་རྒྱ་ནག་གི་རྒྱལ་དར་ཇེ་མང་དུ་ཕྱིན་པར་སྐྱོ་བྱུང་ཟེར།

ཉེ་ཆར་རེབ་གོང་ཟམ་ཆེན་གྱི་འདྲ་པར་ཞིག་སྤྱི་ཚོགས་དྲ་ལམ་དུ་བཀྲམ་སྟེ། ཟམ་ཆེན་གྱི་མིང་རྒྱ་ཡིག་ནང་བྲིས་ཡོད་པ་དེར་བོད་སྐད་ཡིག་ལ་དོ་འཁུར་ཅན་མང་པོ་ཞིག་གིས་སྐྱོན་བརྗོད་བྱས་ཡོད་པར་བརྟེན། ཉིན་ཤས་ལས་མ་འགོར་བར་ཟམ་ཆེན་དེའི་མིང་བོད་ཡིག་ནང་བསྒྱུར་ཡོད་ཀྱང་། ད་ལྟ་ཟམ་ཆེན་གྱི་མིང་བོད་ཡིག་ནང་བསྒྱུར་དགོས་ཟེར་མཁན་སུ་ཡིན་རྩད་གཅོད་གཏོང་བཞིན་ཡོད་འདུག

འདི་གར་འབྲེལ་ཡོད་ཅིག་གིས་བརྗོད་པ་ལྟར་ན། ཁ་སང་དེ་རིང་རེབ་གོང་ཕྱོགས་ནས་མི་མང་པོ་ཞིག་ཉེན་རྟོག་ཁང་དུ་འབོད་འགུག་བྱས་ཏེ་འདྲི་གཅོད་བྱེད་བཞིན་ཡོད་པ་དང་། འདྲི་གཅོད་སྐབས་རེབ་གོང་ཟམ་ཆེན་ཐོག་བོད་ཡིག་འབྲི་དགོས་ཟེར་མཁན་ཞིག་འདུག མི་དེ་སུ་ཡིན་མིན་སྐད་ཆ་འདྲི་ཡི་ཡོད་འདུག

ཡང་ས་གནས་མི་མང་གིས། དེ་སྔོན་ཟམ་ཆེན་གཡས་གཡོན་དུ་ཁྱབ་བསྒྲགས་རིགས་ལས་མེད་པ་དང་། ད་ཐེངས་ཟམ་ཆེན་གྱི་མིང་བོད་ཡིག་ནང་བསྒྱུར་ཞོར་གཡས་གཡོན་ཏུ་རྒྱལ་དར་ཇེ་མང་དུ་བཏང་སོང་བར་སེམས་པ་སྐྱོ་བྱུང་ཞེས་དང་། དེང་སང་རེབ་གོང་གི་སྲང་ལམ་དང་། རོང་བོ་དགོན་ཆེན་གྱི་ནང་ལོགས་དང་འདུ་ཁང་སོགས་ཀྱི་ནང་གསང་བའི་བརྙན་ལེན་པར་ཆས་ཀྱིས་ཁེངས་བསྡད་ཡོད་སྟབས། མགོ་ཡར་འཇོག་པ་ལའང་སྐྲག་སྣང་སྐྱེས་བ་ཞིག་ཡིན་སྐོར་བརྗོད་འདུག

 

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༨/༡༤

Leave a Reply

One thought on “རེབ་གོང་ཟམ་ཆེན་ཐོག་བོད་ཡིག་འབྲི་དགོས་སུས་ལབ་སོང་།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    ཟམ་ཆེན་ཐོག་བོད་ཡིག་བཀོད་པ་ཁ་དྲོ་ཁ་དྲོ། དམར་པོའི་དམར་དར་འཆང་བ་་་་་🙈 ་😤