སྒྲིག་ལམ་ནི་བྱིས་པ་སྐྱོང་ཐབས་ཅིག་རེད་མ་གཏོགས་བཙུར་གཅུན་གཏོང་བྱེད་ཅིག་མ་རེད།

དཔེ་སྟོན་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས། སློབ་ཕྲུག་གི་ནོར་འཁྲུལ་ལ་བཙུར་གཅུན་གཏོང་རྒྱུ་མང་དྲགས་ན། སློབ་ཕྲུག་ཚོ་ནོར་འཁྲུལ་བཟོ་བར་ཞེད་དེ། རང་གི་གསར་གཏོད་ཀྱི་ནུས་པ་དེ་ནམ་ཡང་འདོན་ཐབས་ཡོད་པ་མ་རེད། སློབ་ཕྲུག་གིས་ནོར་འཁྲུལ་བཟོ་དུས། ང་ཚོས་གཅར་རྡུང་དང་བཙུར་གཅུན་མི་གཏོང་བར་ནོར་འཁྲུལ་ཡོ་བསྲང་བྱེད་ཐབས་བཟང་སྤྱོད་སློབ་སྟོན་དང་ཐབས་ཤེས་སྣ་ཚོགས་འཚོལ་འདོན་བྱེད་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

དྲི་བ། སྤྱི་ཡོངས་ནས་དཔེ་སྟོན་སློབ་གྲྭ་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

 ལན། བོད་མིའི་སྒྲིག་འཛུགས་ནས་ཤེས་ཡོན་སྲིད་ཇུས་གཏན་ལ་ཕབ་པ་ནང་བཞིན། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༡༠ ཉིན་སྐབས་དེའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔེ་སྟོན་སློབ་གྲྭ་གསར་འཛུགས་དབུ་འབྱེད་གནང་བ་རེད། དཔེ་སྟོན་སློབ་གྲྭ་ཐོག་མར་དབུ་འཛུགས་གནང་བའི་སྐབས་དེར། སློབ་ཕྲུག་ ༨༤ ལྷག་དང་དགེ་ལས་ ༡༥ ཡས་མས་ཤིག་ཡོད་ས་རེད། ད་ལྟ་དཔེ་སྟོན་སློབ་གྲྭ་གོང་འོག་གཉིས་གར་ཁྱོན་བསྡོམས་སློབ་ཕྲུག་ ༣༩༦ ལྷག་དང་དགེ་ལས་ ༥༧ ཡོད་པ་དང་། དེའི་ནང་ཉིན་སློབ་དང་བཅའ་སྡོད་གཉིས་ག་ཚུད་ཡོད་པ་རེད།

༢༠༡༡ སྔོན་ལ་གངས་སྐྱིད་ཉིན་སློབ་དེ་ཤེས་རིག་གི་འཛིན་སྐྱོང་འོག་ཡོད་ཀྱང་། ༢༠༡༡ ལོ་ནས་དཔེ་སྟོན་སློབ་གྲྭར་ཟླ་སྒྲིལ་བཏང་ནས་སམ་བྷོ་ཊ་བོད་སློབ་འཛིན་སྐྱོང་ཁོངས་རྩིས་ལེན་བྱས་པ་རེད། ༢༠༡༢ ལོ་ནས་སྒང་གི་དཔེ་སྟོན་སློབ་གྲྭར་སྔོན་འགྲོ་ནས་འཛིན་རིམ་ ༥ པ་ཐོན་རྗེས། འདི་ག་གཤམ་གྱི་དཔེ་སྟོན་སློབ་གྲྭར་བཏང་སྟེ་འཛིན་རིམ་ ༦ པ་ནས་འཛིན་རིམ་ ༨ པ་བར་འགྲོ་བཞིན་ཡོད་པ་དང་། ལོ་དེར་འཛིན་རིམ་ ༩ པ་དང་ ༡༠ པ་མགོ་བཙུགས་པ་རེད།

དཔེ་སྟོན་སློབ་གྲྭ་ཐོག་མར་མགོ་བཙུགས་དུས་ནས་ལས་གཞི་དང་ཕྱག་ལས་གནང་སྟངས་གང་ཐད་ནས་ཡག་པོ་བྱུང་འདུག སློབ་གྲྭའི་ནང་སྔོན་འགྲོ་ནས་འཛིན་རིམ་གསུམ་པ་བར་གྱི་སློབ་ཕྲུག་ཚང་མར་བོད་སྐད་བོད་ཡིག་གཅིག་པུའི་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། འཛིན་རིམ་ ༤ པ་ནས་དབྱིན་ཡིག་ངོ་སྤྲོད་བྱེད་ཀྱི་ཡོད། འཛིན་རིམ་ ༦ པ་ནས་འཛིན་རིམ་ ༨ པ་བར་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག རྒྱ་གར་ཡི་གེ་བཅས་སྐད་ཡིག་བཞིའི་ནང་རྩིས་རིག་དང་ཚན་རིག སྤྱི་ཚོགས་ཚན་རིག གློག་ཀླད། ཟློས་གར། རི་མོ། རྩེད་རིག རིགས་ལམ། གསོ་རིག་དང་བཟང་སྤྱོད་སོགས་ངོ་སྤྲོད་བྱེད་ཀྱི་ཡོད། བསླབ་གཞི་དེ་དག་ཚང་མ་བྱིས་པའི་ཁམས་དང་ནུས་པ། ན་ཚོད་དང་བཅས་པར་འཚམ་པའི་ཐོག་ནས་ངོ་སྤྲོད་དང་སློབ་ཁྲིད་བྱེད་ཀྱི་ཡོད། ལྷག་པར་དུ་ང་ཚོའི་སློབ་གྲྭ་ཐོག་མར་འཛུགས་དུས་ཀྱི་ལས་གཞི་དང་དམིགས་ཡུལ་གཞིར་བཟུང་གིས། སློབ་ཕྲུག་ཚོའི་མོས་པ་ནང་བཞིན་གྱི་སློབ་གསོའི་རང་དབང་ཆ་ཚང་སྤྲད་ཡོད། དེ་ལ་སློབ་གྲྭའི་སྒྲིག་ལམ་གྱི་སྟངས་འཛིན་མེད་པརསློབ་ཕྲུག་ཁོ་རང་ཚོ་སྡེ་ཚན་གང་ལ་ཞུགས་པའི་མོས་པ་དང་འདུན་པ་ཡོད་ན། དེའི་ནང་ལ་འཛུལ་ཞུགས་བྱེད་དུ་བཅུགས་ཏེ། ཁོ་ཚོ་རང་ཉིད་ཀྱི་མོས་པ་དང་འདུན་པ། གདམ་ག་དང་ཐག་གཅོད་བཅས་ཀྱི་རང་དབང་སྤྲད་ཡོད།

བྱིས་པའི་ཁམས་དང་མོས་པར་བསྟུན་ནས་སློབ་གསོས་སྐྱོང་ཐབས་གནང་རྒྱུ་གལ་ཆེན་པོ་རེད། དེ་མིན་སློབ་གྲྭའི་སྒྲིག་ལམ་བཙུར་གཅུན་དང་། ཕ་མ་དང་དགེ་རྒན་གྱི་གཅར་རྡུང་ཁོ་ནས་ཡོང་གི་མ་རེད། བཙུར་གཅུན་རྐྱང་རྐྱང་ལ་བརྟེན་ན་དེའི་ཞེད་སྣང་གི་དབང་གིས། བྱིས་པའི་ལྷན་སྐྱེས་ཀྱི་གསར་གཏོད་ནུས་པ་དང་རིག་རྩལ་སྔོག་འདོན་ཐུབ་པ་མ་རེད། བྱིས་པའི་མོས་པ་གཞིར་བཟུང་ནས་སློབ་གསོས་སྐྱོང་ཐབས་གནང་རྒྱུ་ནི། བྱིས་པ་ཚོས་སོ་སོའི་རིག་རྩལ་དང་གསར་གཏོད་ཀྱི་ནུས་པ་འདོན་པའི་གོ་སྐབས་ཤིག་རེད། དེ་བས་ང་ཚོས་སློབ་ཕྲུག་ཚོའི་མོས་པ་གཞིར་བཟུང་གིས། གསར་འགོད་དང་པར་ལེན། རྩོམ་འབྲི་དང་ལྟད་མོ་བཟོ་སྟངས། རི་མོ་འབྲི་སྟངས་ཡན་ཆད་ལ་ད་ལྟ་ནས་སྦྱོང་བརྡར་སྤྲོད་ཀྱི་ཡོད། དེ་མ་འོངས་པར་བྱིས་པ་ཚོ་གཞན་བསྟུན་རྐྱང་རྐྱང་གིས་འཚོ་མི་དགོས་པར། རང་ཁ་རང་གསོ་ཐུབ་པའི་ལག་ཤེས་ལྟ་བུ་ཞིག་ཏུ་མཐོང་གི་འདུག

ཡིན་ནའང་སྐབས་རེར་སློབ་ཕྲུག་ཚོས་རང་ཉིད་ཀྱི་གྲོགས་པོ་དང་གྲོགས་མོ་ཚོ་སྡེ་ཚན་གང་གི་ནང་དུ་ཡོད་ན། དེའི་ནང་ལ་འཛུལ་ཞུགས་བྱེད་འདོད་ཡོད་པས། ཚང་མ་སྡེ་ཚན་གཅིག་གི་ནང་ལ་བཞག་ན། སློབ་ཕྲུག་མང་དྲགས་པའི་དཀའ་ངལ་ཡོང་གི་འདུག དེ་འདྲའི་སྐབས་སུ། ང་ཚོའི་དགེ་རྒན་སོ་སོས་འགན་ཁུར་ནས་སློབ་ཕྲུག་དེ་སྦྱོང་གཞི་གང་ལ་མོས་འདུན་དང་རིག་རྩལ་ཡོད་ན། སྡེ་ཚན་དེའི་ནང་ལ་གཏོང་གི་ཡོད། དེ་ཡང་ཐོག་མར་སློབ་ཕྲུག་ཁོ་རང་ཚོར་སྐད་ཆ་དྲིས། དེ་ནས་དགེ་རྒན་གྱི་ལམ་སྟོན་གཞིར་བཟུང་གིས་གཏོང་གི་ཡོད། ད་ལྟ་འཛིན་གྲྭའི་ནང་སློབ་ཕྲུག་མང་ཤོས་དེ་རི་མོའི་སྡེ་ཚན་ཆགས་འདུག་ཀྱང་། ང་ཚོས་རི་མོའི་སྡེ་ཚན་དེ་རང་འཇགས་བཞག་ཡོད། གང་ཡིན་ཟེར་ན། བྱིས་པ་མང་ཆེ་བས་རི་མོར་དགའ་བོ་ཞེ་དྲགས་བྱེད་ཀྱི་འདུག

ཉེ་ཆར་ནས་༧གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་ཐོག འདབ་གཤོག་གཉིས་ལྡན་ཞེས་ང་ཚོ་བོད་ཀྱི་གནའ་དེང་གི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་གི་ཡོད། དེ་ཡང་ང་ཚོས་བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་སློབ་གསོ་གཙོར་བཟུང་སྟེ། དེང་དུས་ཀྱི་ཤེས་ཡོན་སློབ་གསོ་སྤྲོད་ཀྱི་ཡོད། ལས་གཞི་དེ་ལ་ད་ལྟའི་བར་གྲུབ་འབྲས་མི་དམན་པ་འཐོན་གྱི་འདུག ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་དཔེ་སྟོན་སློབ་གྲྭར་མིང་ཡག་པོ་ཞིག་ཡོང་སྡོད་པ་དེ། སློབ་གྲྭ་མགོ་བཙུགས་པ་ནས་ད་ལྟའི་བར་དགེ་རྒན་དང་འཛིན་སྐྱོང་ཚང་མའི་དཀའ་ལས་སྐྱོན་པར་བརྟེན་ནས་བྱུང་བ་རེད།

སྔོན་མ་ནས་ང་ཚོའི་སྤྱི་ཚོགས་ནང་། དཔེ་སྟོན་སློབ་གྲྭར་བོད་ཡིག་གཅིག་པུ་སློབ་ཁྲིད་བྱེད་ཀྱི་འདུག་ཅེས་གླེང་སློང་ཡོང་གི་ཡོད་པ་རེད། དེ་ཧ་མ་གོ་བའི་སྐད་ཆ་རེད། སྤྱིར་བཏང་དཔེ་སྟོན་སློབ་གྲྭའི་ནང་བོད་སྐད་ཡིག་གཅིག་པུ་མིན་པར། འབྲེལ་ཡོད་སྐད་ཡིག་གཞན་དག་ཀྱང་སློབ་ཁྲིད་བྱེད་ཀྱི་ཡོད། ཡིན་ནའང་འདི་ག་སློབ་གྲྭའི་ནང་སློབ་ཕྲུག་ཚང་མ་ལོ་ཆུང་བྱིས་པ་ཡིན་དུས། ཁོ་ཚོར་སྔོན་འགྲོ་ནས་བོད་སྐད་ཡིག་གི་རྨང་གཞི་བརྟན་པོ་བཟོ་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད།

དཔེ་སྟོན་སློབ་གྲྭ་ཁྱིམ་ཚང་ནང་བཞིན་ཡོད་པ་རེད། དགེ་རྒན་ཚོ་ཡིན་ནའང་། སློབ་ཁྲིད་གཅིག་པུ་མིན་པར། ཕ་མ་ནང་བཞིན་བྱིས་པ་ཚོའི་ཉལ་ཆས་བཙེམ་པ་དང་གྱོན་པ་འཁྲུ་བ་ཡན་ཆད་ཚང་མ་ལས་ཀྱི་ཡོད།

སློབ་ཚན་གྱི་ཐད་ནས། འཛིན་རིམ་ཚང་མར་སློབ་ཚན་ཡོད་པ་རེད། ཡིན་ནའང་སློབ་ཕྲུག་ཆུང་ཆུང་ཚོར་དམིགས་བསལ་སློབ་ཚན་གཞིར་འཛིན་གྱི་མེད། སློབ་ཕྲུག་ཆུང་ཆུང་ཚོར་ཁོ་རང་ཚོའི་ཁམས་དང་མོས་པར་འཚམ་པའི་འཁྲིད་གཞི་གཞན་དེ། དཔེར་ན། དགེ་རྒན་ཁོ་རང་ཚོའི་བྲིས་པའི་བྱིས་རྩོམ་དང་། བྱིས་པའི་ཁམས་དང་མོས་བར་འཚམ་པའི་འཁྲིད་གཞི་སྣ་ཚོགས་གོ་སྒྲིག་བྱེད་ཆོག་གི་ཡོད་པ་རེད།

དྲི་བ། ད་ལོར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་བའི་ཡིག་རྒྱུགས་ཁྲོད་ཨང་དང་པོ་ལེན་མཁན་དེ་དཔེ་སྟོན་སློབ་གྲྭའི་སློབ་ཟུར་ཞིག་ཡིན་པ་དང་། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཕ་མ་མང་པོ་ཞིག་གིས་དཔེ་སྟོན་སློབ་གྲྭར་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་དུས། འདས་པའི་ལོ་རེ་རེའི་ནང་སློབ་ཞུགས་ཀྱི་གྲངས་འབོར་ག་ཚོད་ཟིན་གྱི་འདུག

ལན། སྤྱིར་བཏང་དཔེ་སྟོན་སློབ་གྲྭའི་ནང་གསར་དུ་ཞུགས་པར་ལོ་ ༣ ནས་ ༤ ཡིན་དགོས་པ་སོགས་ཆ་རྐྱེན་མང་པོ་ཡོད་པ་རེད། ད་ལྟ་དྷ་ཤོད་དཔེ་སྟོན་སློབ་གྲྭར་འཛིན་རིམ་ ༤ པ་ནས་ ༨ པ་བར་གྱི་སློབ་ཕྲུག་ ༧༥ དང་། དགེ་ལས་ཁྱོན་བསྡོམས་ ༢༨ ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོའི་འཛུལ་ཞུགས་འགངས་ཤོག་ནང་སློབ་ཕྲུག་ ༡༣༨ ཐོ་འགོད་བྱས་འདུག ཡིན་ནའང་སློབ་གྲྭའི་ས་རྒྱ་ཆུང་བ་དང་འཛིན་ཁང་མེད་པས་དེ་ཚང་མ་ལེན་ཐབས་མི་འདུག་སྟབས། ང་ཚོས་སློབ་ཕྲུག ༧༥ ལེན་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོར་འཛུལ་ཞུགས་བྱེད་མཁན་སློབ་ཕྲུག་ ༨༢ དང་། ༢༠༡༥ ལོར་སློབ་ཕྲུག ༦༥། ༢༠༡༤ ལོར་སློབ་ཕྲུག ༦༨ ལྷག ༢༠༡༣ ལོར་སློབ་ཕྲུག་ ༤༠ ཡས་མས་ཤིག་དང་། ༢༠༡༢ ལོར་སློབ་ཕྲུག་ ༣༩ འདུག

༢༠༡༢ ལོར་ང་འདི་གར་དགེ་རྒན་དུ་ཡོང་བ་དང་། ༢༠༡༦ ལོར་དགེ་ཆེའི་འགན་ཁུར་བ་ཡིན་པས། དེའི་སྔོན་གྱི་འཛུལ་ཞུགས་སློབ་མའི་གྲངས་ཐོ་གསལ་བོར་མི་ཤེས།

དྲི་བ། ལོ་རེ་བཞིན་འཛུལ་ཞུགས་སློབ་མའི་གྲངས་འབོར་འཕར་གྱི་ཡོད་ཀྱང་ས་རྒྱ་ཆུང་དྲགས་པ་སོགས་ཀྱི་དཀའ་ངལ་འཕྲད་མུས་ཡིན་པ་དེ་སེལ་ཐབས་ག་རེ་འདུག

ལན། མ་གཞི་ནས་ས་རྒྱ་ཆུང་བའི་དབང་གིས་དཀའ་ངལ་དེ་དམིགས་བསལ་སེལ་ཐབས་གང་ཡང་མི་འདུག གཙོ་བོ་འཛུལ་ཞུགས་བྱེད་མཁན་སློབ་ཕྲུག་མང་ན། སློབ་གྲྭའི་ས་རྒྱ་ཆུང་དྲགས་ཏེ་འཛིན་ཁང་གིས་མི་འདང་བ་དང་། འཛུལ་ཞུགས་སློབ་མ་མང་རུ་སོང་བ་གཞིར་བཟུང་དགེ་རྒན་ཡང་མང་པོ་དགོས་ཀྱི་ཡོད་པ་རེད། དཔེར་ན། སྔོན་འགྲོའི་ནང་སློབ་ཕྲུག་ ༣༠ ཡོད་པ་དེ་འཛིན་གྲྭ་གཉིས་ལ་བགོས་ཡོད། གང་ཡིན་ཟེར་ན། འཛིན་གྲྭའི་ནང་སློབ་མ་མང་དྲགས་ན། དགེ་རྒན་གྱིས་སློབ་ཕྲུག་གི་སློབ་སྦྱོང་ལ་དོ་སྣང་སྤྲོད་ཐུབ་ཀྱི་མི་འདུག ཡིན་ནའང་། འཛིན་ཁང་མང་རུ་གཏོང་བའི་ས་ཆ་སྟོང་པ་མི་འདུག དཀའ་ངལ་དེ་སེལ་ཐབས་མ་གནང་བ་དེ་འདྲ་གང་ཡང་མ་རེད། ཤེས་རིག་དང་སམ་བྷོ་ཊ་བོད་སློབ་འཛིན་སྐྱོང་གཙོས་པའི་ང་ཚོ་ཚང་མས་ཐབས་ཤེས་གཏོང་གི་ཡོད་ཀྱང་། དཀའ་ངལ་དེ་སེལ་ཐབས་མེད་པ་རེད། ང་ཚོའི་སློབ་གྲྭའི་ལྟག་རྒྱབ་ཏུ་ས་ཆ་སྟོང་པ་ཆུང་ཆུང་ཞིག་འདུག ང་ཚོས་ས་ཆ་དེར་ཁང་པ་རྒྱག་པའི་ལས་འཆར་དང་དངུལ་སོགས་ཚང་མ་གྲ་སྒྲིག་བྱས་ཚར་ཡང་། སློབ་གྲྭ་ཆགས་གནས་རི་གཟར་ཡིན་པས། ས་ཡོམ་སྐབས་ཉེན་ཁ་ཆེན་པོ་ཡོད་སྟབས། ས་ཆ་སྟོང་པ་དེར་ཁང་པ་རྒྱག་པར་རྒྱ་གར་གཞུང་གིས་ཆོག་མཆན་སྤྲད་མེད་པ་མ་ཟད། ང་ཚོའི་སློབ་གྲྭའི་ཐོག་ལ་ཁང་རྩེག་རྒྱག་པའི་ཆོག་མཆན་ཡང་རག་གི་མེད་པར་བརྟེན། ཕྱི་ལོ་ ༢༠༡༢ དང་ ༢༠༡༣ བར་དེར་ང་ཚོའི་སློབ་གྲྭའི་འཛིན་རིམ་ ༩ པ་དང་ ༡༠ པ་དེ་ཤེས་རབ་དགའ་ཚལ་སློབ་གླིང་ལ་ཟླ་སྒྲིལ་གཏོང་རྒྱུ་དང་། སྒང་གི་དཔེ་སྟོན་སློབ་གྲྭའི་འཛིན་རིམ་ ༤ པ་དང་ ༥ པ་འདི་ག་གཤམ་་གྱི་དཔེ་སྟོན་སློར་གྲྭར་སྤོར་རྒྱུ་བྱས་པ་རེད། གལ་ཏེ་དཔེ་སྟོན་སློབ་གྲྭའི་འཛིན་རིམ་ ༩ པ་དང་ ༡༠ པ་ཤེས་རབ་དགའ་ཚལ་སློབ་གླིང་དུ་སྤོར་ཐུབ་པ་བྱུང་ན། གཅིག་ནས་ཤེས་རབ་དགའ་ཚལ་སློབ་གླིང་གི་ས་རྒྱ་ཆེན་པོ་ཡོད་པ་དང་། གཉིས་ནས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་མང་ཆེ་བ་བོད་ནས་ཡོང་མཁན་ཡིན་དུས། དཔེ་སྟོན་གྱི་སློབ་ཕྲུག་ཚོར་བོད་ནང་གི་གནས་སྟངས་ཐད་གོ་རྟོགས་ཡག་པོ་ཡོང་བའི་རེ་བ་དང་དམིགས་ཡུལ་བཟུང་བ་རེད། ཡིན་ནའང་སློབ་གྲྭ་གཉིས་ཟླ་སྒྲིལ་གཏོང་ཐུབ་ཡོད་པ་མ་རེད།

རྒྱུ་མཚན་དེ་དག་ལ་བརྟེན་ནས་ཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ནས་འཛིན་རིམ་ ༩ པ་དང་ ༡༠ པ་དེ་ཅོན་ཏ་ར་སློབ་གྲྭར་གཏོང་རྒྱུ་བྱས་པ་རེད། དེའི་རྒྱུ་མཚན་ཡང་གཅིག་ནས་དཔེ་སྟོན་སློབ་གྲྭ་རྒྱ་གར་གཞུང་གི་ངོས་ལེན་དེབ་སྐྱེལ་ནང་ཚུད་མེད་དུས། སློབ་གྲྭ་འདི་ནས་འཛིན་རིམ་ ༩ པ་དང་ ༡༠ པ་འཐོན་མཁན་ཚོར་འཛིན་རིམ་ ༡༡ དང་ ༡༢ འདོན་པའི་གོ་སྐབས་རག་གི་ཡོད་པ་མ་རེད། དེ་བས་ཅོན་ཏ་ར་སློབ་གྲྭར་བཏང་བ་ཡིན་ན་གོ་སྐབས་དེ་རག་གི་ཡོད་པས་ཕར་བཏང་བ་རེད་མ་གཏོགས་པེ་སྟོན་སློབ་གྲྭའི་འཛིན་རིམ་དགུ་པ་བཅུ་པ་དེ་རྩ་བ་ནས་མེད་པ་བཟོས་པ་དེ་འདྲ་གང་ཡང་མ་རེད།

དྲི་བ། དཔེ་སྟོན་སློབ་གྲྭ་ནི་བཙན་བྱོལ་ནང་གི་བོད་སྐད་ཡིག་ལ་རེ་བ་རྒྱག་སའི་ལྟེ་གནས་ཤིག་ཆགས་ཀྱི་ཡོད་དུས། བོད་སྐད་ཡིག་གི་གནས་ཚད་སྔར་ལྷག་ཡར་རྒྱས་གཏོང་བར་རྣམ་པ་ཚོའི་ངོས་ནས་ནུས་པ་དང་ཐབས་ལམ་ག་རེ་འདོན་གྱི་ཡོད།

ལན། གཙོ་བོ་དེ་བོད་སྐད་ཡིག་གི་དགེ་རྒན་ཚོར་འགན་ཆེན་པོ་ཞེ་དྲགས་བཞག་ཡོད་པ་རེད། དེའི་ཐོག་ལ་འཛིན་སྐྱོང་ལའང་འགན་ཆེན་པོ་ཡོད་པ་རེད། དགེ་སློབ་གཉིས་ལས་དགེ་རྒན་གྱིས་འགན་འཁུར་ནས་ཐབས་ཤེས་བྱེད་དགོས་ཀྱི་ཡོད་པ་རེད། ང་ཚོའི་སློབ་གྲྭའི་སློབ་ཕྲུག་ཚོ་བོད་སྐད་ཡིག་ལ་དོ་སྣང་ཡོང་བའི་རྒྱུ་མཚན་གཅིག་དེ། སྔོན་འགྲོ་ནས་འཁྲིད་གཞི་ཚང་མ་བོད་ཡིག་བོད་སྐད་ནང་སློབ་ཁྲིད་བྱེད་ཀྱི་ཡོད་དུས། སློབ་ཕྲུག་ཚོར་རང་བཞིན་གྱིས་བོད་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། རྒྱུ་མཚན་གཉིས་པ་དེ། བོད་སྐད་ཡིག་གི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཐུབ་ཡོད་པར་བརྟེན། སློབ་ཕྲུག་ཚོ་ཡིན་ནའང་རང་བཞིན་གྱིས་བོད་སྐད་ཡིག་ལ་དོ་སྣང་ཡོང་གི་ཡོད་པ་དང་། འཛིན་རིམ་ ༤ པ་ དང་ ༥ པ་ནས་དབྱིན་སྐད་སོགས་སྐད་ཡིག་གཞན་ངོ་སྤྲོད་བྱེད་བཞིན་ཡོད་ཀྱང་། བོད་སྐད་ཡིག་གཙོ་བོར་བཟུང་ཡོད་པས་སློབ་ཕྲུག་ཚོའི་བོད་སྐད་བོད་ཡིག་གི་རྨང་གཞི་ཡག་པོ་ཆགས་ཀྱི་འདུག སྔོན་མ་ང་ཚོ་ཆུང་ཆུང་ཡིན་པའི་སྐབས་སུ་སྔོན་འགྲོ་ནས་དབྱིན་ཡིག་དབྱིན་སྐད་དང་། ཧིན་ཡིག་ཧིན་སྐད་གཙོ་བོར་བཟུང་ཡོད་པས། ཕྱིས་སུ་ཆེན་པོ་ཆགས་ཡོང་དུས་བོད་སྐད་བོད་ཡིག་གི་རྨང་གཞི་བརྟན་པོ་ཡོད་པ་མ་རེད། ང་རང་གི་བསམ་ཚུལ་ཡིན་ན། བྱིས་པ་ཆུང་ཆུང་ཡིན་དུས་ནས་བོད་སྐད་བོད་ཡིག་གི་རྨང་གཞི་དང་ཁོར་ཡུག་ཡག་པོ་ཞིག་བསྐྲུན་པ་ཡིན་ན། རྗེས་སུ་ཆེན་པོ་ཆགས་ཡོང་དུས་རང་བཞིན་གྱིས་བོད་སྐད་བོད་ཡིག་ལ་མོས་འདུན་དང་དོ་སྣང་ཡོང་གི་རེད་བསམ་གྱི་འདུག དེ་བཞིན། བྱིས་པའི་རྩོམ་ཡིག་ཡིན་ནའང་། ཚགས་ཤོག་དང་བརྒྱུད་ལམ་ཁག་ཏུ་སྤེལ་ནས་ཁོང་ཚོའི་རིག་རྩལ་ལ་བསྔགས་བརྗོད་ཀྱིས་སེམས་ཤུགས་སྤར་བ་ཡིན་ན། རང་བཞིན་གྱིས་ཁོ་ཚོར་བོད་སྐད་བོད་ཡིག་ལ་སྤྲོ་སྣང་ཡོང་གི་རེད། རྩོམ་འབྲིའི་ཐད་བྱིས་པ་ཆུང་ཆུང་ཡིན་དུས་ནས་རྩོམ་འབྲི་ལ་དགའ་སྤྲོ་ཡོད་མཁན་ཞིག་ཡིན་ན། མོས་པ་དང་སྤྲོ་སྣང་དེ་རྒྱུན་འཁྱོངས་བྱས་ན། རྗེས་སུ་ཆེན་པོ་ཆགས་དུས། སྤྲོ་སྣང་དེ་བརླག་གི་མ་རེད། བྱིས་པའི་རྩོམ་འབྲི་ཡར་རྒྱས་གཏོང་ཐབས་སུ། ཐོག་མར་བོད་རང་གི་ཐ་སྙད་ངོ་སྤྲོད་ཡག་པོ་བྱས། དེ་ནས་ག་ལེར་ཐ་སྙད་ལ་ཚིག་གྲུབ་བཟོ་སྟངས་བསླབས། ག་ལེ་ག་ལེར་ཚིག་གྲུབ་རྒྱ་ཆེར་བཏང་ནས་རྒྱན་ཚིག་བེད་སྤྱོད་གཏོང་སྟངས་བསླབས། རིམ་པའི་སྙན་རྩོམ་འབྲི་སྟངས་སློབ་སྟོན་གནང་བ་ཡིན་ན། རིམ་བཞིན་བྱིས་པའི་འབྲི་རྩལ་ཡག་པོ་ཡོང་གི་རེད་བསམ་གྱི་འདུག

དྲི་བ། དཔེ་སྟོན་སློབ་གྲྭའི་ནང་ཕྱི་རྒྱལ་ནས་ཡོང་བའི་བོད་སྐད་བོད་ཡིག་སྦྱོང་མཁན་སློབ་མ་ལེན་གྱི་ཡོད་དམ། 

ལན། བྱིས་པའི་ཕ་མ་གཅིག་ཕྱི་གླིང་བ་དང་གཅིག་བོད་པ་ཡིན་ཞིང་། དྷ་རམ་ས་ལར་སྡོད་མཁན། སློབ་ཞུགས་ཆ་རྐྱེན་ཚང་བའི་ཐོག་ལ་སྔོན་འགྲོ་ནས་དཔེ་སྟོན་སློབ་གྲྭར་འཛུལ་ཞུགས་བྱས་པ་ཡིན་ན་ལེན་གྱི་ཡོད་པ་རེད། དེ་མིན་ཕ་མ་ཕྱི་ཕྱོགས་སུ་སྡོད་མཁན་ཡིན་ན། ང་ཚོར་བྱིས་པ་ལྟ་སྐྱོང་བྱེད་མཁན་མེད་པས་ལེན་ཐུབ་ཀྱི་ཡོད་པ་མ་རེད། ང་ཚོའི་སློབ་ཕྲུག་ཆུང་ཆུང་ཚང་མ་ཉིན་སློབ་ཡིན་པ་རེད། གང་ཡིན་ཟེར་ན། ༧གོང་ས་མཆོག་གིས་བཀའ་སློབ་ཕེབས་པ་ནང་བཞིན། ཕ་མའི་བྱམས་བརྩེ་མ་རག་པའི་བྱིས་པ་ལག་ཆགས་རྗེས། རང་བཞིན་གྱིས་སོ་སོར་བརྩེ་བ་མ་རག་པའི་ཤུགས་རྐྱེན་ལ་བརྟེན་ནས། གཞན་པར་བྱམས་བརྩེ་སྤྲོད་རྒྱུ་ཁག་པོ་ཆགས་ཀྱི་ཡོད་དུས། བྱིས་པ་ཆུང་ཆུང་ནས་སོ་སོའི་ཕ་མའི་བྱམས་བརྩེ་འོག་འཚར་ལོངས་འབྱུང་རྒྱུ་གལ་ཆེན་པོ་ཡིན་དུས། བཅའ་སྡོད་མིན་པར་གནས་སྐབས་སྡོད་མཁན་གྱི་བྱིས་པ་ལེན་གྱི་ཡོད་པ་མ་རེད། ད་ཆ་ང་ཚོའི་སློབ་གྲྭའི་ནང་རྒྱ་གར་བྱིས་པ་གཉིས་ཡོད། ཕ་མ་ནོར་གླིང་དུ་སྡོད་མཁན་ཡིན་ལ། བྱིས་པ་དེ་གཉིས་ཀྱིས་སློབ་གྲྭའི་ནང་བོད་ཡིག་འབྲི་ཀློག་དང་བོད་སྐད་བཤད་ཀྱི་ཡོད་པ་རེད།

དྲི་བ། ཕ་མ་མང་པོ་ཞིག་གིས་དཔེ་སྟོན་སློབ་གྲྭར་འཛིན་རིམ་དགུ་པ་བཅུ་པ་ཡོད་ཤག་ཐོག ད་དུང་འཛིན་རིམ་བཅུ་གཅིག་བཅུ་གཉིས་དགོས་པའི་རེ་བ་རྒྱག་གི་ཡོད་དུས། རྣམ་པ་ཚོའི་ངོས་ནས་དཔེ་སྟོན་སློབ་གྲྭའི་འཛིན་རིམ་སྤར་ཐབས་ཀྱི་ལས་འཆར་ག་རེ་སྒྲིག་གི་ཡོད།

ལན། ངས་གོང་དུ་བཤད་པ་ནང་བཞིན་ང་ཚོའི་སློབ་གྲྭའི་སློབ་མ་འཛིན་རིམ་བརྒྱད་པ་ཐོན་རྗེས། ཅོན་ཏ་ར་སློབ་གྲྭར་གཏོང་དགོས་པའི་རྒྱུ་མཚན་དེ། གཅིག་ནས་སློབ་གྲྭའི་ས་རྒྱ་ཆུང་བའི་དབང་གིས་ཁང་པ་མེད་པ་དང་། གཉིས་ནས་ང་ཚོའི་སློབ་གྲྭ་རྒྱ་གར་གཞུང་གི་དེབ་སྐྱེལ་ནང་ཚུད་མེད་དུས། འདི་ག་སློབ་གྲྭ་ནས་འཛིན་རིམ་དགུ་པ་བཅུ་པ་འཐོན་མཁན་ཚོར་འཛིན་རིམ་བཅུ་གཅིག་བཅུ་གཉིས་འདོན་པའི་གོ་སྐབས་རག་གི་ཡོད་པ་མ་རེད། ཅོན་ཏ་ར་སློབ་གྲྭར་བཏང་བ་ཡིན་ན། གོ་སྐབས་དེ་རག་གི་ཡོད་པ་རེད། རྒྱུ་མཚན་དེའི་དབང་གིས་འཛིན་རིམ་དགུ་པ་བཅུ་པའི་སློབ་ཕྲུག་ཚོ་ཅོན་ཏ་ར་སློབ་གྲྭར་བཏང་བ་རེད་མ་གཏོགས། དཔེ་སྟོན་སློབ་གྲྭའི་འཛིན་རིམ་དགུ་པ་བཅུ་པ་མེད་པ་བཟོས་པ་དེ་འདྲ་མ་རེད། ཤེས་རིག་དང་སམ་བྷོ་ཊ་བོད་སློབ་འཛིན་སྐྱོང་། དེ་བཞིན་དཔེ་སྟོན་སློབ་གྲྭ་དང་དགེ་སློབ་ཚང་མས་འཛིན་རིམ་དགུ་པ་བཅུ་པ་དང་བཅུ་གཅིག་བཅུ་གཉིས་ཚང་མ་དཔེ་སྟོན་སློབ་གྲྭའི་ནང་འདོན་ཐུབ་པའི་རེ་བ་དང་ཐབས་ཤེས་གང་ཡོང་འདོན་གྱི་ཡོད་པ་རེད། ཡིན་ནའང་དཀའ་ལས་ཁག་པོ་རེད། གང་ཡིན་ཟེར་ན། ང་ཚོས་རྒྱ་གར་ལས་ཁུངས་ཁག་མང་པོར་ཞུ་གཏུགས་བྱས་ཀྱང་། ད་དུང་ངོས་ལེན་ཆོག་མཆན་རག་མེད་སྟབས། འཛིན་རིམ་དགུ་པ་བཅུ་པ་ནས་སློབ་ཕྲུག་ཚོའི་ཡིག་རྒྱུགས་གཏོང་ཕྱོགས་ཚང་མ་རྒྱ་གར་གཞུང་གི་ཤེས་ཡོན་སྲིད་ཇུས་གཞིར་བཟུང་ཐོག་འགྲོ་དགོས་ཀྱི་ཡོད་དུས། གནས་སྐབས་རིང་ང་ཚོས་དེ་ལྟར་མི་བྱེད་ཐབས་མེད་ཆགས་པ་རེད།

སྤྱིར་བཏང་དཔེ་སྟོན་སློབ་གྲྭར་རྒྱ་གར་གཞུང་གི་ངོས་ལེན་དེབ་སྐྱེལ་གཅིག་པུ་མ་གཏོགས་ཆ་རྐྱེན་གཞན་ཚང་མ་ཚང་ཡོད་པ་རེད། སྤྱི་ཚོགས་ནང་ཕ་མ་མང་པོ་ཞིག་གིས་སོ་སོའི་བྱིས་པས་འཛིན་རིམ་དགུ་པ་བཅུ་པ་དཔེ་སྟོན་སློབ་གྲྭའི་ནང་འདོན་ཐུབ་པའི་རེ་བ་ཞུ་ཡི་ཡོད་པ་རེད། གནས་ཚུལ་དེ་ང་རང་ཡིན་ནའང་སློབ་ཕྲུག་ཚོའི་ཕ་མ་རེ་འགར་ཐུག་ནས་བཀའ་མོལ་བྱུང་།

ཡིན་ནའང་འདི་གའི་སློབ་ཕྲུག་ཚོ་སྔོན་འགྲོ་ནས་འཛིམ་རིམ་བརྒྱད་པའི་བར་བོད་སྐད་ཡིག་གི་རྨང་གཞི་ཅུང་བརྟན་པོ་ཆགས་ཡོད་དུས། སེམས་འཁྲལ་ཞེ་དྲགས་གནང་དགོས་པ་མི་འདུག བྱིས་པ་ཚོར་སྔོན་འགྲོའི་སྐབས་ནས་བོད་སྐད་ཡིག་སློབ་གསོའི་རྨང་གཞི་བརྟན་པོ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཕ་མ་ཚོ་ཡིན་ནའང་སེམས་འཁྲལ་བྱས་ནས་མི་འདུག་པར་མུ་མཐུད་སོ་སོའི་བྱིས་པའི་བོད་སྐད་བོད་ཡིག་ཡར་རྒྱས་གཏོང་ཐབས་སུ་ལམ་སྟོན་དང་བོད་སྐད་བོད་ཡིག་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ང་ཚོའི་ངོས་ནས་ཐབས་ཤེས་མ་བཏང་བ་མིན། ལོ་ནས་ལོ་བར་ཐབས་ཤེས་བཏང་དང་གཏོང་བཞིན་ཡོད། ང་ཚོའི་ངོས་ནས་ད་དུང་འདི་ག་སློབ་གྲྭ་ནས་འཛིན་རིམ་བརྒྱད་པ་ཐོན་རྗེས། ཕར་ཕྱོགས་ཀྱི་འཛིན་རིམ་དགུ་པ་བཅུ་པ་གསར་བའི་ནང་སླེབས་དུས། སློབ་ཕྲུག་ཚོར་དཀའ་ངལ་མི་འཕྲད་པ་ཞིག་ཐབས་ཤེས་གང་ཡོང་བཏང་ནས་འབད་བརྩོན་བྱེད་ཀྱིན་ཡོད། མ་འོངས་པར་དཔེ་སྟོན་སློབ་གྲྭ་ས་རྒྱ་ཆེ་ས་ཞིག་ཏུ་སྤོར་ཐུབ་པ་བྱུང་བ་དང་། རྒྱ་གར་གཞུང་གི་ངོས་ལེན་དེབ་སྐྱེལ་ནང་ཚུད་ཐུབ་པ་བྱུང་ཚེ། དེ་དུས་འཛིན་རིམ་དགུ་པ་བཅུ་པར་འཕོ་འགྱུར་ཡོང་གི་རེད་བསམ་གྱི་འདུག ད་ལྟའི་ལས་གཞི་དེ་གནས་སྐབས་ཙམ་ཡིན་པ་མ་གཏོགས། རྦད་དེ་འཕོ་འགྱུར་གཏོང་མི་ཆོག་པའི་གཏན་འབེབས་དེ་འདྲ་བཟོས་ཡོད་པ་མ་རེད།

དྲི་བ། ཁྱེད་རང་དགེ་རྒན་རྒན་པ་ཞིག་དང་དགེ་ཆེ་ཡིན་པའི་ཆ་ནས། སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ལེགས་པོ་ཞིག་སྐྱེད་སྲིང་བྱེད་པའི་ཐབས་ལམ་ལེགས་ཤོས་དེ་ག་རེ་རེད་དགོངས་ཀྱི་ཡོད། དེ་གང་ལ་རག་ལས་ཡོད་པར་ངོས་འཛིན་གནང་གི་ཡོད།

ལན། སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཡག་པོ་ཞིག་སྐྱེད་སྲིང་བྱེད་དགོས་ཀྱི་ཡོད་ན། དེ་ལ་འགན་ཆེན་པོ་ཞིག་ཡོད་པ་རེད་བསམ་གྱི་འདུག སློབ་གྲྭའི་འཛིན་སྐྱོང་དང་། དགེ་རྒན་དང་ཕ་མ་ཚང་མར་རག་ལས་ཡོད་པ་མ་ཟད། དམིགས་བསལ་འགན་ཆེ་ཤོས་དེ་ཕ་མ་དང་དགེ་རྒན་ལ་ཡོད་པ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། སློབ་ཕྲུག་ཅིག་ཆུ་ཚོད་ཉེར་བཞིའི་རིང་སློབ་གྲྭའི་ནང་སྡོད་ཀྱི་མེད་དུས། སློབ་གྲྭའི་ནང་དགེ་རྒན་ལ་འགན་གཙོ་བོ་ཡོད་པ་དང་། སློབ་གྲྭ་གྲོལ་ནས་ནང་ལ་སླེབས་དུས་ཕ་མ་ལ་འགན་གཙོ་བོ་ཡོད་པ་རེད། དེར་མ་ཟད། ང་ཚོས་བྱིས་པའི་ཡིག་རྒྱུགས་ཀྱི་བརྒྱ་ཆ་གཅིག་པུ་དམིགས་སུ་མི་འཛིན་པར། སློབ་ཚན་ཕྱི་ལོགས་ཀྱི་ཤེས་བྱ་སྣ་ཚོགས་སློབ་སྟོན་དང་སློབ་འཁྲིད་གནང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་མིན་ང་ཚོས་སློབ་ཕྲུག་ཚོའི་ཡིག་རྒྱུགས་ཀྱི་བརྒྱ་ཆ་གཅིག་པུར་དམིགས་བསྡད་པ་ཡིན་ན། སློབ་ཕྲུག་དེ་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཡག་པོ་ཞིག་ཆགས་རྒྱུ་ཁག་པོ་རེད་བསམ་གྱི་འདུག

གཙོ་བོ་བྱིས་པར་བསམ་བློའི་རང་དབང་སྤྲོད་རྒྱུ་གལ་ཆེན་པོ་རེད། ང་ཚོ་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཚོར་བོད་སྐད་ཡིག་སློབ་སྦྱོང་གི་གྲུབ་འབྲས་ཡག་པོ་འཐོན་པའི་རྒྱུ་མཚན་གཙོ་བོ་གཅིག་དེ། སློབ་གྲྭའི་ནང་སློབ་ཕྲུག་ཚོར་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་ཡོད་པ་དང་། སློབ་ཕྲུག་ཚང་མ་རང་དབང་གི་ཁོར་ཡུག་དེའི་ནང་འཚར་ལོངས་བྱུང་བས་རེད་བསམ་གྱི་འདུག དགེ་སློབ་བར་གྱི་བྱམས་བརྩེ་ཧ་ཅང་གལ་ཆེན་པོ་རེད། བྱིས་པ་དགེ་རྒན་ལ་ཞེད་སྣང་མི་སྐྱེས་པར་དོགས་འདྲི་ག་རེ་ཡོད་ན། ཐད་ཀར་འདྲི་ཕོད་པ་དང་བསམ་ཕོད་པ། བཤད་ཕོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།

གོང་དུ་བཤད་པ་ནང་བཞིན་དཔེ་སྟོན་སློབ་གྲྭའི་ནང་། བྱིས་པ་ཚོར་བསམ་བློའི་རང་དབང་དང་། ཐག་གཅོད་རང་དབང་། འདམ་གའི་རང་དབང་ཆ་ཚང་ཡོད་པ་རེད། དེའི་ཐོག་ལ་བྱིས་པར་ནོར་འཁྲུལ་བཟོ་བའི་རང་དབང་ཡོད་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ང་ཚོས་བྱིས་པར་ནོར་འཁྲུལ་བཟོ་མི་ཆོག་ཅེས་ལབ་པ་དེས། བྱིས་པའི་བསམ་གཞིག་གི་རང་དབང་ལ་ཚོད་འཛིན་དང་བཀག་རྒྱ་ཐེབས་ཀྱི་འདུག སྒྲིག་འཛུགས་ཤིག་གི་འོག་བྱིས་པ་ཚོས། ངས་འདི་དང་གན་ལས་པ་ནོར་ཚེ། ཕ་མ་དང་དགེ་རྒན་གྱིས་ང་ལ་རྡུང་གི་རེད་བསམ་པའི་ཞེད་སྣང་ཞིག་གི་འོག སོ་སོའི་བསམ་གཞིག་དང་སོ་སོའི་རྣམ་དཔྱོད་དེ་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་པ་མ་རེད། སྤྱིར་བཏང་ཕ་མ་དང་དགེ་རྒན་གྱིས་བྱིས་པར་ནོར་འཁྲུལ་བཟོས་ཞེས་བཤད་ཀྱི་མེད་ཀྱང་། ཕ་མ་ནོར་འཁྲུལ་བཟོ་མཁན་ཞིག་ཡིན་དུས། བྱིས་པ་དེ་རང་བཞིན་གྱིས་ནོར་འཁྲུལ་བཟོ་མཁན་ཞིག་ཆགས་ཀྱི་ཡོད་པ་མངོན་གསལ་རེད། གང་ཡིན་ཟེར་ན། བྱིས་པས་སློབ་གྲྭའི་ནང་དགེ་རྒན་གྱི་བཀའ་མོལ་གནང་སྟངས་དང་སྐད་ཆ་བཤད་སྟངས། ཕྱག་ལས་གནང་སྟངས་ལ་ལྟ་ཡི་ཡོད་པ་དང་། ནང་དུ་ཕ་མས་བཀའ་མོལ་གནང་སྟངས་དང་འབྲེལ་བ་འཛིན་སྟངས། ལས་ཀ་བྱེད་སྟངས་ལ་ལྟ་ཡི་ཡོད་དུས། ཕ་མ་དང་དགེ་རྒན་གྱིས་བྱིས་པར་མིག་དཔེ་ཡག་པོ་ཞིག་སྟོན་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག བྱིས་པའི་སློབ་སྦྱོང་ཡག་པོ་ཆགས་དང་མ་ཆགས་དེ་ཡང་། ཕ་མ་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་དུས། བྱིས་པ་དེ་བཟང་ངན་གྱི་དབྱེ་བ་ཤེས་མཁན་ཞིག་ཆགས་ཀྱི་ཡོད་པ་དང་། བཟང་ངན་གྱི་དབྱེ་བ་ཤེས་མཁན་ཞིག་གིས་ནམ་ཡང་ལས་ཀ་སྡུག་ཅག་མི་བྱེད་པར་འབད་རྩོན་བྱེད་ཀྱི་རེད་བསམ་གྱི་འདུག

དེ་བས། ང་རང་གིས་བལྟས་ན། བྱིས་པ་ལེགས་པོ་ཆགས་ཐབས་གཙོ་བོ་དེ། ཕ་མ་དང་དགེ་རྒན་གྱི་མིག་དཔེ་ལེགས་པོ་གཞིར་བཟུང་ནས་བཟང་སྤྱོད་ལམ་སྟོན་དང་ཐབས་ཤེས་སྣ་ཚོགས་འཚོལ་འདོན་བྱེད་རྒྱུ་ནི་གལ་འགངས་ཆེན་པོ་རེད་བསམ་གྱི་འདུག

ཆ་བཞག་ན། ང་རང་དགེ་རྒན་ཡིན་དུས། བྱིས་པ་ཕན་ཚུན་འཁྲུག་རྩོད་བྱུང་བ་ཡིན་ན། ཁོང་གཉིས་ལ་སྐར་མ་བཅུའི་རིང་སྒོམ་རྒྱག་ཏུ་བཅུགས་ནས་སེམས་ཁམས་ལྷོད་ལ་འབབ་ཏུ་བཅུག་པ་དང་། དེ་ནས་ནོར་འཁྲུལ་ལ་བསམ་བློ་གཏོང་དུ་བཅུག དེ་ནས་ནོར་འཁྲུལ་དེ་གང་ལ་ཐུག་ཡོད་མེད་སྐད་ཆ་འདྲི་ཡི་ཡོད། དེ་ལྟར་བྱས་ན། བྱིས་པ་རང་ངོས་ནས་སོ་སོའི་ནོར་འཁྲུལ་ངོས་འཛིན་ཐུབ་པར་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག གང་ཡིན་ཟེར་ན། གློ་བུར་ཁོང་ཁྲོ་དེའི་དབང་གིས་ལེགས་ཉེས་ལ་བསམ་བློ་གཏོང་མ་ཐུབ་པར་ཕན་ཚུན་བར་འཁྲུག་འཛིང་ཤོར་གྱི་ཡོད་པ་རེད། ང་ཚོས་བྱིས་པ་ཡང་མི་རུ་བརྩིས་ནས་སྐད་ཆ་བཤད་པ་དང་བསམ་བློ་གཏོང་བའི་གོ་སྐབས་སྤྲད་པ་ཡིན་ན། བྱིས་པ་རང་ངོས་ནས་བསམ་བློ་གཏོང་ཐུབ་པར་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག ང་ཚོ་རང་ཉིད་ལ་ཆ་བཞག་ནའང་། ང་ཚོ་ཆུང་ཆུང་ཡིན་དུས། ཕ་མ་དང་དགེ་རྒན་གྱི་བག་ཆགས་གང་བཞག་པ་དེ་ཆེན་པོ་ཆགས་དུས་ཀྱང་བརྗེད་ཀྱི་ཡོད་པ་མ་རེད། དེ་བས། ང་ཚོས་ནོར་འཁྲུལ་ཡོད་ཚད་བྱིས་པའི་སྟེང་ལ་མི་འགལ་བར། ཡང་ནས་བསྐྱར་དུ་བྱིས་པར་བཟང་སྤྱོད་ལམ་སྟོན་གནང་ནས་བྱིས་པའི་ནོར་འཁྲུལ་ཡོ་བསྲང་བྱེད་པའི་ཐབས་ཤེས་སྣ་ཚོགས་འཚོལ་འདོན་བྱེད་རྒྱུ་གལ་ཆེན་པོ་རེད། དེ་ལྟར་བྱས་པ་ཡིན་ན། མ་འོངས་པར་ང་ཚོས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་ཕྲུག་སྐྱེད་སྲིང་ཐུབ་ཀྱི་རེད་བསམ་གྱི་འདུག

དྲི་བ། ང་ཚོའི་སློབ་གྲྭ་ཁག་ནང་སློབ་ཚན་གཅིག་པུ་མ་ཡིན་པའི་དཔེ་ཀློག་བྱེད་མཁན་ཉུང་ཉུང་ཡིན་པའི་སྣང་ཚུལ་འདུག ཁྱེད་ཀྱིས་བལྟས་ན་དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་འདུག

ལན། ངས་བསམ་ན་དཔེ་ཀློག་གི་སྤྲོ་སྣང་ཡོང་ཐབས་གཙོ་བོ་གཅིག་དེ་སློབ་གྲྭ་དང་ཁྱིམ་ཚང་སོགས། ཁོར་ཡུག་ལ་རག་ལས་པ་ཞིག་ཏུ་མཐོང་གི་འདུག བྱིས་པར་ཆ་བཞག་ནའང་། བྱིས་པའི་ཁམས་དང་མོས་པར་འཚམ་པའི་དཔེ་དེབ་ལ་བརྟེན་ནས། བྱིས་པ་དེ་ལ་རང་བཞིན་གྱིས་དཔེ་ཀློག་གི་སྤྲོ་སྣང་ཡོང་གི་རེད། དེ་བས། ན་ནིང་ནས་ང་ཚོའི་སློབ་གྲྭའི་ནང་དམིགས་བསལ་དཔེ་ཀློག་གི་ལས་གཞི་རྒྱུན་འཁྱོངས་བྱས་ཏེ། གཟའ་ལྷག་པ་དང་མིག་དམར་ཉིན་གྱི་ཞོགས་པའི་ཆུ་ཚོད་ཕྱེད་ཀའི་རིང་ལ་དཔེ་ཀློག་བྱེད་ཀྱི་ཡོད། དཔེ་ཀློག་གི་ཆུ་ཚོད་དེ་ལ་ལས་ཀ་གཞན་ཚང་མ་བཞག་སྟེ། དགེ་སློབ་ཚང་མ་དཔེ་ཁང་ནང་འཛོམས་ནས་དཔེ་ཀློག་བྱེད་ཀྱི་ཡོད། དཔེ་ཀློག་སྐབས་སུ་སློབ་གྲྭའི་སྒྲིག་ལམ་དང་དགེ་རྒན་གྱི་གོ་སྒྲིག ནང་ལས་སོགས་གང་ཡང་མེད་པར། སློབ་ཕྲུག་སོ་སོའི་མོས་པ་ལྟར་དཔེ་ཀློག་བྱེད་ཀྱི་ཡོད། ལས་གཞི་དེའི་དམིགས་ཡུལ་གཙོ་བོ། ང་ཚོས་སློབ་ཕྲུག་ཚོའི་ཁམས་དང་མོས་པར་བསྟུན་ནས་དཔེ་ཀློག་གི་ཁོར་ཡུག་སྐྲུན་ཐབས་བྱས་པ་ཡིན། དེ་སློབ་གྲྭ་གཅིག་པུ་མིན་པར་སོ་སོའི་ཁྱིམ་ཚང་ནང་ལ་ཡིན་ནའང་། ཕ་མས་དཔེ་ཀློག་བྱས་པ་ཡིན་ན། དེ་ནང་བཞིན་བྱིས་པར་དཔེ་ཀློག་གི་ཁོར་ཡུག་དང་གོམ་གཤིས་ཆགས་ཡོང་གི་ཡོད་དུས། དཔེ་ཀློག་གི་གོམ་གཤིས་དེ་གཙོ་བོ་ཁོར་ཡུག་ལ་རག་ལས་ཡོད་པ་ཞིག་ཏུ་མཐོང་གི་འདུག དེ་མིན་ཕ་མ་དང་དགེ་རྒན་གྱིས་བྱིས་པར་ནང་ལས་དང་དཔེ་ཀློག་བྱོས་ཞེས་བཤད་ནས། སོ་སོའི་ལག་ནས་ལས་ཀ་གཞན་པ་ལས་བསྡད་པ་ཡིན་ན། བྱིས་པར་ཕ་མ་དང་དགེ་རྒན་ནང་བཞིན་དཔེ་ཀློག་གི་སྤྲོ་སྣང་ཡོང་གི་མ་རེད། དེ་བས། སོ་སོའི་ནང་དང་སློབ་གྲྭ་གང་ཡིན་ཡང་ང་ཚོས་དཔེ་ཀློག་གི་ཁོར་ཡུག་སྐྲུན་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག

དྲི་བ། སློབ་གྲྭ་ཞིག་ལ་མཚོན་ན། སློབ་གྲྭ་དེའི་སྒྲིག་ལམ་དང་དོ་དམ་གཙོ་བོ་རེད་དམ། སློབ་མ་སློབ་གསོས་སྐྱོང་སྟངས་གཙོ་བོ་རེད།

ལན། ངས་བསམ་ན། ང་ཚོ་མི་རྒན་པ་ཞིག་ཡིན་ནའང་གནོན་ཤུགས་ཡོད་པའི་སྒྲིག་སྲོལ་ཞིག་གི་འོག རྒྱུན་རིང་ལ་སྡོད་ཐུབ་རྒྱུ་ཁག་པོ་ཡོད་དུས། སློབ་གྲྭའི་སྒྲིག་ལམ་གཙོ་བོར་བཟུང་བ་ཡིན་ན། སློབ་ཕྲུག་ཡིན་ནའང་སྒྲིག་ལམ་དེའི་གནོན་ཤུགས་འོག སློབ་གྲྭར་ཡོང་བ་དང་སློབ་སྦྱོང་བྱེད་པའི་སྤྲོ་སྣང་ཡོང་གི་མ་རེད་བསམ་གྱི་འདུག མི་ཆེ་ཆུང་སུ་ཡིན་ཡང་རང་དབང་གལ་ཆེན་པོ་ཡིན་སྟབས། ང་ཚོ་དམར་ཤོག་རིང་ལུགས་མིན་པར་དམངས་གཙོའི་ལམ་དུ་སྐྱོད་ཀྱི་ཡོད་པ་རེད། མང་པོ་ཞིག་གི་བསམ་བློའི་ནང་ལ་བྱིས་པར་སྒྲིག་ལམ་མེད་པ་ཡིན་ན་ཡོང་གི་མ་རེད། བྱིས་པ་སྐྱག་ལང་ལ་ཤོར་ནས་འདྲ་མི་འདྲ་བྱེད་ཡོང་གི་རེད་བསམ་གྱི་ཡོད་པ་དང་། ཡང་མང་པོ་ཞིག་གིས་སྒྲིག་ལམ་ཟེར་དུས། རྩུབ་པོའི་ཐོག་ནས་བྱིས་པར་བཙུར་གཅུན་གཏོང་བར་གོ་ཡི་འདུག་ཀྱང་། ང་རང་གིས་བལྟས་ན། སྒྲིག་ལམ་ཟེར་དུས་བྱིས་པ་སློབ་གསོས་སྐྱོང་བའི་ཐབས་ལམ་ཞིག་རེད་མ་གཏོགས་བྱིས་པ་བཙུར་གཅུན་གཏོང་ཐབས་ཤིག་མ་རེད་བསམ་གྱི་འདུག དེར་མ་ཟད། བྱིས་པའི་རང་དབང་དང་སྒྲིག་ལམ་གཉིས་ཁ་ཁ་རེད་བསམ་གྱི་མི་འདུག དཔེར་ན། ཚུལ་ཁྲིམས་སྲུང་ཞེས་པ་དེ། བཟང་ངན་གྱི་དབྱེ་བ་འབྱེད་ཤེས་པའི་རྗེས་སུ་ཡོང་གི་རེད་མ་གཏོགས། མི་གཅིག་གིས་ཁྱེད་ལ་འདི་ལས་དང་གན་བྱོས་ཞེས་བཤད་པའི་གནོན་ཤུགས་ཤིག་གི་འོག བྱིས་པ་སློབ་གསོས་ཡག་པོ་ཞིག་སྐྱོང་ཐུབ་ཀྱི་མ་རེད་བསམ་གྱི་འདུག

སློབ་ཕྲུག་གི་ནོར་འཁྲུལ་ལ་བཙུར་གཅུན་གཏོང་རྒྱུ་མང་དྲགས་ན། སློབ་ཕྲུག་ཚོ་ནོར་འཁྲུལ་བཟོ་བར་ཞེད་དེ། རང་གི་གསར་གཏོད་ཀྱི་ནུས་པ་དེ་ནམ་ཡང་འདོན་ཐབས་ཡོད་པ་མ་རེད། སློབ་ཕྲུག་གིས་ནོར་འཁྲུལ་བཟོས་དུས། ང་ཚོས་གཅར་རྡུང་དང་བཙུར་གཅུན་མི་གཏོང་བར་ནོར་འཁྲུལ་ཡོ་བསྲང་བྱེད་པའི་བཟང་སྤྱོད་སློབ་སྟོན་དང་ཐབས་ཤེས་སྣ་ཚོགས་འཚོལ་འདོན་བྱེད་རྒྱུ་གལ་ཆེན་པོ་རེད། དེ་མིན་ཚེ་གང་བོར་གཅར་རྡུང་དང་སྡིགས་མོ་རྐྱང་རྐྱང་གིས་བྱིས་པ་སྐྱོང་དགོས་དུས། དེ་ཡོང་ཐབས་ཡོད་པ་མ་རེད་བསམ་གྱི་འདུག དཔེར་ན། སློབ་གྲྭའི་ནང་ཞོགས་པའི་ཅོང་བརྡ་རྡུང་མ་ཐག ང་ཚོ་མལ་ལས་ལངས་པ་དང་འཛིན་གྲྭར་འགྲོ་བ། ཉིན་གུང་གི་ཅོང་བརྡ་གྲགས་དུས་འཛིན་གྲྭ་གྲོལ་བ་དང་ཉིན་གུང་གི་ཟ་མ་ཟ་བ། དགོང་དྲོའི་ཅོང་བརྡ་རྡུང་དུས་རང་སྦྱོང་བྱེད་པ་དང་གཉིད་ཉལ་བ་བཅས་བྱེད་ཀྱི་ཡོད་ཀྱང་། སློབ་གྲྭ་ཐོན་པའི་རྗེས་ལ་ང་ཚོར་ཅོང་བརྡ་རྡུང་མཁན་ཡོད་པ་མ་རེད། དེ་དུས་ང་ཚོས་ག་རེ་བྱེད་ཀྱི་ཡིན་ནམ། དེ་བས། ང་ཚོ་ཚང་མ་སོ་སོའི་རང་དབང་གི་བསམ་གཞིག་དང་རང་དབང་གི་ཐག་གཅོད་ལ་བརྟེན་ནས་འགྲོ་དགོས་པ་མ་གཏོགས། སྒྲིག་ལམ་རྐྱང་རྐྱང་ལ་བརྟེན་ནས་ཡོང་ཐབས་ཡོད་པ་མ་རེད།

སྤྱིར་བཏང་ནོར་འཁྲུལ་ཅུང་ཙམ་ཡང་མ་ཤོར་བར་ལས་ཀ་ཞིག་ཕལ་ཆེར་ལས་ཐབས་ཡོད་པ་མ་རེད། ང་ཚོ་མི་རྒན་པ་ཚོས་ནོར་འཁྲུལ་བཟོ་བཞིན་ཡོད་དུས། བྱིས་པས་ནོར་འཁྲུལ་བཟོ་བ་ནི་བཤད་མ་དགོས་པ་རེད། དེ་བས། ཕ་མ་དང་དགེ་རྒན་གྱི་གཅར་རྡུང་དང་སྡིགས་མོ། སློབ་གྲྭའི་སྒྲིག་ལམ་གྱི་བཙུར་གཅུན་ལ་མི་བརྟེན་པར། བྱིས་པ་སོ་སོའི་ཁམས་དང་མོས་པ་གཞིར་བཟུང་ནས་བྱིས་པ་སློབ་གསོས་སྐྱོང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག སློབ་གྲྭའི་ནང་གི་སྦྱོང་གཞི་དེ་དག་གིས་མཐའ་གཅིག་ཏུ་མ་འོངས་པར་བྱིས་པ་ཚོའི་མི་ཚེའི་མདུན་ལམ་ལ་ཕན་ཐོགས་ཡོད་མེད་དེ་དྲི་བ་ཞིག་རེད། བྱིས་པ་ཁོ་རང་ཚོ་གང་ལ་སྤྲོ་སྣང་ཡོད་ན། དེའི་ཐོག་ལ་ལམ་སྟོན་གནང་རྒྱུ་གལ་ཆེན་པོ་རེད། དེ་མིན་གོང་ཞུས་ལྟར། ཕ་མ་དང་དགེ་རྒན། སློབ་གྲྭའི་སྒྲིག་ལམ་གྱིས་བཙུར་བསྡད་པ་ཡིན་ན། བྱིས་པའི་ལྷན་སྐྱེས་ཀྱི་གསར་གཏོད་ནུས་པ་སྔོག་འདོན་ཐུབ་རྒྱུ་ཁག་པོ་རེད་ལ། ལྷག་པར་དུ་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཡག་པོ་ཞིག་ཡོང་ཐབས་ཡོད་པ་མ་རེད་བསམ་གྱི་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༨/༢༢

Leave a Reply

7 thoughts on “སྒྲིག་ལམ་ནི་བྱིས་པ་སྐྱོང་ཐབས་ཅིག་རེད་མ་གཏོགས་བཙུར་གཅུན་གཏོང་བྱེད་ཅིག་མ་རེད།

  1. གཞུང་པ་ཚེ་དབང་བསོད་ནམས་

    ང་ཚོའི་གནས་སྟངས་ང་ཚོའི་ཤེས་པའི་ཐོག་ནས་ཤེས་ཡོན་སློབ་
    གསོའི་སྒྲིག་འཛུགས་བཟོ་དགོས་པ་ནི་ང་ཚོ་མི་ཡུལ་དུ་བོད་མི་འབུམ་གཅིག་ལྷག་ཙམ་སྐྱབས་བཅོལ་ནས་བསྡད་ཡོད་པ་དེ་ཡང་འཛམ་གླིང་གི་ལུང་པ་མང་པོའི་ནང་བྱ་སྤུ་རི་ལ་གཏོར་བ་བཞིན་བོད་མི་ཁྱིམ་ཚང་རེ་ཙམ་གཉིས་ཙམ་བྱས་ནས་མི་གཡོག་རྒྱུགས་ནས་ནང་མིའི་འཚོ་བ་ལ་འགན་སྲུང་གནང་བཞིན་པ་ནས་ཤེས་ཡོན་སྲིད་བྱུས་ལ་འགན་བཀུར་ནས་ཕྲུ་གུའི་མི་ཚེའི་མདུན་ལམ་ལ་འོད་ཟེར་ག་དུས་འཕྲོ་ཐུབ་བམ?

  2. སྒྲུང་པ་འགྱུར་མེད་རྣམ་རྒྱལ།

    དཔེ་སྟོན་སློབ་གྲྭའི་སྒྲུང་།

    འོས་བསྡུའི་སྔོན་ཙམ་གྱི་ཉིན་ཞིག་ལ་སྲིད་སྐྱོང་མཆོག་སྤྱན་ཤེལ་ནག་པོ་ཞིག་གྱོན་ནས་གསོག་སྒར་སློབ་གྲྭར་ཕེབས་པ་རེད། སྲིད་སྐྱོང་གི་མཉམ་དུ་སམ་བྷོ་ཊའི་འགན་འཛིན་ཡང་ཡོད་ཅིང་། ཁོ་ནི་སྲིད་སྐྱོང་ཕེབས་པ་དང་སྟབས་བསྟུན་གསོག་སྒར་སློབ་གྲྭའི་སློབ་སྤྱིར་དཔེ་སྟོན་སློབ་གྲྭ་གསོག་སྒར་སློབ་གྲྭར་སྤོ་རྒྱུའི་གྲོས་མོལ་བྱེད་དུ་ཡོང་བ་རེད། ཁོ་གཉིས་ཕེབས་རྒྱུ་ཏོག་ཙམ་ཕྱི་འབྱོར་བྱས་ཡོད་པས། གསོག་སྒར་སློབ་གྲྭར་སླེབས་རྗེས་ཐད་ཀར་ཚོགས་ཁང་དུ་གཏམ་བཤད་གནང་བར་ཕེབས་པ་རེད། གཏམ་བཤད་སྐབས་སློབ་མ་ཞིག་གིས་དཔེ་སྟོན་སློབ་གྲྭ་གསོག་སྒར་སློབ་གྲྭར་སྤོ་འཆར་ཡོད་པར་སྲིད་སྐྱོང་ལ་དགོངས་ཚུལ་གང་ཡོད་ཅེས་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས་ “སློབ་གྲྭ་འདི་ཁྱེད་རང་ཚོའི་ཆེད་དུ་བཙུགས་པ་རེད། འདི་ལ་སློབ་ཕྲུག་གཞན་དག་སྤོས་ཡོང་ན་ངས་ཁྱེད་རང་ཚོར་རོགས་པ་བྱས་ཆོག” ཅེས་གསུངས་པས། གསོག་སྒར་གྱི་སློབ་མ་ཚོ་དགའ་ཐག་ཆོད་ནས་དགའ་བསུ་ཚ་ཐག་ཆོད་ཞུས་པ་རེད།

    གཏམ་བཤད་ཚར་རྗེས་སམ་བྷོ་ཊའི་འགན་འཛིན་ཧོན་ཐོར་ནས་ཅི་ཤོད་འདི་ཤོད་མེད་པར་གྱུར་བ་རེད། ཉིན་ཤས་རྗེས་ཁོས་དཔེ་སྟོན་སློབ་གྲྭའི་འཛིན་རིམ་བརྒྱད་པ་ཐོན་པའི་སློབ་ཕྲུག་གི་ཁྱིམ་བདག་ཚོར་ “ཁྱེད་རང་ཚོའི་པུ་གུ་སློབ་གྲྭ་གཞན་ག་པར་གཏང་ནའང་ཐོངས། འདི་ལ་མུ་མཐུད་སློབ་འཇུག་བྱ་ས་མེད།” ཅེས་ཁྱབ་བསྒྲགས་བྱས་པ་རེད། ཕ་མ་ཁ་ཤས་ཀྱི་སོ་སོའི་པུ་གུ་བོད་ཁྱིམ་གཉིས་ལ་བཏང་བ་རེད། ཡང་ཕ་མ་ཁ་ཤས་ཀྱིས་སོ་སོའི་པུ་གུ་ཕྱི་རྒྱལ་ལ་བཏང་བ་རེད། ལྷག་མ་དེ་ཚོ་སམ་བྷོ་ཊའི་སློབ་གྲྭ་གཞན་དག་ལ་འཐོར་ཕྱིན་པ་རེད། དེ་ནས་བཟུང་དཔེ་སྟོན་སློབ་གྲྭ་ས་ཆ་གཞན་དག་ལ་སྤོ་ཡག་གི་སྒྲུང་དེ་མཚམས་ཆད་པ་རེད།

    དཔེ་སྟོན་སློབ་གྲྭ་དེ་གས་ཟུར་ཞིག་ཏུ་ལྕགས་སྒོ་བསྒར་ཏེ་སྔར་བཞིན་གནས་དགོས་བྱུང་། དེའི་ནང་འཛིན་རིམ་བརྒྱད་པ་མན་གྱི་ཕྲུ་གུ་ལས་མེད་ཅིང་། ཕྲུ་གུ་དེ་ཚོ་སྤྱན་གཟིགས་ཁང་གི་དོམ་ཕྲུག་འདྲ་པོ་ཡོད། ཁོང་ཚོས་ཐང་ཆུང་ཆུང་ཞིག་གི་ཐོག་དུས་གཅིག་ཏུ་རྐང་རྩེད་པོ་ལོ་དང་། ལག་རྩེད་པོ་ལོ། དབྱུག་རྩེད་པོ་ལོ། ཐག་མཆོངས་སོགས་རྩེ་གི་ཡོད་པས། ལྕགས་སྒོའི་ཕྱི་ལོགས་ནས་བལྟས་ན། སྤྱན་གཟིགས་ཁང་གི་དོམ་ཕྲུག་གིས་འཁྲབ་སྟོན་བྱེད་ཀྱི་ཡོད་པ་འདྲ་པོ་ཡོད། ཡིན་ནའང་ཁོང་ཚོ་དོམ་ཕྲུག་དངོས་གནས་མ་རེད། དོམ་ཕྲུག་གིས་བོད་སྐད་ཤེས་ཀྱི་མེད། ཡིན་ནའང་ཁོང་ཚོས་བོད་སྐད་ཤེས་ཀྱི་ཡོད།

  3. སློབ་གྲྭའི་འཁོར་ཡུག་གཞི་རྒྱ་ཆེ་བ་ཞིག་ཡོད་ན་སློབ་ཕྲུག་གི་འཚར་ལོངས་དང་ཤེས་ཡོན་སྦྱངས་རྒྱུར་ཕན་ཐོགས་ཆེན་པོ་ཡོད། དཔེ་སྟོན་སློབ་གྲྭ་ནི་མིག་དཔེ་སྟོན་མཁན་གྱི་སློབ་གྲྭ་ཞིག་དང། དེང་དུས་བོད་པའི་སྐད་ཡིག་ཐོག་རྨང་གཞི་གཏན་པོར་བཙུགས་ཐུབ་པའི་སློབ་འཁྲིད་གནང་ས་ཞིག་ཡིན་པར་སློབ་གྲྭའི་རྒྱ་ཁྱོན་ཧ་ཅང་ཆུང་ཆུང་ཡིན་འདུག་པས་དེའི་ཐད་གོང་རིམས་ནས་མནོ་བསམ་ནན་པོའི་ངང་ཉེ་འགྲམ་ཤེས་རབས་དགའ་འཚལ་སློབ་གླིང་ལྟ་བུར་གནས་སྤོས་ཐུབ་ཚེ་དགེ་མཚན་མངོན།