རྒྱ་ནག་གི་མི་འབོར་གྲངས་བཤེར་དེ་བདེན་པ་མ་རེད་ཟེར།

ཨ་རིར་གནས་སྡོད་རྒྱ་ནག་གི་ཁྱིམ་ཚང་འཆར་འགོད་སྐོར་ལ་ཡུན་རིང་ནས་ཞིབ་འཇུག་གནང་མཁན་ཞིག་གིས་རྒྱ་ནག་གི་མི་འབོར་ནི་རྒྱ་གར་ལས་ཉུང་བ་ཡིན་དགོས་པའི་དཔྱད་ཞིབ་བསམ་ཚུལ་བཏོན་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིར་ཡོད་པའི་ཝིས་ཀོན་སིན་མེ་ཌི་སོན་སྨན་གྱི་སློབ་གྲྭའི་(University of Wisconsin-Madison’s medical school)སྦྲུམ་མ་ལྟ་སྐྱོང་དང་མོ་ནད་གསོ་རིག་སྡེ་ཚན་གྱི་ཚན་རིག་པ་རྒན་གྲས། ལོ་མང་རིང་རྒྱ་ནག་གི་ཁྱིམ་ཚང་འཆར་འགོད་སྐོར་ལ་ཞིབ་འཇུག་གནང་མཁན་ཡས་ཧྥུ་ཞན་(Yi Fuxian)ཞུ་བ་ཞིག་གིས། རྒྱ་ནག་གཞུང་གིས་རྒྱའི་མི་འབོར་གྲངས་ཚད་དངོས་སྦེད་གསང་བྱས་ཏེ། དེའི་སྟེང་དུ་མི་གྲངས་འཕར་མ་ས་ཡ་ ༡༠༠ ལྷག་བསྣན་ཡོད་པ་དང་། དེའི་དམིགས་ཡུལ་ནི་རྒྱ་ནག་ནང་གང་མྱུར་འཆར་ལྡན་བུ་སྐྱེའི་ལས་གཞི་ལག་བསྟར་དོན་འཁྱོལ་ཡོང་བའི་ཆེད་དུ་ཡིན་པ་རེད་ཅེས་བརྗོད་འདུག

ཡས་ཧྥུ་ཞན་(Yi Fuxian)གྱིས་འགྲེམ་སྤེལ་མ་བྱས་པའི་ཞིབ་འཇུག་སྙན་ཐོ་གཉིས་ཀྱི་ནང་དུ། རྒྱ་ནག་རྒྱལ་ཡོངས་མི་འབོར་ཞིབ་བཤེར་ཚོགས་པས་ལོ་སྔོན་མར་རྒྱ་ནག་གི་མི་འབོར་ཐེར་འབུམ་ ༡།༣༨ ཡོད་པ་བསྟན་པ་ནི་བདེན་པ་མིན་པ་དང་། དོན་ངོ་མར་གྲངས་བཤེར་བྱས་ན་མི་འབོར་ཐེར་འབུམ་ ༡།༢༨ ལས་མེད་དགོས་སྐོར་བརྗོད་འདུག

ཡས་ཧྥུ་ཞན་གྱི་ཚོད་དཔག་ལྟར་ན། དེང་སང་འཛམ་གླིང་ནང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ནི་རྒྱ་ནག་མིན་པར་རྒྱ་གར་ཡིན་དགོས་སྐོར་བརྗོད་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་འཛམ་གླིང་མི་འབོར་གྱི་སྣང་བརྙན་ལྟར་ན། ཕྱི་ལོ་ ༢༠༢༤ ལོའི་བར་དུ་རྒྱ་གར་མི་འབོར་གྱིས་རྒྱ་ནག་མི་འབོར་གྱི་གྲངས་ཚད་བརྒལ་ཐུབ་ཀྱི་མ་རེད་ཅེས་བརྗོད་ཡོད་འདུག

ད་ལོའི་ཕྱི་ཟླ་ ༥ པར་པེ་ཅིན་གྱི་མཐོ་སློབ་ཅིག་གི་ཚོགས་འདུའི་བགྲོ་གླེང་ཐོག་ཡས་ཧྥུ་ཞན་གྱིས། རྒྱ་གཞུང་གིས་རང་རྒྱལ་གྱི་མི་འབོར་གྲངས་ཚད་བསྟན་པའི་སྙན་ཐོ་དང་། མི་འབོར་གྲངས་བཤེར་སྔོན་གཞི་གཉིས་ཀྱི་བར་མི་གྲངས་ས་ཡ་ ༡༠༠ ལྷག་གི་ཁྱད་པར་འདུག ཅེས་བརྗོད་ཡོད་པ་དང་།ད་དུང་ཁོང་གིས། ས་གནས་སོ་སོའི་གཞུང་འབྲེལ་མི་སྣ་ཚོས་ཀྱང་རང་ཁོངས་ཀྱི་མི་གྲངས་གང་མང་སྤར་ཐབས་བྱེད་ཀྱི་འདུག གང་ཡིན་ཟེར་ན། དབུས་གཞུང་ནས་ས་གནས་ཀྱི་མི་འབོར་ལ་བལྟས་ཏེ་ཤེས་ཡོན་དང་། འཕྲོད་བསྟེན། དེ་བཞིན། འགྲིམ་འགྲུལ་གྱི་ཆ་རྐྱེན་དང་མཐུན་སྦྱོར་རོགས་རམ་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་ཡོད་འདུག རྗེས་སུ་སྤྱི་ཚོགས་ཀྱི་ནང་སྐད་ཆ་དེས་རྙོག་གླེང་ཆེན་པོ་བཟོས་ཡོད་ཀྱང་། རྒྱ་ནག་ནང་ལོགས་ནས་ཡས་ཧྥུ་ཞན་གྱི་གླེང་སློང་བྱས་པའི་གནད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཐོབ་མེད་པ་རེད།

རྒྱ་ནག་གཞུང་འབྲེལ་གྱི་དཔལ་འབྱོར་གླེང་སྟེགས་སུ། རྒྱལ་ཡོངས་འཛུགས་སྐྲུན་ལས་གཞིའི་ཞིབ་འཇུག་པ་ཡཱང་ཡས་ཡོང་(Yang Yiyong)གིས། ཡས་ཧྥུ་ཞན་གྱི་ཚོད་དཔག་བྱས་པ་དེར་དགག་པ་བརྒྱབས་ཏེ། རྒྱ་ནག་གི་མི་འབོར་སྙན་ཐོ་ནི་ཚོང་ཟོག་གི་གྲངས་ཚད་ཞིབ་ཕྲ་བྱེད་པ་ལས་ཀྱང་གཟབ་ནན་བྱས་ཡོད་སྐོར་བརྗོད་ཡོད་འདུག

ཡས་ཧྥུ་ཞན་གྱིས་རྒྱ་ནག་གི་ཕྲུ་གུ་གཅིག་གི་སྲིད་ཇུས་ལ་ཞིབ་འཇུག་བྱས་ཏེ། རྒྱལ་ཁབ་ཆེན་པོ་ལ་ཁྱིམ་ཚང་སྟོང་པ་ཞེས་པའི་དེབ་ཅིག་བརྩམས་ཡོད་ཀྱང་རྒྱ་ནག་ནང་དེབ་དེ་པར་སྐྲུན་བྱེད་ཐུབ་མེད། འོན་ཀྱང་། རྒྱ་ནག་ལ་ཕྲུ་གུ་གཅིག་གི་སྲིད་ཇུས་དེ་ཕན་པ་ལས་གནོད་འཚབ་ཆེ་བ་ཡོད་པ་ཤེས་རྟོགས་བྱུང་རྗེས། ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གིས་དེབ་དེ་རྒྱ་ནག་ནང་པར་སྐྲུན་འགྲེམ་སྤེལ་བྱས་བཅུག་ཡོད་འདུག

ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གིས་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་གསར་པ་གཏན་འབེབས་བྱས་ཡོད་པ་དང་། རྒྱ་གཞུང་གིས་ཡས་ཧྥུ་ཞན་ལའང་རྣམ་འགྱུར་བཟང་པོ་བསྟན་ཏེ། ལོ་དེའི་ཕྱི་ཟླ་ ༣ པར་ཨེ་ཤ་ཡའི་བཱ་ཨོ་གླེང་སྟེགས་ཞེས་པ་དེར་གཏམ་བཤད་བྱེད་པའི་གོ་སྐབས་ཀྱང་སྤྲད་ཡོད་འདུག ཡིན་ནའང་། ཉེ་ལམ་ཡས་ཧྥུ་ཞན་གྱིས་རྒྱ་ནག་གི་མི་འབོར་གྲངས་བཤེར་ལ་ཡིད་ཆེས་མེད་པའི་རྣམ་འགྱུར་བསྟན་ཡོད་སྟབས། སླར་ཡར་རྒྱ་ནག་གཞུང་མ་དགའ་བར་གྱུར་ཡོད་པ་དང་། རྒྱ་ནག་ནང་ཁོང་དང་འབྲེལ་ཡོད་ཀྱི་སྤྱི་ཚོགས་དྲྭ་ལམ་ཡོད་ཚད་བཀག་བསྡོམས་བྱས་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༨/༢༢

Leave a Reply