ཆབ་མདོ་ངག་ཕུན།
དེ་རིང་དུས་བབ་ཚང་གིས་དམག་མི་རྒན་རབས་ཤིག་གི་ལོ་རྒྱུས་བཀོད་པ་ལས་འཕྲོས་པའི་རང་ཉིད་ཀྱི་བསམ་ཚུལ་ཞིག་གླེང་བར་འདོད། དེ་ཡང་བོད་མི་རྒན་རབས་རྒྱ་བོད་གཉིས་ཀྱི་དམག་མི་ནང་དུ་འཛུལ་ཞུགས་མྱོང་བའི་དྭང་ཟུར་རྒན་རབས་རྣམས་ཀྱི་སྐོར་ཡིན་ཞིང་། དེ་ཡང་བོད་གངས་ལྗོངས་ཆོས་ལྡན་གྱི་ཞིང་ཁམས་སུ་ཤར་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དམར་པོས་དྲག་པོས་བཙན་བཟུང་བྱས་པ་དང་། དེ་ནས་བོད་རིགས་ན་གཞོན་རྣམས་ཀྱི་བློས་བཏང་ཆེན་པོས་དྭང་དམག་ནང་འཛུལ་ཞུགས་ཀྱིས་རང་སྲོག་བློས་བཏང་གིས་རྒྱ་དམག་དང་དམག་འཐབ་བྱས་ཡོད།
བཙན་བྱོལ་ལ་སླེབས་པ་དང་བསྟུན་ནས་ད་དུང་རྒྱ་དམར་དང་དམག་འཐབ་བྱེད་བསམ་པའི་དམིགས་ཡུལ་ངེས་ཅན་ཞིག་འཛིན་ནས་རྒྱ་གར་གྱི་དམག་ཁོངས་སུ་འཛུལ་ཞུགས་བྱས་ཏེ་མི་ལོ་མང་པོའི་རིང་ལ་ལས་དོན་རང་ནུས་ཡོད་ཚད་ཀྱིས་གདོང་ལེན་གནང་ཡོད། ཕུགས་བསམ་ནང་བཞིན་རྒྱ་དམག་དང་དམག་འཐབ་བྱེད་པའི་གོ་སྐབས་མ་རག་ཀྱང་རྒྱ་གར་གྱི་དམག་ནང་ལ་གཟེངས་སུ་ཐོན་པའི་བོད་དམག་དེ་དག་གིས་ལས་དོན་གནང་ཡོད། དེ་ནས་ལོ་ན་ཚོད་དབང་གིས་དམག་ཁོངས་ནས་རང་བཞིན་གྱིས་ཐོན་དགོས་བྱུང་བ་དང་། བཙན་བྱོལ་ནང་ལས་དོན་ཆེ་འབྲིང་ཆུང་གསུམ་གྱི་ནང་ལ་ལས་དོན་སྣ་ཚོགས་ཤིག་བྱེད་བཞིན་གནས།
དྭང་ཟུར་པ་འགའ་ཤས་ནི་ནང་མི་སྤུན་མཆེད་སོགས་སུ་གང་མེད་པས་སྐུ་ངལ་ཡང་རྒྱ་མི་ཆུང་བ་ཡོད་མཁན་ཡོད་པ་རེད། དེ་དག་ལ་རང་གཞུང་གིས་གང་ཡོང་ཅི་ཡོང་གིས་རོགས་རམ་གནང་དང་གནང་བཞིན་ཡོད་ལ། ལྷག་པར་དྭང་ཟུར་འགའ་ཤས་བཱངྒ་ལཱ་དེ་ཤིའི་དང་རྒྱ་གར་དམག་འཐབ་བྱུང་སྐབས་བོད་དམག་དེའི་ནང་ལ་ཞུགས་ཏེ་ནུས་ཤུགས་བཏོན་ནས་བྱས་རྗེས་ཆེན་པོ་བཞག་ཡོད་ལ། སྐབས་དེའི་བོད་དམག་གི་དམག་སྤྱི་སྐུ་ངོ་བྱམས་དཀར་ལགས་ཀྱི་མི་ཚེའི་ལོ་རྒྱུས་ནང། “ང་ཚོའི་བོད་རིགས་དམག་མི་བྱིངས་རྣམས་ཀ་ཀོར་མེད་པར་ཕྱིན་ཆོག་ཨང་གསར་ཐེ་ཚོམ་སོམ་ཉི་གང་ཡང་མི་འདུག །སྐབས་དེ་དུས་ཀྱི་ང་ཚོའི་བོད་རིགས་དམག་མི་རྣམས་ལོ་ན་ཡར་ཙམ་སོན་པ་དོ་ཏན་དང་། སེམས་ཤུགས་ཅན། བློ་ལྷད་མེད་བསམ་བློའི་སྐྱོན་ཅི་ཡང་མེད་པ་དངོས་གནས་བློས་འགེལ་ཆོག་པ་ཡག་པོ་ཤ་སྟག་ཡོད་”ཅེས་གདེང་ཚད་མཐོ་བོའི་ཐོག་ནས་ཡོད་རབས་བཤད། སྐབས་དེར་དམག་སར་དངོས་སུ་འགྲོ་མྱོང་མཁན་དྭང་ཟུར་བགྲེས་པ་འགའ་ཤས་ཀྱི་ངག་ལས་ཀྱང་ཐོས་མྱོང་།
དུས་དེ་ནས་བཟུང་སྟེ་རྒྱ་གར་གྱི་བོད་དམག་ལ་འཛིན་པའི་ལངས་ཕྱོགས་བཟང་དུ་ཕྱིན་ནས་ད་ལྟ་བོད་དམག་རྒྱུན་མཐུད་ནས་གནས་ཐུབ་པ་བྱུང་བ་དེ་རེད། དྭང་ཟུར་བགྲེས་སོང་འགའ་ཤས་ང་ཚོའི་སྤྱི་ཚོགས་ནང་ལས་དོན་གནང་མྱོང་བ་དེ་དག་གི་སེམས་ཤུགས་དང་། ལས་དོན་ལ་ཧུར་བརྩོན། ལས་དོན་གང་འདྲ་ཞིག་གོང་རིམ་གྱིས་བཀོད་མངགས་གནང་བ་ཡིན་ན་ངོ་ལྐོག་རྒྱབ་མདུན་མེད་པར་གནང་མཁན་ཞིག་ཡིན། ང་ཡི་ལས་ཀ་བྱེད་སར་དེ་སྔོན་ལས་རོགས་མང་ཆེ་བ་དྭང་ཟུར་རྐྱང་རེད་འདུག་ཅིང་། ཁོ་ཚོ་མཉམ་དུ་ལོ་མང་རིང་ལས་ཀ་བྱེད་མྱོང་ཡོད་པ་དང་། ཁོ་ཚོ་ནི་དངོས་གནས་ངག་རྒྱུན་འཇམ་པ་དང་། སྒྲིག་འཛུགས་ལ་གུས་རྩི་ཆེ་བ། དཀའ་སྡུག་ག་འདྲ་ཞིག་བྱུང་བ་ཡིན་ནའང་བཟོད་སྲན་ཐུབ་མཁན། ལས་ཀའི་དུས་ཚོད་ལ་ཚོད་འཛིན་ཧ་ཅང་ཆེ་བ་སོགས་ཀྱི་སེམས་འགུལ་ཐེབས་པ་ཡོད། ཁོང་ཚོ་ནི་སྤྱི་ཚོགས་གསར་རྙིང་གཉིས་རྒྱུད་མྱོང་བའི་རྒན་རབས་ཀྱི་མི་སྣ་ཞིག་ཡིན་དུས་ཁོང་ཚོའི་མཉམ་དུ་ལས་ཀ་བྱེད་དུས་ལས་ཀའི་དཀའ་ལས་ག་ཚད་ཁག་ནའང་དཀའ་ལས་ཁག་པོ་བྱུང་སོང་བསམ་པའི་སྣང་བ་གཏན་ནས་འཁོར་མ་མྱོང་། ད་ལྟ་བགྲེས་སོང་དེ་དག་ལས་ཀ་གནང་སྟངས་ཡིད་ལ་འཁོར་དུས་དངོས་གནས་ཡིད་སྨོན་སྐྱེས་འོང་གི་འདུག
དྭང་ཟུར་འགའ་ཤས་དྭང་དམག་ནང་ལ་ལོ་མང་རིང་ལ་ཞབས་ཕྱི་བསྒྲུབས་པ་དང་། དེ་ནས་ཚོགས་སྡེ་ག་གེ་མོ་ནང་ལའང་ལོ་མང་ཞབས་ཕྱི་ཞུས་ཀྱང་མཐར་རྒན་འཁོགས་ཆགས་དུས་སྡེ་ཚན་གཉིས་ཀ་ནས་ཐོབ་ཐང་གང་ཡང་མ་རག་མཁན་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ལ་འགའ་ཤས་ཡོད་པ་མཐོང་ཞིང་། ལྷག་པར་ཚོགས་སྡེ་ག་གེ་མོ་ཞིག་གི་ནང་ལོ་མང་རིང་ལ་རང་ནུས་ཡོད་ཚད་སྟོན་ནས་ལས་དོན་གནང་མྱོང་མཁན་བགྲེས་སོང་འགའ་ལས་ཀྱི་སྣེ་མོ་བ་ཞིག་གིས་”སུ་ཞིག་གིས་ཀྱང་ལག་པ་འཆང་མ་ཕོད་པར་ངས་ལག་པ་འཆང་ནས་རྒན་ཡོལ་ལ་བཏང་ཡོད”ཅེས་ཁ་ཕོ་སྒྲོག་མྱོང་ཡོད། སྐབས་དེ་དུས་བགྲེས་སོང་འགའ་ཤས་སེམས་ལ་ཧ་ཅང་ཕོག་འདུག་ཅིང་། བྱས་པ་ཅན་ལ་དྲིན་གཟོ་མེད་པ་གཏམ་དེ་འདྲ་ཞིག་གོང་ལ་བཞུགས་མཁན་ཞིག་གིས་བཤད་ན་བགྲེས་སོང་རྣམས་ལ་ཐུགས་ཁག་ཅི་ཞིག་ཡོད་སྙམ་པའི་ཚོར་སྣང་ཤུགས་ཆེ་སྐྱེས་མྱོང་ཡོད།
དེང་སྐབས་ན་གཞོན་མང་ཆེ་བ་ཞིག་སློབ་གྲྭ་ནང་ལ་མི་ཚེ་ཕལ་ཆེ་བ་སྐྱེལ་བ་ལས་མི་དམངས་མཉམ་དུ་དེ་ཙམ་ཞིག་མཉམ་གཤིབ་གནང་བའི་གོ་སྐབས་མེད་དུས་བཀའ་མོལ་གནང་སྟངས་ཐོག་ནས་འགའ་ཤས་བློ་ཕམ་དགོས་པ་དེ་འདྲ་ཡོང་གི་ཡོད་པ་བརྗོད་མ་དགོས། དེར་བརྟེན་ནམ་ཞག་རྒྱུན་དུ་སློབ་གྲྭའི་དགེན་ལགས་ཚོས་ནང་གི་ཕ་མེས་དེ་དག་གི་ཐོག་ལ་ངེས་པར་སློབ་གསོ་མང་ཙམ་གནང་དགོས་པ་ཞིག་ཏུ་མཐོང་། ཡང་ངས་དགེན་ལགས་རྣམ་པས་སློབ་གསོ་གནང་གི་མི་འདུག་ཅེས་གཏན་ནས་ཞུ་གི་མེད་ཅིང་། གལ་པོ་ཆེ་ལ་ནན་ཏན་ཞེས་པའི་དཔེ་ལྟར་ཞུ་གི་ཡོད།
ལྷག་པར་ཕ་མ་བཤད་པ་ལས་དགེ་རྒན་ལགས་རྣམ་པས་སློབ་གསོ་གནང་བ་ཡིན་ན་ཕྲུ་གུའི་ཡིད་འཇོག་ཆེ་བ་ཞིག་ཏུ་མཐོང་ལ། དེ་ཡང་ངས་ངོ་ཤེས་པའི་བུ་མོ་ཞིག་སློབ་གྲྭ་ག་གེ་མོ་ནང་ལ་འཛིན་གྲྭ་བཞི་པར་སློབ་བཞིན་ཡོད་པ་དང་། བུ་མོའི་སློབ་སྦྱོང་ལ་དོ་སྣང་ཇི་ཙམ་བྱེད་ཀྱི་ཡོད་མེད་དགེན་ལགས་ལ་སྐད་ཆ་དྲིས་པ་དང་། དགེན་ལགས་ཀྱིས་སློབ་སྦྱོང་ཡག་ཙམ་ཡོད་ཀྱང་འཛིན་གྲྭར་ག་དུས་ཡིན་ན་སྨྱུ་གུ་མེད་པར་སྡོད་ཀྱི་ཡོད་ཚུལ་གསུངས། བུ་མོར་ཁྱོད་རང་ལ་སྨྱུ་གུ་མེད་པ་སྡོད་ཀྱི་ཡོད་ཚུལ་དགེན་ལགས་ཀྱིས་གསུང་གི་འདུག་པས། ང་ཚོའི་སྨྱུ་གུ་ཉོས་ནས་སྤྲོད་ཀྱི་ཡོད་ན་སྨྱུ་གུ་གང་བྱེད་ཀྱི་ཡོད་དམ་ཞེས་དྲིས་དུས་བུ་མོས་སྨྱུ་གུ་མེད་མཁན་ལ་གཡར་གྱི་ཡོད། དགེན་ལགས་ཀྱི་རྟག་པར་མི་ལ་རོགས་པ་བྱེད་དགོས་ཀྱི་རེད་གསུང་གི་འདུག་ན་ངས་འཛིན་གྲོགས་སྨྱུ་གུ་མེད་མཁན་ལ་གཡར་གྱི་ཡོད་ཟེར། དེས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན་དགེན་ལགས་ཀྱི་གསུང་པར་ཕྲུ་གུས་དང་ལེན་དེ་ཙམ་བྱེད་ཀྱི་ཡོད་པ་མཚོན་ཡོད། དེ་ནི་ཞོར་འཕྲོས་ཙམ་རེད།
དྭང་ཟུར་འགའ་ཤས་ཀྱིས་མི་ཚེ་བློས་བཏང་གིས་གཞུང་དམངས་ལ་ཞབས་འདེབས་བསྒྲུབས་ཡོད། འོན་ཀྱང་མཐར་རྒན་འཁོགས་ཆགས་ནས་འགྲོ་སྡོད་བྱེད་ས་མེད་པར་གྱུར་ཏེ་བདེ་སྡུག་ཞུ་བར་འགྲོ་དུས་ཡོད་མ་རེད་མདོག་མདོག་གི་རྣམ་འགྱུར་སྟོན་ཡོང་དུས་ཧ་ཅང་བློ་ཕམ་ཡོང་གི་ཡོད་ན། ང་ཚོ་ངེས་པར་བགྲེས་སོང་བྱས་པ་ཅན་དེ་དག་ལ་བློ་ཕམ་གཏན་ནས་མ་ཡོང་བ་དང་། བགྲེས་སོང་དེ་དག་གི་རེ་འདུན་ང་ཚོའི་གང་ཐུབ་ཅི་ཐུབ་བསྒྲུབ་ཐུབ་པར་འབད་བརྩོན་གནང་དགོས་པ་དེ་རེད།
དོན་དག་སྙིང་པོར་ད་ལྟ་རྒྱ་གར་གཞུང་འཛིན་ཚོགས་པས་དམག་མི་བགྲེས་སོང་ཐོབ་ཐང་གང་ཡང་མ་རག་མཁན་ལ་རྒྱ་གར་གཞུང་གིས་ཐོབ་ཐང་གཅིག་གནང་གི་ཡོད་པ་འདྲ། རང་རེའི་དྭང་ཟུར་དམག་མི་ཐོབ་ཐང་གང་ཡང་མ་རག་མཁན་དེ་དག་ལ་རྒྱ་གར་གྱི་དམག་མི་སྤྱི་མཚུངས་ལྟར་ཐོབ་ཐང་མ་རག་ན་ཡང་ག་ལ་གང་འཚམ་ཞིག་རག་པར་རང་གཞུང་གིས་རྒྱབ་སྐྱོར་གནང་དགོས་པའི་དུས་ལ་འབབ་འདུག་སྙམ། བགྲེས་སོང་འགའ་ཤས་ཀྱིས་རང་གཞུང་གི་དེའི་ཐོག་ལ་དེ་ཙམ་ཞིག་ནུས་ཤུགས་འདོན་གྱི་མི་འདུག་དགོངས་མཁན་ཡོད་པ་ཙམ་དུ་མ་ཟད། འགའ་ཤས་ཀྱིས་དངོས་སུ་ཚོར་ཤུགས་ཆེན་པོས་གསུང་མཁན་ཡང་ཡོད་པར་མཐོང་།
ངས་རང་གཞུང་གིས་གནང་གི་མི་འདུག་ཅེས་གཏན་ནས་བརྗོད་ཀྱི་མེད་ལ། རང་གཞུང་གིས་རླབས་ཆེན་གྱི་ལས་དོན་གནང་དང་གནང་བཞིན་པ་དེ་དག་ལ་རྗེས་སུ་ཡི་རངས་ཞུ་ཡི་ཡོད། བགྲེས་སོང་དྭང་ཟུར་དམག་མི་ཐོབ་ཐང་མ་རག་མཁན་དེ་དག་གི་ཐོབ་ཐང་རག་ཐབས་ལ་རང་གཞུང་གིས་སྔར་ལྷག་མཐུན་འགྱུར་སྦྱོར་དགོས་པ་དུས་ལ་འབབ་འདུག་ཅིང་། ཚོགས་སྒེར་གྱིས་ཞུ་སྐུལ་གནང་བ་ལས་རང་གཞུང་གི་འབྲེལ་ཡོད་རྣམ་པས་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་ཡོད་པ་ནི་འགྲེལ་བརྗོད་མ་དགོས་པ་ཞིག་ཀྱང་རེད། རྒྱ་གཞུང་ལ་རང་གཞུང་ནས་ཞུ་བའི་ཐོབ་ཐང་ཡང་ཡོད་པ་རེད་ལ། དང་ཐོག་དྭང་དམག་གསར་འཛུགས་བྱེད་དུས་ཀྱང་སྒྲིག་འཛུགས་དང་འབྲེལ་བ་གནང་ནས་བཙུགས་པ་ཡིན་དུས་བདེ་སྡུག་ཞུ་དུས་ཀྱང་རང་གཞུང་གི་འགན་འཁུར་གྱི་ཐོག་ནས་ཞུ་གཏུགས་གནང་བ་ཡིན་ན་ཕན་རླབས་ཆེན་པོ་ཡོད་པ་ནི་འགྲེལ་བརྗོད་མ་དགོས། དེ་ཡང་”སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་དང་སྲིད་བློན་ནེ་རུ་གཉིས་བཀའ་མོལ་བྱུང་སྟེ་རྡེ་ར་ལྡུན་དམག་སྒར་བཙུགས་པ་རེད།” ཅེས་གསུངས་དོན་ལྟར་རེད། ཡང་བྱམས་དཀར་ལོ་རྒྱུས་ལས། “རྩ་བའི་ཆ་ནས་བཱངྒ་ལཱ་དེ་ཤིར་དམག་རྒྱག་ཏུ་ཕྱིན་དགོས་པ་དེ་ཡང་ང་ཚོས་རྒྱ་གར་གྱི་དཔོན་པོ་ཁག་ལ་ངོ་དགའ་སྤྲེལ་ལད་འཁྲབ་པ་དང་། ངོ་སོ་གཏོང་རྒྱུའི་ཆེད་དུ་མིན་པར་ཕུགས་ཡུལ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དག་དང་། བོད་མི་རིགས་སྤྱི་པའི་མཚན་དོན་ལ་རྒྱ། ༸རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ངོས་ལེན་ཡོང་ཐབས་དང་། བོད་རང་དབང་རང་བཙན་བསྐྱར་གསོའི་དོན་དག་ལ་རྒྱ་གར་གཞུང་གི་ཆབ་སྲིད་མཛད་ཇུས་ལ་འགྱུར་བ་འགྲོ་ཐབས་སོགས་ཀྱི་སླད་དུ་ཡིན།”ཞེས་༸རྒྱལ་བ་རིན་པོ་ཆེ་དམག་སྒར་ལ་ཆིགས་བསྒྱུར་གནང་སྐབས་འབྲེལ་ཡོད་དམག་སྤྱིས་གཏམ་བཤད་གནང་ཡོད་པ་རེད། བོད་དམག་རྣམས་ཀྱི་དམིགས་ཡུལ་དེ་འདྲ་ཞིག་བཟུང་སྟེ་དམག་རྒྱག་ཏུ་ཕྱིན་པ་ཞིག་ཡིན་པ་རེད།