ལོ་དྲུག་རེའི་ནང་དགེ་བཤེས་བརྒྱ་ཆ་ ༦༠ ཙམ་འཐོན་ཐུབ་ཀྱི་ཡོད་འདུག

ད་ལོའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་ནང་གདན་ས་གྲྭ་ཚང་དྲུག་དང་། བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲྭང་ཚང་བཅས་ནས་དགེ་འདུན་པ་ཁྱོན་ ༧༤༦ མཉམ་ཞུགས་གནང་ཡོད་འདུག

སང་ཉིན་ཕྱི་ཚེས་ ༢༦ ནས་འཆར་ཟླ་ ༩ ཚེས་ ༡༧ བར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་དུ། དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་འཚོགས་ཀྱི་ཡོད་པ་དང་། ད་ལོའི་རྒྱུགས་སྤྲོད་ནང་གདན་ས་གྲྭ་ཚང་དྲུག་དང་། བཀྲ་ཤིས་ལྷུན་པོ། རྭ་སྟོད་བཅས་ནས་རྒྱུགས་སྤྲོད་ལོ་རིམ་དྲུག་གི་དགེ་འདུན་པ་ ༧༤༦ ཁྱོན་སྡེ་ཚན་ ༧༩ རུ་བགོས་ཏེ། གཞུང་ཆེན་བཀའ་པོད་ལྔ་དང་ཐུན་མོང་གི་རིག་གནས་བཅས་རྩོད་རྒྱུགས་དང་བྲིས་རྒྱུགས་གཉིས་ཀྱི་ལམ་ནས་རྒྱུགས་སྤྲོད་གཏང་རྒྱུ་དང་། རྒྱུགས་སྤྲོད་ལྷན་ཁང་གི་དོ་དམ་པ་གསུམ་ནས་རྒྱུགས་སྤྲོད་གོ་སྒྲིག་ཞུས་པ་བརྒྱུད་གདན་ས་གྲྭ་ཚང་དྲུག་གི་རྒྱུགས་ཞིབ་པ་བཀའ་རམས་འབྱམས་དགེ་བའི་བཤེས་གཉེན་ ༣༠ སྡེ་ཚན་ ༡༠ ལ་བགེས་ཏེ། གཞུང་ཆེན་བཀའ་པོད་ལྔའི་རྩོད་རྒྱུགས་གཏོང་རྒྱུ་དང་། རྒྱུགས་སྤྲོད་ལྟ་རྟོག་པ་དགེ་བཤེས་ ༡༠ ནས་བྲིས་རྒྱུགས་ལ་ལྟ་རྟོག་དང་དོ་དམ་གནང་རྒྱུ་ཡིན་པ་རེད།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་དགེ་ལུགས་སྤྱི་ཟུར་རོང་བོ་བློ་བཟང་སྙན་གྲགས་ལགས་སུ་དགེ་ལུགས་རྒྱུགས་སྤྲོད་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས། དགེ་ལུགས་རྒྱུགས་སྤྲོད་ཀྱི་ཐོག་མའི་བྱུང་རིམ་དེ་ ༡༦༡༣ ལོར་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་དགའ་ལྡན་གསེར་ཁྲིར་བཞུགས་སྐབས་ལྷ་ལྡན་སྨོན་ལམ་ཆེན་མོའི་ཐོག་གཞུང་ཆེན་བཀའ་པོད་ལྔ་ཡི་དམ་བཅའ་དེ་རྒྱུགས་སྤྲོད་ཀྱི་རྣམ་པའི་ཐོག་ནས་བཞག་པ་དང་། ཕྱིས་ཀྱི་དུས་ཡུན་རིང་པོ་ཞིག་གི་ནང་དགེ་ལུགས་རྒྱུགས་སྤྲོད་ཀྱི་སྲོལ་དེ་ཅུང་ཉམས་ཆག་ཕྱིན་པ་དང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་དགེ་ལུགས་རྒྱུགས་སྤྲོད་དེ་སླར་ཡང་དོ་དམ་དང་འཐུས་ཚང་གནང་ཡོད་པ་དང་། དེའི་རྗེས་རྒྱ་གར་ནང་ ༡༩༦༩ ལོར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡོངས་འཛིན་རྣམ་གཉིས་དབུ་བཞུགས་ཐོག གདན་ས་གསུམ་གྱི་མཁན་རིན་པོ་ཆེ་རྣམ་པ་བཅས་ལྷན་འཛོམས་ཀྱིས་དགེ་ལུགས་རྒྱུགས་སྤྲོད་སྐོར་གྱི་ཚོགས་འདུ་བསྐོངས་ཡོད་པ་དང་། ཕྱི་ལོ་ ༡༩༧༣ ལོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་དགེ་ལྡན་ནང་བསྟན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཞེས་པ་བཙུགས་པ་དང་། དེའི་ནང་གདན་ས་གསུམ་གྱི་མཁན་ཁྲི་རྣམ་པ་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ། དེ་བཞིན་གདན་ས་གྲྭ་ཚང་ཁག་གི་མཁས་པ་རྣམ་པ་གདན་ཞུ་གནང་སྟེ་དགེ་ལུགས་རྒྱུགས་སྤྲོད་ཀྱི་སྒྲིག་གཞི་དང་མཚན་གནས། རྒྱུགས་ལེན་ཕྱོགས་སོགས་གཏན་འབེབས་གནང་བ་རེད།

ཕྱི་ལོ་ ༡༩༧༥ ལོར་སེ་ར་ཐེག་ཆེན་གླིང་དུ་གདན་ས་གསུམ་གྱི་ཁྲི་རིན་པོ་ཆེ་རྣམས་དབུ་བཞུགས་ཐོག་དགེ་ལུགས་རྒྱུགས་སྤྲོད་ཐེངས་དང་པོ་དབུ་འཛུགས་གནང་ཡོད་པ་དང་། རྒྱུགས་སྤྲོད་ནང་ཞུགས་མཁན་ངེས་པར་དུ་གདན་ས་གྲྭ་ཚང་དྲུག་དང་། བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲྭ་ཚང་བཅས་ཀྱི་ཁོངས་ནས་ཡིན་དགོས་པ་དང་། རྒྱུགས་སྤྲོད་ནང་ཞུགས་པའི་ཆ་རྐྱེན་ནི། བསྡུས་གྲྭ་ནས་འདུལ་མཛོད་བར་ཉུང་མཐར་ལོ་ངོ་ ༡༧ ལྷག་རིང་སློབ་གཉེར་གནང་སྟེ་གདན་ས་གྲྭ་ཚང་སོ་སོ་རང་ཁོངས་ནས་གཞུང་ཆེན་རྩོད་རྒྱུགས་དང་བྲིས་རྒྱུགས་གཉིས་ཀྱི་རྒྱུགས་འབྲས་སྐར་གྲངས་བརྒྱ་ཆ་ ༦༦ ངེས་པར་ལོན་དགོས་པ་རེད། དགེ་ལུགས་རྒྱུགས་སྤྲོད་ནང་གསར་ཞུགས་གྲངས་ཚད་ནི། ལོ་རེར་གདན་ས་གྲྭ་ཚང་སོ་སོ་ནས་རྒྱུགས་ཞུགས་ཆ་རྐྱེན་ཚང་བའི་སློབ་གཉེར་བ་ ༢༥ རེ་དང་། བཀྲ་ཤིས་ལྷུན་པོ་ནས་ ༥ དང་རྭ་སྟོད་ནས་སློབ་གཉེར་བ་ ༣ རེ་བཅས་ཡིན་པ་དང་། དགེ་ལུགས་རྒྱུགས་སྤྲོད་ནང་རྒྱུགས་མ་འཕྲོད་པ་ཚོ་ལོ་རེའི་དགེ་ལུགས་རྒྱུགས་སྤྲོད་ནང་བསྐྱར་དུ་འཛུལ་ཞུགས་བྱེད་ཆོག་གི་ཡོད་པ་རེད། རྒྱུགས་ཞུགས་ཀྱི་ལོ་རིམ་ནི། བཀའ་རམས་ལོ་རིམ་དང་པོ་གཉིས་པ་དང་། སློབ་དཔོན་ལོ་རིམ་དང་པོ་གཉིས་པ། ལྷ་རམས་ལོ་རིམ་དང་པོ་གཉིས་པ་བཅས་ཡིན་པ་དང་། དགེ་ལུགས་རྒྱུགས་སྤྲོད་འཚོགས་གནས་གཙོ་བོ་དེ་སེར་འབྲས་དགའ་གསུམ་བར་རེས་མོས་ཀྱིས་ཉིན་གྲངས་ ༢༡ རིང་འཚོགས་ཀྱི་ཡོད་ལ། རྩོད་རྒྱུགས་ཀྱི་རྒྱུགས་ཞིབ་པ་གདན་ས་གྲྭ་ཚང་དྲུག་གི་མཁན་པོ་དང་དགེ་བཤེས་ལྷ་རམས་པ་ ༥ རེ་བཅས་ཁྱོན་རྒྱུགས་ལེན་པ་ ༣༠ དེ་སྡེ་ཚན་ ༡༠ ལ་བགོས་ཏེ་གཞུང་ཆེན་བཀའ་པོད་ལྔ་དང་ཐུན་མོང་གི་རིག་གནས་བཅས་ལ་རྩོད་རྒྱུགས་ལེན་གྱི་ཡོད་པ་དང་། བྲིས་རྒྱུགས་ཀྱི་ལྟ་ཞིབ་པ་གདན་ས་གྲྭ་ཚང་དྲུག་གི་མཁན་པོ་དང་དགེ་བཤེས་ཁག་ཅིག་དྲགས་འདེམས་ཀྱིས་ཚགས་དམ་པོའི་ཐོག་ནས་ལྟ་ཞིབ་བྱེད་ཀྱི་ཡོད་པ་དང་། ཟླ་གཅིག་གི་རྗེས་སུ་རྒྱུགས་འབྲས་གསལ་བསྒྲགས་གནང་དགོས་ཀྱི་ཡོད་པ་རེད། རྒྱུགས་སྤྲོད་ཀྱི་སློབ་ཚན་ཁག་ནི། ཐུན་མོང་མ་ཡིན་པའི་གཞུང་ཆེན་བཀའ་པོད་ལྔ་ཡི་བྲིས་རྒྱུགས་རྩོད་རྒྱུགས་གཉིས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ རྗེས་སུ་དགེ་ལུགས་རྒྱུགས་སྤྲོད་ནང་ཕྱི་གླིང་གི་དེང་དུས་ཚན་རིག་སློབ་ཚན་འཇོག་རྒྱུར་གྲོས་ཆོད་བྱུང་ཡོད་པ་དང་། ད་ལོར་དགེ་ལུགས་རྒྱུགས་སྤྲོད་གཏོང་མཁན་སློབ་གཉེར་བ་ ༧༦༤ ཡོད་པ་དང་། ལོ་དྲུག་རེའི་ནང་ཉུང་མཐར་ཡང་དགེ་བཤེས་བརྒྱ་ཆ་ ༦༠ ཙམ་འཐོན་ཐུབ་ཀྱི་ཡོད་སྐོར་སོགས་ངོ་སྤྲོད་གནང་བྱུང་།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༨/༢༦

Leave a Reply

One thought on “ལོ་དྲུག་རེའི་ནང་དགེ་བཤེས་བརྒྱ་ཆ་ ༦༠ ཙམ་འཐོན་ཐུབ་ཀྱི་ཡོད་འདུག

  1. ༄༅། གྲ་ས་ཁག་ནས་ལོ་རེ་བཞིན་དགེ་བཤེས་མང་པོ་ཐོན་གྱི་ཡོད་པར་བསྔགས་བརྗོད་ཞུ་གི་ཡོད
    ཡིན་ཡང་བསམ་བློ་ཡག་པོ་གཏོང་ན་་་མ་འོངས་པར་གྲ་ས་ཆེ་ཁག་ནང་སློབ་གཉེར་གནང་མཁན་ལོ་རེར་གསར་ཞུགས་
    ག པ་གཞིས་ཆགས་ཁག་ནས་ག་ཚོད་ཡོད་དམ། ཕལ་ཆེར་ཉི་མོའི་སྐར་མ་ཡིན་གྱི་རེད།
    རང་རེ་བོད་ཕྲུག་ནང་ཆོས་སློབ་གཉེར་གནང་མཁན་ལོ་རེ་བཞིན་ཇི་ཉུང་ཇི་ཉུང་དུ་ཕྱིན་པ་དང།
    ཧི་མ་ལ་ཡའི་རི་བརྜྱུད་ཁག་ནས་ཀྱང་ནང་ཆོས་སློབ་གཉེར་བྱེད་མཁན་མེད་པ་དང་། ཉུང་དུ་འགྲོ་གི་ཡོད་པ། བོད་ནས་སློག་ཕྲུག་ཡོང་མཁན་མེད་པ་ཡིན་ན་གྲ་ཚང་སྟོང་པ་ཆགས་རྒྱུ་ལས་ཅི་ཡང་མེད།
    དེ་ཡིན་ན། ད་ག་རེ་བྱེ་དགོས་རེད་བསམ་བློ་ངེས་པར་གཏོང་དགོས་པ་གལ་ཆེ་རེད།
    ༄༅། སློབ་ཕྲུག་མེད་པའི་སློབ་གྲ་སྟོང་པ། གྲ་ཕྲུག་མེད་པའི་གྲ་ཚང་སྟོང་པ།
    དགེ་བཤེས་ཐོན་ནས་ནུབ་ཕྱོགས་ཡུལ་ལ་འཁྱམས། ཆོས་མིན་སྐྱ་མིན་མི་ཚེ་སྐྱེལ་དགོས་སྐྱོ།