རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་ཐུགས་གཤིས་དང་སྐུ་གཟུགས་ཞལ་རས་སོགས་གླེང་བ། (སྟོད)

                ཨ་ཚོགས་མཁས་བཙུན།

     གླེང་སློང་བ།

ད་ལོ་སྟེ་ཕྱི་ལོ་ཉིས་སྟོང་བཅུ་བདུན་པ་ནི། ༧ རྗེ་བླ་མ་ཙོང་ཁ་པ་ཆེན་པོ་རང་རེ་སྐྱེས་འགྲོའི་དཔལ་མགོན་དུ་སྐུ་འཁྲུངས་ནས་ལོ་ངོ་མཐོང་དྲུག་བརྒྱ་དྲུག་ཅུ་འཁོར་བ་དང་། གནམ་ལོ་མེ་བྱ་རྗེ་བླ་མ་ཙོང་ཁ་པའི་དགུང་སྙིང་མེ་མོ་བྱ་ལོ་བ་ཏག་ཏག་ཁེལ་འདུག དགུང་སྙིང་ནི་ལོ་དྲུག་ཅུའི་ནང་ཐེངས་རེར་ཁེལ་བ་དང་། འདས་པའི་ལོ་དྲུག་བརྒྱ་དྲུག་ཅུའི་ནང་ཁེལ་ཐེངས་བཅུ་གཅིག་པ་དེ་རེད།

དེས་ན་ད་ལོའི་བོད་ཟླ་དང་ཧོར་ཟླ་རྩིས་ལུགས་གང་ཡིན་ལ་མ་ལྟོས་པར་རང་ལུགས་ཀྱི་བཅུ་བའི་མར་ངོའི་ཚེས་བཅུ་ནི། རྗེ་བླ་མ་སྐུ་འཁྲུངས་པ་དང་། མྱ་ངན་ལས་འདས་པ། བླ་ན་མེད་པའི་བདུད་རྩི་མངོན་ཏུ་བགྱིས་པའི་དུས་ཆེན་སུམ་འཛོམས་ལ་མངོན་པར་བསྒྲག་ཆོག་པར་ཡོད་དེ། ཕྱི་མ་གཉིས་ནི་རྩོད་མེད་ཡོངས་གྲགས་ཡིན་ཞིང་། སྔ་མ་ཡང་བརྩད་ཅིང་ཞིབ་ན་མཆུ་ཟླའི་ཡར་ངོའི་ཚེས་བཅུ་ལ་ལྷུམས་སུ་ཞུགས་པ། རྗེ་མཁས་གྲུབ་པའི་རྗེའི་རྣམ་ཐར་དང་། དེའི་ཟུར་འདེབས་བླ་མ་རྟོགས་ལྡན་འཇམ་དཔལ་བའི་རྗེའི་རྣམ་ཐར་སོགས་རྗེའི་བུ་ཆེན་ཉི་ཟླ་ལྟ་བུ་དག་གི་གསུང་ལ་རྩོད་པ་མེད། དེས་ན་དེ་ནས་བརྩིས་པའི་སྨིན་དྲུག་ཟླ་བའི་མར་ཚེས་བཅུ་ལ་སྐུ་འཁྲུངས་དུས་ཁེལ་བ་ནི་སྐྱེ་བོ་རང་ག་བ་ལའང་སྲིད་པས། སྐྱེ་བོ་ཕལ་བའི་ལུགས་ལའང་བཅུ་བའི་ཡར་ཚེས་བཅུ་དང་བཅོ་ལྔ་ལ་སྐྱེས་དུས་མ་ཚང་བར་འཇོག་པ་དང་། མངལ་ནས་ཉིན་འགའ་དང་དེ་ལས་མང་བར་འདའ་ཆོག་པ་མི་འགལ་བས། བཅུ་བའི་ཉེར་ལྔ་ནི་དུས་ཆེན་སུམ་འཛོམས་ལ་ཐེ་ཚོམ་མེད་པར་ཐག་གཅད་ཆོག་པར་ཡོད། དེ་ཡང་རྒྱུ་མཚན་གཞན་ཞིག་ནི་བླ་མ་མཁས་གྲུབ་པ་ལ། བདེ་མཆོག་ཞལ་གཟིགས་ནས་ཡི་དམ་གྱིས་གསུངས་པ། བུ་མྱ་ངན་མ་བྱེད། ཆུ་བུར་གྱི་མིག་ལ་བློ་བཟང་གྲགས་པར་མཐོང་བ་ཡིན་གྱི། ང་དང་གཉིས་སུ་མེད། ཡར་ངོ་མར་ངོའི་ཚེས་བཅུའི་མཆོད་པ་གྱིས། མཁའ་སྤྱོད་དུ་འགྲོ་བ་ལས་སླ་བ་མེད་དེ་བྱེད་པ་ཉུང་ཞེས་པའི་སྐབས་ཀྱི་ཡར་ངོའི་ཚེས་བཅུ་ལྷུམས་སུ་ཞུགས་པ་དང་། མར་ངོའི་ཚེས་བཅུ་དུས་ཆེན་སུམ་འཛོམས་ལ་ཐེ་ཚོམ་མེད་དེ། གཞན་དུ་ན་བུ་ཆེན་རྣམས་ལ་འཁྲུངས་ཚེས་གླེང་སློང་མེད་པའི་རྒྱུ་མཚན་མེད་དོ།

གང་ལྟར་ད་ལོ་ནི་རྗེ་བླ་མ་བདག་ཉིད་ཆེན་པོ་ལ་རྗེས་དྲན་དམིགས་བསལ་བ་ཞིག་བྱ་དགོས་ཆགས་བསྡད་ཡོད་ལ། རང་ཉིད་ཀྱིས་ནི་རྗེ་བླ་མ་རྗེས་དྲན་བྱ་འཆར་ནི། སྔ་མ་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་བཞུགས་པའི་སྟེང་། ཉེ་དུས་བསྟན་པའི་སྦྱིན་བདག་ཆེན་པོ་སྟེ་མགོན་མེད་ཟས་་སྦྱིན་གཉིས་པ། གྲོགས་སྙིང་ལྕགས་ལགས་ཀྱིས་ཁོ་རང་དང་། གྲོགས་བསོད་ནམས་རྡོ་རྗེ་ལགས་དང་། ཁོ་བོ་ཅག་བཅས་ལ་རྗེ་གསུང་འབུམ་སེར་གཙུག་དཔར་གཞི་ཡིན་པ་ལ། རྔ་བའི་ཀརྟི་དགོན་དུང་དཀར་དཔེ་ཁང་གི་རྗེ་གསུང་འབུམ་ཡི་གེ་རགས་ཁྱད་ཀྱིས་ཚར་རེ། མཇལ་རྟེན་ཏུ་གསོལ་རས་བཀའ་དྲིན་ཐོབ་པ་དེར་གསེར་ཞགས་ཤིག་འབུལ་བཞིན་པ་དང་། རྗེ་བླ་མའི་སྔགས་ཕྱོགས་ཀྱི་གཞུང་ཆེན་ཁག་ལ་བམ་ཀློག་དང་། ལྟ་བའི་གཞུང་ཆེན་ལྔ་ལ་ཞིབ་མཇལ་ཅིག། རྗེ་བླ་མའི་ལྕགས་མདའ་ལྕགས་གཞུ་གཉིས་ཀྱི་མཐེབ་སྦྱོང་བ་བཅས་ཀྱི་སྒོ་ནས་རྗེས་དྲན་བྱ་འཆར་རྣམས་བཏིང་ཡོད།

    མྱོང་སྣང་བརྗོད་པ།

ཉེ་དུས་སེར་གཙུག་གིས་བསྒྲིགས་པའི་རྗེའི་རྣམ་ཐར་པོད་ཆེན་ལྔ་བཞུགས་པ་དེར་ཞིབ་མཇལ་ཚར་གཅིག་རྫོགས་པ་ཡིན། དེ་ནས་ཚོར་ཤུགས་ཆེས་ཆེ་བའི་རིགས་གཞན་གཅིག་ནི། བསམ་གཏན་གྱི་མཉམ་བཞག་ཐུན་གཅིག་ལ་སྔོན་གྱི་སྐྱེ་བ་ལྔ་བརྒྱ་ཙམ་གཟིགས་ཤིང་། སྐྱེ་བ་བཅུ་དྲུག་ནི་ཉལ་བའི་རྨི་ལམ་དུ་ཡང་དྲན་ཞེས་ཞལ་གྱིས་འཆེས་པའི་སྔ་འགྱུར་རྙིང་མའི་གྲུབ་དབང་ཆེན་པོ་དང་། ༧ གྲུབ་ཆེན་ལས་ཀྱི་རྡོ་རྗེའམ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་པས། རྗེ་བླ་མ་ཙོང་ཁ་པ་ཆེན་པོ་རྒྱ་གར་འཕགས་པའི་ཡུལ་ལ་འབྱོན་བཞེད་ཀྱི་དགོངས་པར་བཤོལ་བཏབ་པ་དེ་ནི་ཇི་འདྲའི་ཡིད་འགུལ་ཐེབས་ཤིང་། བཀའ་དྲིན་ལེགས་གསོལ་ཞུ་ཡུལ་བླ་ན་མེད་པ་ཞིག་རེད་ཨང་། བླ་མ་བཀའ་དྲིན་ཅན་དེས་དེ་དུས་བཤོལ་བཏབ་མེད་པ་ཡིན་ན། ད་ལྟ་རྗེ་བླ་མའི་ལེགས་བཤད་ཀྱི་གཏེར་དུ་རྫོགས་པའི་གསུང་རབ་པོད་ཆེན་བཅོ་བརྒྱད་ཀྱི་བདག་ཉིད་ཅན་འདི། རང་རེའི་བོད་ཡིག་སྟེང་ཡོད་མེད་དང་། དེ་བས་ཀྱང་རང་རེའི་བགོ་སྐལ་དུ་ཡོད་དང་མེད་ཐེ་ཚོམ་མོ། དེའི་དུས་བཤོལ་བཏབ་ཚུལ་བླ་མ་བཀའ་དྲིན་ཅན་ཁོང་ཉིད་ཀྱིས་དངོས་སུ་གསུངས་པ་ཆ་ཚང་འདིར་བཤུས་པ་ཡིན་ན། དད་པའི་སྤུ་ཟིང་ཞིང་མིག་མཆི་མ་དང་བཅས་པའི་སེམས་ཚོར་མ་འདྲ་བ་ཞིག་ཡོད་ཀྱང་ཡི་གེ་མང་བས་འཇིགས་ཏེ་རགས་ཙམ་འགོད་ན་འདི་ལྟར་བཞུགས།

བདག་གིས་ལོ་བདུན་ཅུ་ལོན་དུས་སུ་བུ་མོ་དཀར་མོ་གཅིག་ན་རེ། བྱམས་པས་བྱིན་གྱིས་བརླབས་པའི་གང་ཟག་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པ། ལྷ་མོ་དབྱངས་ཅན་མས་རིག་པ་སྟེར་བར་བྱེད་པ་ཕུན་སུམ་ཚོགས་པ་ཞིག་དང་སྐྱེ་བ་བཅོ་ལྔའི་གོང་ནས་འབྲེལ་བ་ཡོད་ཅིང་། ཕན་ཚུན་དཔོན་སློབ་ཏུ་འབྲེལ་འོང་བ་ཡོད་པས། དེ་ལ་ཆོས་བཀའ་ལ་སྲིས་མ་འཇུག་པར་བྱིན། ཕར་ཡང་ཆོས་ཞུ་ཟེར་བ་ཞིག་བྱུང་བས། བདག་མོས་གུས་དཔག་ཏུ་མེད་པ་སྐྱེས་སོ། ཡང་ལན་གཅིག་མགོན་པོ་བྱམས་པ་འབྱོན་གྱིན་ཡོད་ཟེར་བའི་སྐད་ལྷང་བ་ཞིག་བྱུང་། ཆོས་རྗེ་དཀའ་བཞི་པས་རྒྱ་མོ་རིའི་འཕྲང་ལ་ཕེབས་པའི་ཚོད་དུ་འདུག བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ལུག་ཟླའི་ཚེས་བཞི་པའི་ཉིན། ལྷོ་བྲག་བྲ་བོ་དགོན་པར་ཕྱག་ཕེབས་བྱོན་པ་བདག་གིས་བསུ་བ་ལ་ཕྱིན་པས། རྗེ་བཙུན་འཇམ་པའི་དབྱངས་འོད་ཀྱི་དྲ་བས་མཛེས་པ་ཞིག་ཕེབས་བྱུང་བར་མཐོང་། ཁོང་གིས་བདག་ཕྱག་ན་རྡོ་རྗེ་དངོས་སུ་གཟིགས་ཤིང་ཞེས་དང་། ཡང་ཚེས་བཅོ་ལྔའི་ཐོ་རངས་བྱམས་པ་ཉིད་ལ་བསླབ་བཏུས་ཞུས་ཟེར་བ་ཞིག་བྱུང་། ཁོང་ལ་བསླབ་བཏུས་གསུང་བར་ཞུ་ཞུས་པས། ཁོང་གིས་གསུང་ནས་ཡི་དམ་དེ་སྐད་གསུང་ངམ་གསུང་། གསུང་ལགས་ཞུས་པས་བསླབ་བཏུས་གསུངས། ཆོས་ཉན་དུས་མཐོང་སྣང་ལ་ཁོང་གི་དབུའི་སྟེང་ན་རྗེ་བཙུན་བྱམས་པ་བཞུགས། དཔུང་གཡས་ན་འཇམ་དབྱངས་དཀར་པོ། གཡོན་ན་ལྷ་མོ་དབྱངས་ཅན་མ་བཞུགས་འདུག མགོན་པོ་ཕྱག་བཞི་པ་དང་ཕྱག་དྲུག་པས་གཙོ་བྱས་པའི་ཆོས་སྐྱོང་དང་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་ནས་འདུག གཞན་ཡང་དཀར་ཕྱོགས་ལ་དགའ་བའི་ལྷ་འདྲེའི་ཚོགས་མང་པོ་ཆོས་ཉན་ཞིང་འདུག་པས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་སོ་ཞེས་དང་། ཁོང་གི་འཁོར་བླ་མ་འཇམ་དཀར་བ་སོགས་ཕུན་སུམ་ཚོགས་པ་མང་བར་འདུག་པ་རྣམས་ལ་ཡང་། བདག་གིས་ཆོས་ལུང་མང་དུ་བྱས་དཔོན་སློབ་ཐམས་ཅད་ལ་དད་པ་ཐོབ་བོ། དེའི་སྟོབས་ཀྱིས་བདག་ལ་ཡང་ཡོན་ཏན་བག་རེ་སྐྱེས་པ་བྱུང་ངོ་ཞེས་དང་།

དེ་ནས་རེ་ཞིག་དཀའ་བཞི་པའི་གསུང་ནས། བདག་ལ་ལྟ་བའི་སྐོར་གྱི་ཐེ་ཚོམ་འགའ་ཞིག་ཡོང་བས་འདི་སེལ་བ་ལ་རྒྱ་གར་ཤིང་གི་རི་ན་རྗེ་མི་ཏྲ་བཞུགས་པའི་དྲུང་དུ་འགྲོ་འདོད་པས། དེ་ལ་བར་ཆད་མི་འབྱུང་ལགས་སམ་གསུང་གིན་འདུག་པ་ལ། ལྟ་བའི་གནད་རྣམས་བདག་གིས་ཡི་དམ་ལ་ཞུ་ཡིས། རྒྱ་གར་ལ་འབྱོན་ན་རང་མི་ཏྲ་དང་མཇལ་བ་སོགས་ངོ་མཚར་བ་འོང་ནའང་། ཁྱེད་ཀྱི་འཁོར་འདི་རྣམས་ཚོགས་ལམ་དང་སྦྱོར་ལམ་ཆེན་པོ་ལ་གནས་པ་ཤ་སྟག་འདུག་པས། འདི་རྣམས་ཀྱི་ཚེའི་བར་ཆད་དུ་འགྱུར་བ་འདུག་ཅིང་། ཁྱེད་ཀྱང་རྒྱ་གར་དུ་བཞུགས་ནས་ཚུར་མི་ཕེབས། དེ་བས་བོད་ཕྱོགས་འདིར་བསྟན་པ་ལ་ཕན་པའི་ཐབས་ལ་འབད་ན་འགྲུབ་པས་དེབཞིན་མཛད་འཚལ་ཞེས་ཞུས་ཤིང་། བདག་གིས་བཤོལ་བཏབ་བོ། དགུང་ལོ་བཞི་བཅུ་རྩ་ལྔ་ལ་སྐུ་ཚེའི་བར་ཆད་ཡོང་ཉེན་འདུག་པས། དེ་སེལ་བའི་ཕྱིར་དུ་དཔལ་འཁོར་ལོ་ཆེན་པོ་བདུད་རྩིའི་ཐིགས་པའི་བསྐྱེད་རྫོགས་ཟབ་མོ་འདི་བདག་གིས་ཁོང་ལ་ཕུལ་ཞིང་། ད་ལན་འདི་ནས་ཙ་རི་དང་གཉལ་སོགས་ལ་བྱོན་ན་བསྟན་པ་དང་སེམས་ཅན་ལ་འཕྲལ་དང་ཡུན་དུ་ཕན་པའི་ཐབས་ཁྱད་པར་ཅན་འདུག་ཅིང་། རྒྱ་གར་གྱི་མཁས་གྲུབ་གཅིག་གི་སྐུའི་སྣང་བ་དང་བསྟན་བཅོས་ལ་བརྟེན་ནས་ཟབ་མོའི་དོན་ལ་དཔྱིས་ཕྱིན་པའི་ངེས་པ་རྙེད་པ་ཡོང་བས། དེ་ལྟར་མཛད་ཅིང་རེ་ཞིག་གི་བར་བྱ་བྲལ་འཆད་ཉན་མཛད་ན་འགྲོ་ལ་ཕན་ཆེ་ཞེས་སོགས་ཞུས་པས། ཁོང་གིས་ཀྱང་གསན་དགོངས་མཛད།

བདག་གི་ས་ཆ་ཡར་མར་རྣམས་སུ་ཟླ་བ་བདུན་བཞུགས། ལྷོ་བྲག་གི་གྲྭ་སློབ་སྐྱེ་བོའི་ཚོགས་དང་བཅས་པ་ལ་གསང་ཆོས་མང་དུ་གནང་ངོ་། བདག་གིས་ཁོང་གི་སྐུ་བསོད་རྒྱས་པའི་ཕྱིར་རྣམ་སྲས་ལ་གཏོར་མ་ཕུལ་བས་དེའི་ནུབ་མོ་རྡོ་རྗེ་རྣམ་འཇོམས་ལ་རྣམ་སྲས་བཞིས་བསྐོར་བ་ཞལ་མཐོང་ཞིང་། དེའི་སྒྲུབ་ཐབས་ལས་མཐའ་དང་བཅས་པ་གསུངས་སོ་ཞེས་སོགས། འཕགས་པའི་གང་ཟག་ནང་ཁོ་ནའི་སྤྱོད་ཡུལ་བའི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་དང་། མ་འོངས་འབྱུང་འགྱུར་གྱི་རྣམ་ཐར་ཡོངས་ཀྱི་གནད་བསྡུས་པའི་གསུང་གསེར་ནག་གི་རིལ་བུ་འདྲ་བ། གཅིག་ཏུ་བསྟན་པ་དང་འགྲོ་བ་ཁོ་ན་ཐུགས་ལ་བཞག་པའི་རྣམ་འགྱུར། ཤས་མ་བཟོད་ཅིངཤུགས་མ་ཐུབ་ཀྱིས་གསུང་ཕྱུང་བ་འདི་དག་ལ། རང་གཞན་ཀུན་པོས་དྲིན་ཚོར་བའི་བསམ་དགོངས་ངེས་པར་ཡོད་པ་ཞིག་དགོས་པ་མིན་ནམ་སྙམ་པའོ། གསུང་ཆ་ཚང་བླ་མ་སྐུ་དྲིན་ཅན་དེ་ཉིད་ཀྱི་བཀའ་འབུམ་ཁྲོད་དང་། འབྲུག་རྒྱལ་དབང་བའི་རྗེའི་རྣམ་ཐར་ཆེན་མོ་ནའང་འདུག

འབྲུག་རྒྱལ་དབང་བའི་རྗེའི་རྣམ་ཐར་ཆེན་མོ་ནི། རྗེའི་རྣམ་ཐར་ཡོངས་ཀྱི་ཕྱི་མ་འཕྱི་ཤས་སུ་འདུག་པ་དང་། རྗེའི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་ཞིག་ལ་ཆ་ཚང་ཤོས་དང་། གྲ་རྒྱས་ཤོས། ཚིག་དོན་གང་ནས་ཀྱང་ལེགས་ཤོས་བཅས། ཡོད་ན་གཅིག་ཆོག་དང་། མེད་ན་ཐབས་ཆག་དེ་ཡིན། རྗེའི་གསང་བའི་རྣམ་ཐར་ཞིག་ལ་མདོ་སྨད་པ་རྗེ་ལེགས་བཟང་བའི་རྗེའི་གསང་རྣམ་དེ་ནི་མ་འདྲ་བ་ཞིག་འདུག བློ་འཁུལ་བ་དང་ཡིད་གཏོད་ཕེར་བ། གདེངས་ཚོད་དང་ལྡན་པ་སོགས་རྩོམ་པ་པོའི་རྩོམ་རྩལ་དང་རྩོལ་བ་ལྷག་བསམ། ཀུན་སློང་གི་ཁྱད་པར་བཅས་ལ་རག་ལས་པ་འདྲ་། རྗེ་མཁས་གྲུབ་པའི་རྗེའི་རྣམ་ཐར་ནི་སྔ་མོའི་དུས་སུ་རྣམ་ཐར་ཆེན་མོ་ཞུ་བཞིན་ཡོད་ཅིང་། ཕྱིས་བྱུང་གི་རྗེའི་རྣམ་ཐར་ཐམས་ཅད་ཀྱི་ཨ་མ་ལྟ་བུ་དེ་ཡིན། རྣམ་ཐར་གྱི་འགག་དང་ཁོག་སྒྲིག་པ་རྩལ་ཏུ་ཐོན་པས་བྱིན་རླབས་ཤིན་ཏུ་ཆེ་ཞིང་ཁུངས་ཤིན་ཏུ་དག་པར་ཡོད། ཡིན་ནའང་། བརྗོད་བྱེད་ཚིག་གི་སྙན་ཆ་དང་མཛེས་པ་རྩལ་ཏུ་བཏོན་དྲག་པ་དང་། རྗེའི་བུ་ཆེན་ཞིག་ལ་ཁོང་ལས་ནང་ཐུགས་འདྲིས་ཞིབ་པ་མེད་པས་འདི་ལས་རྒྱས་ཙམ་ཡོང་རེས་དེ་ཙམ་གྱིས་འདོད་བློ་ཁེངས་པ་མ་བྱུང་ངོ་། ཁོང་དང་རྗེ་རྟོགས་ལྡན་འཇམ་དཔལ་བའི་རྗེའི་གསང་རྣམ་གཉིས་ལེགས་བཟང་བའི་རྗེའི་གསང་རྣམ་ལ་དོ་མ་བྱུང་། རྗེ་ཡུམ་གྱི་ལྷུམས་སུ་ཞུགས་པའི་སྔ་ཕྱིའི་ལོ་རྒྱུས་ཐད། རྗེ་རྟོགས་ལྡན་པའི་རྣམ་ཐར་ཆེན་མོའི་ཟུར་འདེབས་དེ། རང་ས་རང་མིའི་ཁྱད་ཀྱིས་མ་འདྲ་བ་ཞིག་གོ། སྒོ་མང་བ་དོན་གྲུབ་བསྟན་རྒྱན་གྱི་རྗེའི་རྣམ་ཐར་ནང་མཛོ་དགེ་རོང་བ་ངག་དབང་ཆོས་གྲགས་རྒྱ་མཚོ་ཞུ་བའི་རྗེའི་རྣམ་ཐར་ཚིག་བཅད་མ། <<མེ་ཏོག་ཆུན་པོ་>>ཞེས་པ་ཆ་ཚང་དྲངས་པ་མ་གཏོགས། ཁུངས་རྗེ་མཁས་གྲུབ་པར་བཅོལ་ཞིང་ལེགས་ཆ་གཞན་དང་གཞན་ནས་བསྐངས་ཏེ། ངག་རྒྱུན་དང་དམ་པའི་གསུང་རྒྱུན་གྱིས་བརྒྱན་པའི་ཡིད་འཁུལ་བའི་རྣམ་ཐར་ཡག་པོ་ཞིག་འདུག ཡིན་ན་ཡང་། རྣམ་ཐར་ཚིག་བཅད་མ་དེ་ཁ་ཚང་དྲང་དགོས་པའི་ཁྱད་མ་མཐོང་ངོ་། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱི་རྗེའི་རྣམ་ཐར་ཡང་། ཁུངས་རྗེ་མཁས་གྲུབ་པར་རྩ་འཛིན་བགྱིས་པའི་རྒྱས་ཙམ་འདུག་ཀྱང་། བཤད་སྒྲོས་དང་ངག་རྒྱུན་མ་དག་པ་རེ་འགའ་བསྲེས་པས་ཅུང་ཟད་དོགས་འཆར་བྱུང་། ཡང་རྗེའི་བུ་ཆེན་རྣམས་ཀྱི་རྣམ་ཐར་ལོགས་སུ་བཀོད་འདུག་པ་དང་། གསུང་རྒྱུན་དག་སྙམ་པའང་མང་པོ་འདུག་པས་བརྩམས་ཆོས་ལྟ་ཉན་སྤྲོ་བ་ཞིག་འདུག་གོ རྙིང་མའི་བླ་མ་ཟང་ཟང་ནེ་རིང་བ་འཆི་མེད་རབ་རྒྱས་མཆོག་གི་རྗེའི་རྣམ་ཐར་དག་ནི་ཐུང་དྲག་པ་དང་། བོར་བརླག་ཐེབས་པ། རྩོམ་འཕྲོ་ལུས་པ་བཅས་མ་གཏོགས། ཆ་ཚང་བར་རང་རེ་བགོ་སྐལ་དུ་བཞུགས་པ་ཡིན་ན་ནི་ཐུན་མོང་མ་ཡིན་པ་ཞིག་ཡོད་ངེས་པས་ཤིན་ཏུ་ཕངས་སོ།

༼རྗེ་སྐུ་ཞབས་སྨྱུང་མ།༽

  དངོས་ལ་འཇུག་པ།

དང་པོ།
གང་ལྟར་གོང་གསལ་གྱི་རྣམ་ཐར་འདི་དག་གིས་མཚོན་པའི་རྗེའི་རྣམ་ཐར་མང་པོས། རྗེའི་ཕྱི་ནང་གསང་གསུམ་དང་། ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་བཅས་པའི་མཛད་འཕྲིན་ལས་འཕྲོས་པའི་རྣམ་ཐར་ཀུན། ཞིབ་ཅིང་ཕྲ་བའི་ལུགས་སུ་མཛད་པ་ནི་སྨོས་མ་དགོས་ཞིང་བཀའ་དྲིན་ལེགས་གསོལ་ཤིན་ཏུ་ཆེ་བ་ཡིན། ཡིན་ནའང་། ཞིབ་ཕྲ་བརྗོད་མེད་པ་གཅིག་རང་ཡོད་པ་ནི་རྗེ་བླ་མའི་སྐུ་གཟུགས་ཀྱི་བརྗིད་ཆེ་ཆུང་དང་། ཞལ་རས་ཀྱི་རྣམ་པ། མདོར་བསྡུས་ན་ཕྱིའི་རྣམ་པ་དང་ཐུགས་གཤིས་སོགས་ཇི་འདྲ་ཡོད་མེད་དེ་ཡིན། དེའི་སྟོང་ཆ་དེ་བོད་སྤྱི་བའི་ཆོས་འབྱུང་རྣམ་ཐར་ཡོངས་ལའང་ཁྱབ་བསྡད་ཡོད་པ་ལྟ་བུ་རེད།

སྤྱིར་དམ་པའི་སྐྱེས་བུ་རྣམས་ནི། སྔར་བསགས་བསོད་ནམས་ཀྱི་སྟོབས་ཀྱིས་རང་བཞིན་ཉིད་དུ་ཕལ་ཆེར་ཞིག་གཟུགས་པོ་བརྗིད་ཐག་ཆོད་པ་དང་། ཞལ་རས་མཚན་བྱད་ལྡན་པ། ཉན་སྤྲོ་བའི་གསུང་སྐད་བཅས་ཐུན་མོང་མིན་པའི་ཁྱད་ཞུགས་ཏེ། སྐྱེ་བོ་ཀུན་གྱི་ཡིད་ལ་རང་བཞིན་གྱིས་ཤིན་ཏུ་འཐད་པ་ཞིག་ཡོད། དེ་ཡང་ཕལ་ཆེར་ཞིག་ཅེས་བརྗོད་པ་ལས་ཁྱབ་པ་གཅོད་ཀི་མེད་ཅིང་། དེ་བས་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ཡང་དེའི་གྲས་སུ་གཏོགས་པ་ཞིག་ཡིན་ཏེ། ཆུང་བཙས་མ་ཁད་ཀྱི་བྱིས་པའི་གནས་སྐབས་དང་། ཕྱིས་དབུས་གཙང་ལ་སླེབས་མ་ཉིད་ནས་རྣམ་དཔྱོད་དང་རིག་སྟོབས་ལ་མ་ལྟོས་པའི་སྐུའི་བརྗིད་དང་ཀུན་སྤྱོད་བཅས། ཕྱིའི་རྣམ་པ་སྤྱོད་སྟངས་སྒོ་ནས་ཀྱང་དབུས་གཙང་གི་ཆེ་རྒུ་ཐམས་ཅད་ཟིལ་གྱིས་མནན་པ་ཞིག་ཏུ་མཐོང་། དེ་ཡང་རྗེ་མཁས་གྲུབ་པའི་<<རྗེའི་རྣམ་ཐར་ཆེན་མོ་དད་པའི་འཇུག་ངོགས་>>ལས། དེ་ཡང་འདི་ཉིད་གང་གི་ཚེ་ཡུམ་གྱི་ལུས་ལས་ཉེ་བར་བལྟམས་པ་དེའི་ཚེ། འདིའི་དབུ་ནི་གདུགས་ལྟ་བུ་དང་། དཔྲལ་བ་དབྱེས་ཆེ་ཞིང་སྨིན་མ་འཇར་ལ་ཤངས་ཀྱི་གཟེངས་མཐོ་བ་དང་། སྙན་ཤལ་རིང་དུ་འཕྱང་ཞིང་ཡན་ལག་དང་ཉིང་ལག་རྒྱས་ལ་དཀུ་སྐབས་ཕྱེད་པ། དབང་པོ་ཡོངས་སུ་གསལ་ཞིང་པགས་པའི་མདོག་ནི་མེ་ཏོག་ཀུ་མུ་ད་ལྟར་དཀར་བས། འཇིག་རྟེན་གྱི་སྐྱེ་བོ་གཞན་དང་མི་མཐུན་པའི་མཚན་གྱི་དཔལ་གྱིས་མཛེས་པ་མིག་གི་བདུད་རྩི་ཞིག་བཙས་ཏེ། ཞེས་ཆུང་བྱིས་པའི་གནས་སྐབས་ཉིད་ནས་གཞོན་ནུ་གསར་ཡག་ཅིག་གི་དབུ་བརྙེས་ཡོད་པ་གསལ། དེ་ནས་སྐུ་བརྗིད་པ་དང་གསུང་བཟང་བ། སྤྱོད་ལམ་གཙང་ཞིང་འགྲོགས་བདེ་བ་སོགས་ནི་རིམ་པར་བསྟན་ཡོང་།

དེ་ཡང་སྔ་འགྱུར་རྙིང་མའི་མཁན་ཆེན། ཟང་ཟང་ནེ་རིང་བ་འཆི་མེད་རབ་རྒྱས་ཀྱི་<<རྗེའི་རྣམ་ཐར་ནོར་བུའི་བང་མཛོད>>ལས། ཕྱོགས་ཀྱི་མི་ཕལ་ཆེ་ཆེ་བའི་སེམས་ལ་རིན་པོ་ཆེ་འདི་ཉིད། རྩ་བའི་ཁམས་པའི་དགེ་བཤེས་ཡིན་པས་ལྟག་ཚུགས་བཟང་བའི་སྟེང་དུ། གོང་མ་མཆོད་ཡོན་སོགས་ཀྱི་འདེགས་བཟང་སྙམ་པ་ལ་ཡང་བརྟེན་ལན་རེ་ལ་རིན་པོ་ཆེའི་དྲུང་དུ་སླེབས་པ་ལྟ་ཅི་སྨོས། བསྐོར་ལམ་གྱི་ཁོངས་སུ་སླེབས་པ་ཙམ་དང་། གཟིམ་ཁང་མཐོང་བ་ཙམ་དང་། སྒོ་ནང་དུ་སླེབས་པ་ཙམ་ལ་འདར་སིག་སིག་ཡོང་བ་དང་འཇིགས་ཞུམ་པ་ཡོང་སོགས། རིན་པོ་ཆེའི་བྱིན་རླབས་ཀྱི་ཟིལ་ལམ། གཟི་བརྗིད་ཀྱི་ཟིལ་ཤིན་ཏུ་ཆེ་བར་ཡོང་བ་ཡིན་པར་འདུག་ཅེས་པ་དང་། འདིའི་གོང་མ་ནི་རྒྱའི་གོང་མ་མིན་པར་བོད་ཀྱི་གོང་མ་སྣེ་གདོང་བ་ཡིན། ཡང་དེར། སྐུ་ལས་ཁམས་བྱང་ཆུབ་ཀྱི་སེམས་ཅུང་ཟད་ཙམ་ཡང་མ་ཉམས་ཤིང་བརྟན་པར་གྱུར་བའི་རྟགས་སུ། སྐུ་གཟུགས་ཤིན་ཏུ་ཆེ་ཞིང་དགུང་ལོ་དྲུག་ཅུ་ཙམ་དུ་ཕེབས་དུས་ཀྱང་། སྐུ་ཉམས་བགྲེས་པའི་རྣམ་པ་ཆེན་པོ་མེད་པར་མ་ཟད་ཅེས་དང་། ཡང་རྗེ་མཁས་གྲུབ་པས་རྗེ་གཟིགས་པ་ལྔ་ལྡན་གྱི་གཟིགས་པ་བཞི་བའི་སྐབས་སུ། རྣལ་འབྱོར་བའི་ཆ་ལུགས་སྐུ་མདོག་དམར་པོ་སྤྱན་དང་ཤངས་ཆེ་བ་ཞིག་གིས་ཞེས་དང་། ཤེལ་དཀར་སྨན་ཁང་བ་ངག་དབང་ཆོས་འཕེལ་ཞུ་བའི་གསུང་བགྲོས་ལ། རྭ་སྒྲེང་དུ་ཕེབས་ལམ་དགའ་ལྡན་དུ་ཕེབས་ནས་སྐུ་གདུང་རིན་པོ་ཆེར་མཇལ་བའི་མཚན་ལམ་དུ། ངོ་མི་ཤེས་པའི་བླ་མ་པཎ་ཞྭ་སྣེ་རིང་ཆོས་གོས་རྣམ་གསུམ་གསོལ་བ་དང་། གཟི་བརྗིད་མི་བཟོད་པ་ཞིག་དང་མཇལ་ཏེ་དམིགས་བརྩེ་མའི་ལས་ཚོགས་འཁོར་ལོའི་གདམས་པ་བསྩལ་ཏོ་ཅེས་པ་སོགས། འདི་དག་ལས་རྗེ་བླ་མ་ནི་སྐུ་བརྗིད་ཤིན་ཏུ་ཆེ་བ་༧པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་བཅུ་བ་ཆེན་མོ་དང་འདྲ་བོ་ཞིག་མེད་དམ་སྙམ།

དེ་ནས་གསུང་ཚངས་པའི་དབྱངས་འགག་པ་མེད་པ་ནི། མཁན་ཟང་ཟང་ནེ་རིང་བ་མཆོག་གི་རྗེའི་རྣམ་ཐར་དེ་ཉིད་ལས། ཡང་གསུང་སྐད་ཀྱི་རྩ་བ་ཁམས་སྐད་རེ་གྱོང་ཅིག་ཡོད་ཟེར་ཀྱང་། དབུས་གཙང་དུ་ཕེབས་པ་སོགས་ཀྱིས་རང་ཤུགས་ཡིན་ནམ། གཞན་ལས་གསུང་འཇེབས་ཤིང་གདངས་སྙན་པ་དང་འབོལ་བ་ཞིག་ཡོད་ཟེར། ཡང་ཚོགས་ཆེན་པོར་ཆོས་གསུངས་པ་དང་། གསུང་གི་གདངས་ཤིན་ཏུ་མཐོ་བའི་ངང་ནས་ཚིག་དོན་རྣམས་འཇེབས་པར་གསུངས་པ་ལ་བརྟེན། ཚོགས་ཀྱི་མཐའ་དབུས་གཉིས་ལ་ཁྱད་མེད་པའི་གོ་རིག་དང་ཚོར་རིག་བྱུང་བ་ཡིན་ཅེས་པ་དང་། ཡང་གསུང་སྐད་འཇམ་ཞིང་དེས་པ་དེ་ཉིད་འདྲིས་པ་ལ་བརྟེན། གསུང་ཆོས་གྲོལ་ཕྱིན་ཆད་ལ་ཡང་དགེ་བཤེས་དད་འདུན་ཅན་རྣམས་ཀྱི་སྙན་ཡུལ་དུ་ཞག་དུ་མའི་རིང་ལ་ཡང་། རྗེ་རིན་པོ་ཆེའི་གསུང་སྙན་ཞིང་འཇེབས་པ་དེ་ཉིད་ཀྱི་རྣམ་པ་ལྷང་ལྷང་བ་དང་ཁྲོལ་ཁྲོལ་བ་དང་། ཡང་རིན་པོ་ཆེའི་གསུང་བཟང་ཞིང་གདངས་མཐོ་བ་ལ་བརྟེན། བེར་བེར་བའི་རྣམ་པ་ཅན་འཇགས་པ་ཡོང་ཟེར་བ་ཡང་འདུག ཅེས་པ་རྣམས་ལས་རྗེ་བླ་མའི་གསུང་སྐད་ནི་༧སྐྱབས་མགོན་རིན་པོ་ཆེའི་གསུང་སྐད་ནང་བཞིན་རྩ་བའི་གསུང་སྐད་སྙན་ཞིང་འཇེབས་པ་དང་། དེས་ཤིང་འབོལ་བ་ལ། གདངས་མཐོ་ཞིང་ལྡིར་བའི་རང་བཞིན་ཅན་ཞིག་ཏུ་ཡོད་ངེས་སོ།།

བསྐྱར་བཅོས།: ༢༠༡༧/༠༩/༡༤

Leave a Reply

2 thoughts on “རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་ཐུགས་གཤིས་དང་སྐུ་གཟུགས་ཞལ་རས་སོགས་གླེང་བ། (སྟོད)

  1. བསམ་པ་རྣམ་དག

    རྣམ་ཐར་ཧ་ལས་པ་ཞིག་འདུག། རྣམ་ཀུན་ང་ཚོས་སྐྱེས་བུ་དམ་པ་ཚོའི་རྣམ་ཐར་བཀོད་དུས་སྤྱིར་བཏང་གི་མིའི་རྣམ་པ་གསལ་སྟོན་མེད་པ་ནི་རྣམ་ཐར་འགོད་པ་པོའི་ཞན་ཆ་མིན་ནམ་སྙམ། བདག་ཅག་གི་སྟོན་པའི་རྣམ་ཐར་མཇལ་དུས་སངས་ཀྱི་གོ་འཕང་མ་ཐོབ་པའི་སྔ་རོལ་གྱི་མཛད་པ་དེ་ཚོ་བསམ་དུས་དམིགས་བསལ་གྱི་དད་པ་བརྟན་པོ་ཞིག་སྐྱེས་པའི་སྣང་བ་ཡོང་གི་འདུག།

  2. གཞུང་པ་ཚེ་དབང་བསོད་ནམས་

    གངས་ཅན་ཞིང་གི་བཙུག་རྒྱན་རྩོང་ཁ་བ་།
    གངས་རིའི་འཕྲོད་དུ་གངས་སེང་ངར་སྐད་བསྒྲགས་།
    གངས་ལྗོངས་སྐྱེ་འགྲོའི་བསོད་ནམས་ཁྱེད་ཀྱི་བསྟན་།
    གངས་ལྗོངས་སྐྱེ་འགྲོའི་ཁྱེད་ལ་གུས་ཕྱག་འཚལ་།