འབྲོག་ལམ་གྱི་དམག་མི་ཕྱིར་འཐེན་བྱ་རྒྱུ་རེད།

རྒྱ་དཀར་ནག་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད་འབྲོག་ལམ་ཁུལ་གྱི་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་ཐག་གཅོད་བྱུང་ཡོད་འདུག

དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འདས་པའི་ཟླ་གཉིས་ལྷག་རིང་ལ་རྒྱ་ནག་དང་འབྲུག་གི་ས་མཚམས་འབྲོག་ལམ་ཁུལ་དུ་ཕྱོགས་གཉིས་ཀྱི་དམག་དཔུང་གདོང་དང་གདོང་ཐུག་ནས་ས་མཚམས་བརྟན་སྲུང་བྱས་ཡོད་ཀྱང་། བདུན་ཕྲག་སྔོན་མའི་ནང་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་མི་སྣ་ཐུག་འཕྲད་ཀྱིས་ཕན་ཚུན་གུས་བརྩི་ཡོད་པའི་ངང་འབྲོག་ལམ་ཁུལ་གྱི་རྩོད་རྙོག་ལ་གྲོས་མོལ་ནང་འདུམ་བྱུང་ཡོད་འདུག

དེ་རིང་ཞོགས་པར་རྒྱ་གར་ཕྱི་སྲིད་བློན་ཆེན་སོ་ཞི་མཱ་སི་ཝཱ་རཱ་ཇི་(Sushma Swaraj)གྱིས་མི་རིང་བར་ཕྱོགས་གཉིས་ཀྱི་དམག་མི་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། མོས་འདས་པའི་བདུན་ཕྲག་ནང་ཕྱོགས་གཉིས་ཀྱིས་སོ་སོའི་འདོད་མོས་དང་སེམས་འཚབ་ཐོག་གྲོས་མོལ་བྱས་ཏེ། འབྲོག་ལམ་ཕྱོགས་ཀྱི་དམག་མི་ཕྱིར་འཐེན་སྐོར་ལ་ཕན་ཚུན་མོས་མཐུན་བྱུང་ཡོད་སྐོར་བསྒྲགས་འདུག

དེ་རིང་ཉིན་རྒྱབ་ཏུ་ཆུ་ཚོད་ ༢།༣༠ ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་གར་ཕྱོགས་ནས་དམག་མི་དང་དམག་ཆས་བཅས་ཚང་མ་ཕྱིར་འཐེན་བྱ་རྒྱུ་ཁས་བླངས་ཡོད་པས། མི་རིང་བར་རྒྱ་ནག་གི་དམག་མི་ག་ལེར་ཕྱིར་འཐེན་བྱ་རྒྱུ་ཡིན་ན་ཡང། ལོ་རྒྱུས་ནང་གཏན་འབེབས་བྱུང་བའི་མངའ་ཁོངས་ཀྱི་བདག་དབང་མུ་མཐུད་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

འདས་པའི་ཟླ་ ༢ ལྷག་རིང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གནས་སྟངས་ཛ་དྲག་ཆགས་ཡོད་པ་དང་། ཐ་ན་ཕྱོགས་གཉིས་ནས་དམག་འཁྲུག་རྒྱག་རྒྱུར་གྲ་སྒྲིག་ཡོད་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། རྒྱ་ནག་ཕྱོགས་ནས་འབྲོག་ལམ་ཁུལ་ནི་རྒྱ་ནག་དང་འབྲུག་གི་ས་མཚམས་ཁེལ་ཡོད་པས་རྒྱལ་ཁབ་གཞན་གང་ལའང་ཐེ་གཏོགས་བྱེད་པའི་དབང་ཆ་མེད་ལུགས་བསྒྲགས་ཡོད་ཀྱང་། རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་སོ་ཞི་མཱ་སི་ཝཱ་རཱ་ཇི་ཡིས་འབྲུག་ནི་རྒྱ་གར་གྱི་སྲུང་སྐྱོབ་ཐོབ་པའི་སྙིང་ཉེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། འབྲུག་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་རྒྱ་གར་གྱིས་ངེས་པར་དུ་ཐེ་གཏོགས་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་དང་ཆབས་ཅིག ཕྱོགས་གཉིས་ནས་ས་མཚམས་སུ་དམག་དཔུང་ཇེ་མང་དུ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གནས་སྐབས་རིང་ས་མཚམས་ཀྱི་དམག་མི་ཕྱིར་འཐེན་བྱེད་དགོས་དོན་ནི། ཟླ་འདིའི་ཕྱི་ཚེས་༣༡་ནས་ཟླ་༩ ཚེས་ ༤ བར་རྒྱ་ནག་གི་གྲོང་ཁྱེར་ཞཱ་མེན་(Xiamen)དུ་ཚོགས་གཏན་འཁེལ་བའི་རྒྱ་ཁབ་ལྔ་ཡི་(BRICS)ལྷན་ཚོགས་འཚོགས་ལ་ཉེ་བ་དང་། ལྷན་ཚོགས་དེར་རྒྱལ་ཁབ་ལྔ་ཡི་དབུ་ཁྲིད་མཉམ་ཞུགས་གནང་གི་ཡོད་པའི་ཁྲོད་རྒྱ་གར་གྱི་སྲིད་བློན་མུ་ཌི་མཆོག་ཀྱང་ཞུགས་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༢༨

Leave a Reply

2 thoughts on “འབྲོག་ལམ་གྱི་དམག་མི་ཕྱིར་འཐེན་བྱ་རྒྱུ་རེད།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    འབྲོག་ལམ་མ་རེད་གྲོགས་ལམ་རེད་།
    རྒྱ་དཀར་ནག་གྲོགས་པའི་གྲོགས་ལམ་རེད་།
    བོད་འཁྱུར་མིད་གཏོང་བའི་གྲོགས་ལམ་རེད་།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཧཧཧཆབ་སྲིད་མི་སྣའི་ཆབ་སྲིད་ཟློས་གར་ཁྲབ་།
    ཞི་བའི་མི་མང་མགོ་བོ་་འཁོར་དུ་བཅུག་།
    ཆབ་སྲིད་མི་སྣའི་རང་མཁེ་སྲུང་བའི་སླད་།
    ཞི་བའི་མི་མང་བློ་གཏད་འགུག་པའི་ཆེད་།

    ཞི་དྲག་གཉིས་ཀྱི་ལས་འགུལ་སྣ་མང་སྤེལ་།
    ཤར་ལ་ཉེ་བའི་འོས་བསྡུའི་རྒྱབ་སྐྱོར་ཙམ་།