ཉི་ཧོང་ལ་བྱུང་མྱོང་མེད་པའི་འཇིཊ་སྐུལ་བྱས།

ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་ཡིས་བྱང་ཀོ་རི་ཡས་ཉི་ཧོང་གི་མཁའ་ཐོག་བརྒྱུད་རྡུལ་ཕྲན་མཚོན་ཆ་འཕངས་ཡོད་པ་ནི་ད་བར་བྱུང་མ་མྱོང་བའི་འཇིགས་སྐུལ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

དེ་རིང་ཞོགས་པ་སྔ་བོར་བྱང་ཀོ་རི་ཡས་ཉི་ཧོང་གི་(Hokkaido)གླིང་ཕྲན་གྱི་མཁའ་ཐོག་བརྒྱུད་རྡུལ་ཕྲན་མཚོན་ཆ་ཞིག་འཕེན་གཏོང་ཚོད་ལྟ་བྱས་ཡོད་པ་དང་། རྡུལ་ཕྲན་མཚོན་ཆ་དེ་ཉི་ཧོང་གི་བྱང་ཁུལ་གྱི་རྒྱ་མཚོའི་ནང་དུ་ལྷུང་ཡོད་འདུག ད་ལན་རྡུལ་མཚོན་གཡུགས་པ་དང་ལྷུང་བ་སོགས་ཀྱིས་ཉི་ཧོང་གི་ཧོ་ཀཱ་དྷོ་གླིང་ཕྲན་གྱི་མི་རྒྱུ་གཉིས་ལ་གནོད་སྐྱོན་གང་ཡང་ཐེབས་མེད་ན་ཡང་། དེ་ནི་ཡུལ་དེའི་མི་མང་ལ་དམག་འཁྲུག་བརྒྱག་རྒྱུ་ཡིན་པས་འོག་ཁང་སོགས་བཟོ་དགོས་པའི་ཉེན་བརྡ་ཞིག་ཡིན་སྐོར་བརྗོད་ཀྱི་འདུག

དེ་རིང་ཞོགས་པར་སྱིད་བློན་ཨ་བྷེ་ཡིས་གནད་དོན་དེའི་སྐོར་ནས་གསར་འགོད་པར།  ང་ཚོས་མུ་མཐུད་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ་ཐག་གཅོད་ཅིག་ཡོང་གི་རེད། གནད་དོན་འདི་ནི་ད་བར་བྱུང་མྱོང་མེད་པའི་འཇིགས་སྐུལ་ཞིག་ཡིན་པ་དང་། ཉེན་ཚབས་ཅན་གྱི་བྱ་སྤྱོད་དེས་ས་ཁུལ་གྱི་ཞི་བདེ་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་སྐོར་བརྗོད་འདུག

ལྷོ་ཀོ་རི་ཡའི་དམག་མིས་བརྗོད་པ་ལྟར་ན། རྡུལ་ཕྲན་མཚོན་ཆ་དེ་བྱང་ཀོ་རི་ཡའི་ཞོགས་པ་ཆུ་ཚོད་ ༦ པའི་སྟེང་རྒྱལ་ས་ཕོན་ཡཱང་(Pyongyang)གི་ཤར་ཁུལ་ནས་བཏང་ཡོད་པ་བརྗོད་འདུག

ཞིབ་འཇུག་པས་བརྗོད་ལྟར་ན། རྡུལ་ཕྲན་མཚོན་ཆ་དེས་རྒྱང་ཚད་སྤྱི་ལེ(2,700km )ལྷག་ལ་སྙོབ་ཐུབ་པ་དང་། སྤྱིའི་མཐོ་ཚད་འཕུར་ཤུགས་མཚོ་ངོས་ལས་སྤྱི་ལེ་(550km)ལྷག་ཡིན་འདུག རྡུལ་མཚོན་དེ་ཉི་ཧོང་དང་བར་ཐག་སྤྱི་ལེ་(1,180km)ཡོད་པའི་ཞི་བདེ་རྒྱ་མཚོའི་བྱང་ཁུལ་དུ་ལྷུང་ཡོད་པ་དང་། མཚོ་ནང་དུ་ལྷུང་རྗེས་དུམ་བུ་གསུམ་དུ་འཐོར་ཡོད་པ་དང་།   སྤྱིའི་ཆ་སྙོམ་རིང་ཚད་དང་མཐོ་ཚད་སོགས་བྱང་ཀོ་རི་ཡས་ཚོད་ལྟ་བྱས་པའི་རྡུལ་ཕྲན་མཚོན་ཆ་དག་ལས་ཆུང་ཤོས་དང་ཐུང་ཤོས་དེ་ཆགས་ཡོད་འདུག

ད་ལྟའི་ཆར་ཨ་རི་དང་ཉི་ཧོང་གི་མཉམ་འབྲེལ་དམག་སྦྱོང་ཤུགས་ཆེར་འགྲོ་བཞིན་ཡོད་པ་དང་། དམག་སྦྱོང་ཚུགས་སའི་ས་གནས་དེ་ཧོ་ཀཱ་དྷོ་གླིང་ཕྲན་ནས་ཚུགས་ཡོད་པ་རེད། སྲིད་བློན་ཨ་བྷེ་དང་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་གཉིས་གྲོལ་མོལ་གནང་བ་བརྒྱུད་ཕྱོགས་གཉིས་ནས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་རྒྱུར་མོས་མཐུན་བྱུང་ཡོད་པ་རེད།

བྱང་ཀོ་རི་ཡའི་ཉི་ཧོང་མཁའ་ཐོག་བརྒྱུད་རྡུལ་ཕྲན་མཚོན་ཆ་གཡུགས་པ་ཐེངས་དང་པོ་མ་ཡིན་པར། ཕྱི་ལོ་༡༩༩༨ དང་༢༠༠༧ བཅས་ཐེངས་གཉིས་ལ་ཉི་ཧོང་གི་མཁའ་ཐོག་བརྒྱུད་རྡུལ་མཚོན་འཕངས་ཡོད་ན་ཡང་། སྐབས་དེ་དག་ལ་བྱང་ཀོ་རི་ཡའི་འཁོར་སྐར་བཏང་བ་ལས་རྡུལ་ཕྲན་མཚོན་ཆ་མིན་པ་བརྗོད་ཡོད་པ་རེད།

ཉི་ཧོང་སོགས་ནས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཛ་དྲག་ཚོགས་འདུ་འཚོགས་ཏེ་དེ་རིང་གི་གནད་དོན་དེའི་ཐད་མྱུར་དུ་ལན་འདེབས་ཅིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད་འདུག་ལ། བྱང་ཀོ་རི་ཡ་གཞུང་གིས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་དང་པོ་དེ་ཕྱི་ལོ་ ༢༠༠༦ ལོར་ཁེམ་ཅུང་ཨིལ་གྱི་དབང་འཛིན་འོག་མགོ་བཙུགས་ཏེ། ད་ལྟའི་བར་ཉུང་མཐར་ཐེངས་ ༧ ཙམ་ལ་ཚོད་ལྟ་བྱས་ཏེ། ཁྱིམ་མཚེས་རྒྱལ་ཁབ་ཉི་ཧོང་དང་ལྷོ་ཀོ་རི་ཡ་སོགས་ལ་འཇིགས་སྣང་སློང་གི་ཡོད་པ་དང་། ཨ་རི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་འཛམ་གླིང་གི་རྒྱལ་ཁབ་མང་པོས་སྐྱོན་བརྗོད་དང་སྦྲགས། བྱང་ཀོ་རི་ཡར་ཚོང་ལས་དཔལ་འབྱོར་གྱི་ཐོག་ནས་ཉེས་ཆད་ཐེངས་མང་བཅད་ཡོད་པ་རེད་། ཡིན་ནའང་། བྱང་ཀོ་རི་ཡ་གཞུང་གིས་རྡུལ་ཕྲན་མཚོན་ཆ་ནི་རང་སྲུང་གི་སྟོབས་ཤུགས་ཤིག་ཡིན་སྐོར་བརྗོད་དེ་མུ་མཐུད་དུ་ཚོད་ལྟ་བྱེད་ཀྱི་ཡོད་པ་མ་ཟད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་རང་སྲུང་སྟོབས་ཤུགས་ལ་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱིས་ཁ་གཏད་གཅོག་ཐབས་མེད་པ་ཞིག་བཟོ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༢༩

Leave a Reply

One thought on “ཉི་ཧོང་ལ་བྱུང་མྱོང་མེད་པའི་འཇིཊ་སྐུལ་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    འཇིགས་སྐུལ་རེད་དམ་ཉེན་བརྡ་རེད་དོན་དངོས་བྱང་ཀོ་རི་ཡ་དང་ཨ་རི་གཉིས་རང་མེད་རོགས་མེད་བཟོ་འཆར་་མ་རེད་དམ་?