འཛམ་གླིང་འདིར་ཞི་བདེ་དགོས་ན་གོ་མཚོན་མེད་པའི་འཛམ་གླིང་ཞིག་བཟོ་དགོས།

༧གོང་ས་མཆོག་གིས་རང་གི་སེམས་རྒྱུད་ཀྱི་བྱམས་བརྩེ་དང་ཤེས་ཡོན་གོང་འཕེལ་བཏང་བའི་ཐོག་ནས་འཛམ་གླིང་ཞི་བདེ་ཡོང་བ་ཞིག་རེད་མ་གཏོགས། དངུལ་དང་དཔུང་གི་ཐོག་ནས་ཡོང་བ་ཞིག་མིན་སྐོར་གསུངས་སོང་།
 དེ་རིང་ཆུ་ཚོད་ ༨།༥༠ ཐོག་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་མཆོག་ནས་ཨིན་དུ་ཉི་ཞེ་ཡ་དང་། ལྷོ་ཀོ་རི་ཡ། མཱ་ལེ་ཤེ་ཡ། སེངྒ་པོར། ཐའེ་ལན་ཌི། ཝེ་ཊི་ནམ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་དད་ལྡན་རྣམས་ཀྱི་གཙོས་ཕྱི་རྒྱལ་ཁག་ནས་ཡོང་བའི་ནང་ཆོས་དོན་གཉེར་བ་དང་། དྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་བཅས་ཁྱོན་ཆོས་ཞུ་བ་ ༥༩༠༠ ལྷག་ལ་ཉིན་གྲངས་བཞིའི་རིང་གི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་དབུ་འཛུགས་གནང་སོང་།

ནང་ཆོས་ངོ་སྤྲོད་སྐབས་༧གོང་ས་མཆོག་གིས་སངས་རྒྱས་པའི་ཆོས་ཤེས་ཏེ་དད་པ་ཐོབ་ཐབས་སྐོར་ལ། ནང་པ་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ནི་རྒྱུ་མཚན་ལ་དཔྱད་པ་བྱས་ཏེ་འགྲོ་དགོས་པ་ཞིག་ཡིན་སྟབས། རྒྱུ་མཚན་ལ་རིག་པས་དཔྱད་པ་བྱས་པ་དེས་སེམས་རྒྱུད་ལ་འགྱུར་བ་འགྲོ་གི་ཡོད་མེད་ལྟ་དགོས། འགྱུར་བ་ཕྱིན་ཏེ་སེམས་ལ་ཕན་ཐོགས་གང་འདྲ་ཡོད་མེད་ལྟ་ཐུབ་ན། ད་གཟོད་སངས་རྒྱས་པའི་ཆོས་ལ་ཤེས་ཏེ་དད་པ་ཐོབ་པ་རེད། དེ་ནི་ང་རང་ཚོས་བྱེད་ཐུབ་པ་ཞིག་རེད།འཛམ་གླིང་འདིའི་སྒང་གི་ཆོས་ལུགས་ཚང་མས་མི་ལ་ཕན་གྱི་ཡོད་སྟབས་ཧ་ཅང་གིས་ཡག་པོ་རེད། འོན་ཀྱང་། སངས་རྒྱས་རང་གི་བཀའ་ཡིན་ཡང་དཔྱད་པ་བྱས་ཏེ། རིག་པ་དང་འགལ་མ་འགལ་ལྟ་གྲུབ་ཀྱི་ཐོག་ནས་གསུང་སྟངས་ཡོད་བསྡད་པ་དེ། ཕལ་ཆེར་ཆོས་ལུགས་གཞན་ལ་མེད་པའི་སངས་རྒྱས་པའི་ཆོས་ལུགས་ཀྱི་ཁྱད་ཆོས་མ་འདྲ་བ་ཞིག་རེད། ཅེས་གསུངས་སོང་།

ཡང་འཛམ་གླིང་ནང་ཞི་བདེ་བསྐྲུན་པའི་འགན་ང་ཚོ་ཚང་མར་ཡོད་སྐོར་༧གོང་ས་མཆོག་གིས། ང་རང་ཚོ་འཛམ་གླིང་འདིའི་སྒང་ལ་འཚོ་གནས་བྱེད་ཀྱི་ཡོད་པ་རེད། འཛམ་གླིང་འདིར་འཚོ་གནས་བྱེད་པའི་རིང་དུ་ཕན་ཚུན་འཆམ་པོ་བྱས་ཏེ་གནས་ན་ཡག་པོ་ཡོང་གི་རེད། དེང་སང་གོ་མཚོན་ཧ་ཅང་མང་པོ་བཟོ་བཞིན་ཡོད་པ་རེད། མཐར་གཏུགས་ན་གོ་མཚོན་དེ་དག་ནི་ཕན་ཚུན་གསོད་རེས་གཏང་རྒྱུ་དེ་ཡིན་པ་རེད། དེར་འགྲོ་སོང་ཧ་ཅང་མང་པོ་བཏང་བ་དེ་ཚོ་འཕྲོ་བརླག་རེད། འགྲོ་སོང་དེ་ཚོ་ཤེས་ཡོན་གྱི་ཐོག་ལ་བཏང་ན་ཡག་པོ་ཡོད་པ་རེད། རིམ་གྱིས་འཛམ་གླིང་འདིར་ཞི་བདེ་དགོས་ན་གོ་མཚོན་མེད་པའི་འཛམ་གླིང་ཞིག་བཟོ་དགོས། དེ་ཆོས་པ་ཚོ་གཅིག་པུ་མིན་པར་ང་རང་ཚོ་ཚང་མར་འགན་ཡོད་པ་རེད། རང་གི་སེམས་རྒྱུད་དུ་བྱམས་བརྩེ་དང་ཤེས་ཡོན་གོང་འཕེལ་བཏང་བའི་ཐོག་ནས་འཛམ་གླིང་ཞི་བདེ་ཡོང་བ་ཞིག་རེད་མ་གཏོགས། དངུལ་དང་དཔུང་གི་ཐོག་ནས་ཡོང་བ་ཞིག་མ་རེད། ཅེས་གསུངས་སོང་།

དེའི་རྗེས་སྔོན་འགྲོའི་གསུང་ཆོས་དབུ་འཛུགས་གནང་སྐབས་༧ གོང་ས་མཆོག་གིས། བོད་ལ་གཙོ་བོ་མཁན་སློབ་ཆོས་གསུམ་དང་། ཡང་སྒོས་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འདུལ་བའི་གཞི་བཙུགས་པ་དང་། དེ་ནས་རིམ་གྱིས་ཚད་མ་དང་དབུ་མའི་གཞུང་ཁྲིད་པར་གནང་ནས་དབུ་ཚད་སེང་གེ་འཇིང་གནོན་ཟེར་བའི་འགྲོ་སྟངས་ཤིག་བོད་ལ་ཆགས་པ་རེད། འོན་ཀྱང་། དེ་སྔ་བོད་ལ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཡོད་ཀྱང་། མི་ཉུང་ཤས་ཤིག་གིས་སློབ་གཉེར་བྱས་པ་ལས་སྤྱི་ཚོགས་ཀྱི་ནང་སློབ་གཉེར་བྱེད་མཁན་མི་འདུག་ལ། དགོན་པ་མང་ཆེ་བས་ཆོ་ག་ཕྱག་ལེན་དེ་འདྲ་བྱས་ཏེ་ཕྱིན་པ་རེད་འདུག དེར་བརྟེན་ང་རང་ཚོས་སངས་རྒྱས་ཀྱི་ཆོས་ཀྱི་འགྲོ་སྟངས་དེ་ཚོར་སློབ་གཉེར་བྱས་ཏེ་ཤེས་པ་བྱེད་དགོས། བར་སྐབས་ནས་བོད་ནང་དང་ཧི་མ་ལ་ཡའི་དགོན་པ་ཁག་གིས་དཔེ་ཆ་དང་མཚན་ཉིད་ལྟ་ཀློག་བྱེད་རྒྱུ་མགོ་ཞིག་བཙུགས་ཡོད་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༨/༣༠

Leave a Reply

One thought on “འཛམ་གླིང་འདིར་ཞི་བདེ་དགོས་ན་གོ་མཚོན་མེད་པའི་འཛམ་གླིང་ཞིག་བཟོ་དགོས།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཀུབ་ཁྱབ་བྱམས་བརྩེ་འཇིག་རྟེན་སྐྱེ་བོའི་མིག་།
    ཀུན་སྙོམས་ཉི་མ་འཇིག་རྟེན་གྲོ་བའི་གོས་།
    ཀུན་ཕན་བྱང་སེམས་འཇིག་རྟེན་འཚོ་བའི་གྲོགས་།
    ཀུན་དགའ་བདེ་སྐྱིད་འཇིག་རྟེན་ཞི་བདེར་རྒྱུར་།