དྲང་བདེན་གྱི་ལམ་ནས་དྲང་བདེན་གྱི་ལས་དོན་སྒྲུབ་རྒྱུ་གལ་ཆེན་པོ་རེད།

རྒྱལ་ཁབ་ཕན་ཚུན་བར་བརྩི་མཐོང་དང་མཛའ་བརྩེ་བཅས་ལ་བརྟེན་ནས་རྩོད་རྙོག་སེལ་རྒྱུ་ནི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་རྩོད་ལེན་གནང་མཁན་ཚང་མའི་མིག་དཔེ་གལ་ཆེན་ཞིག་རེད་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཟླ་འདིའི་ཕྱི་ཚེས་ ༣༠ ནས་འཆར་ཟླ་ ༩ ཚེས་ ༡ བར་ཉིན་ ༣ རིང་བཞུགས་སྒར་དྷ་ས་ཁུལ་དུ་གཟིགས་སྐོར་དུ་ཕེབས་པའི་སུ་ཝེ་ཌན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚན་པའི་སྐུ་ཚབ་ཚོགས་ཆུང་གི་ངོས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། ཚོགས་ཐོག་ཏུ་སུ་ཝེ་ཌན་གྲོས་ཚོགས་ཀྱི་ལྗང་ཁུ་ཚོགས་པའི་བོད་དོན་རྒྱབ་སྐྱོར་ཚན་པའི་ཚོགས་མི་སྐུ་ཞབས་སི་ཁ་ལེ་ཊིར་ (Schlyter) ལགས་དང་། སུ་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇོར་ནིར་སི་ཊེ་ཊི་ (Bjornerstedt) ལགས། སི་ཝེ་ཌན་བོད་རིགས་ཚོགས་པའི་ཚོགས་གཞོན་འཇམ་དབྱངས་ཆོས་སྒྲོན་ལགས་བཅས་ཕེབས་འདུག

སྐུ་ཞབས་སི་ཁ་ལེ་ཊིར་ལགས་ཀྱིས། ཉེ་ལམ་སུ་ཝེ་ཌན་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚན་པ་གསར་འཛུགས་གནང་སྐབས། གྲོས་ཚོགས་འཐུས་མི་ཁག་ཅིག་བཞུགས་སྒར་དྷ་རམ་ས་ལར་ཆེད་བཅར་བྱ་རྒྱུ་བྱས་ཡོད་པ་ལྟར། ཐེངས་འདིར་ཁོ་ཚོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཙོས་པའི་བཙན་བྱོལ་གཞུང་མང་གཉིས་ལ་གཟིགས་སྐོར་བྱེད་དུ་ཡོང་བ་དང་། སུ་ཝེ་ཌན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚན་པ་བརྒྱུད་སུ་བོད་གཞུང་མང་གཉིས་བར་འབྲེལ་མོལ་བྱུང་བ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ཁ་སང་ཞོགས་པར་ཁོང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཏེ། རྒྱལ་ཁབ་དང་མི་རིགས་ཕན་ཚུན་བར་ཞི་བའི་འབྲེལ་མོལ་ཡོང་ཐབས་སྐོར་ལ་བཀའ་མོལ་བྱུང་བ་མ་ཟད། ཁོང་ཚོ་ད་དུང་བོད་མིའི་སྒྲིགས་འཛུགས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་སློབ་གྲྭ་ཁག བོད་ཀྱི་དཔེ་མཛོད་ཁང་བཅས་ལ་གཟིགས་སྐོར་དུ་ཕེབས་ཡོད་པ་དང་།  ད་ལན་གྱི་འབྲེལ་མོལ་བརྒྱུད་སུ་བོད་གཞུང་མང་གཉིས་བར་སྔར་ལས་ལྷག་པར་འབྲེལ་མོལ་ཡར་རྒྱས་ཡོང་བའི་རེ་བ་ཡོད་སྐོར་དང་། དེ་བཞིན། སུ་ཝེ་ཌན་ནི་འདས་པའི་ལོ་ངོ་ ༢༠༠ ལྷག་རིང་དྲག་པོའི་དམག་འཁྲུག་མ་བརྒྱབ་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། དེ་ཡང་སུ་ཝེ་ཌན་ལ་མཚོན་ན། རྒྱལ་ཁབ་ཕན་ཚུན་བར་རྩོད་རྙོག་ག་རེ་བྱུང་ཡང་གཉིས་ཕན་དབུ་མའི་ལམ་ནས་སེལ་ཐབས་བྱེད་ཀྱི་ཡོད་པ་དང་། གཉིས་ཕན་དབུ་མའི་ལམ་ལ་བརྟེན་ནས་འདས་པའི་ལོ་ངོ་ ༢༠༠ ལྷག་རིང་སུ་ཝེ་ཌན་ནང་ཞི་བདེ་བྱུང་ཡོད་པ་དང་། འདས་པའི་ལོ་ངོ་དེ་དག་རིང་སུ་ཝེ་ཌན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཞི་བའི་འབྲེལ་མོལ་བྱས་པར་བརྟེན། སུ་ཝེ་ཌན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་བར་རྩོད་རྙོག་གང་ཡང་མེད་པར་མི་རིགས་ཕན་ཚུན་གྱི་འགྲོ་འོང་རང་དབང་དང་ཞི་བདེ་ཡིན་ལ། ད་ལྟའི་དུས་རབས་ནི་དྲག་པོའི་དམག་དཔུང་ལ་བརྟེན་ནས་ཕན་ཚུན་དབང་བསྒྱུར་བའི་དུས་སྐབས་ཤིག་མིན་པར། མི་རིགས་ཕན་ཚུན་བར་འབྲེལ་མོལ་བྱས་ཏེ་ཞི་བདེ་བསྐྲུན་པའི་དུས་སྐབས་ཤིག་ཡིན་པ་རེད། སུ་བོད་གཉིས་ལ་མཚོན་ནའང་། གཉིས་ཕན་དབུ་མའི་ལམ་གྱི་ཐད་ནས་ཐུན་མོང་རང་བཞིན་ཞིག་ཆགས་ཡོད་པ་དང་། ད་ལྟ་མི་རིགས་དང་རྒྱལ་ཁབ་ཕན་ཚུན་བར་རྩོད་རྙོག་ག་རེ་བྱུང་བ་ཡིན་ནའང་། དེ་སྲིད་གཞུང་གཅིག་པུ་མིན་པར་མི་མང་ཕན་ཚུན་བར་ཐད་ཀར་འབྲེལ་མོལ་བྱས་ཏེ་ཞི་བའི་ཐོག་ནས་སེལ་ཐབས་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། གཉིས་ཕན་དབུ་མའི་ལམ་ལ་བརྟེན་ནས་བོད་མི་ཚོས་སོ་སོའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་པའི་རེ་བ་ཡོད། སུ་ཝེ་ཌན་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚན་པ་བཙུགས་པ་དེ་ནི་བོད་པའི་དྲང་དེན་འཐབ་རྩོད་ལ་རྒྱུས་ལོན་དང་རྒྱབ་སྐྱོར་ཡོང་ཐབས་གཅིག་པུ་ཙམ་མིན་པར། སུ་ཝེ་ཌན་གྱིས་ད་དུང་སི་རི་ཡ་དང་ལི་བྷེ་ཡ། ཨབ་གྷན་སོགས་ཀྱི་ནང་འབྱུང་བཞིན་པའི་ཟིང་འཁྲུག་ཁྲོད་སྐྱབས་བཅོལ་བ་མང་པོ་སུ་ཝེ་ཌན་ནང་ལེན་གྱི་ཡོད་པ་དང་། ཡུལ་ལུང་དེ་དག་གི་མི་མང་དང་མཉམ་དུ་ཟིང་འཁྲུག་ཞི་འགྲིག་ཡོང་ཐབས་སྐོར་ལ་འབྲེལ་མོལ་བྱེད་ཀྱི་ཡོད་ལ། མི་རིགས་གང་ཡིན་ཡང་སོ་སོའི་ཆོས་དང་རིག་གཞུང་། ངོ་བོ་བཅས་སྲུང་སྐྱོབ་བྱེད་པའི་རང་དབང་དང་ཐོབ་ཐང་ཡོད་སྐོར་སོགས་བརྗོད་བྱུང་།

སྐུ་ཞབས་ཇོར་ནིར་སི་ཊེ་ཊི་ལགས་ཀྱིས། སུ་བོད་མཐུན་ཚོགས་ནི་བོད་མི་གཅིག་པུར་རྒྱབ་སྐྱོར་བྱེད་མཁན་ཞིག་མིན་པར། ཚོགས་པ་དེས་འཛམ་གླིང་སྒང་གི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་རྩོད་ལེན་གནང་མཁན་ཚང་མར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། འཛམ་གླིང་སྒང་གི་རྩོད་རྙོག་ག་འདྲ་ཞིག་ཡིན་ནའང་། རྒྱལ་ཁབ་དང་མི་རིགས་ཕན་ཚུན་བར་བརྩི་མཐོང་དང་མཛའ་བརྩེ། བྱམས་བརྩེ་བཅས་ལ་བརྟེན་ནས་སེལ་དགོས་པ་དང་། དེ་ནི་འཛམ་གླིང་སྒང་གི་འགྲོ་བ་མིའི་ཐོབ་ཐང་དང་། དྲང་བདེན་རྩོད་ལེན་མཁན་ཚང་མས་རྩོད་རྙོག་སེལ་ཐབས་ཀྱི་མིག་དཔེ་གལ་ཆེན་ཞིག་ཡིན་པ་དང་། ཚང་མས་དྲང་བདེན་གྱི་ལམ་ནས་དྲང་བདེན་གྱི་ལས་དོན་སྒྲུབ་དགོས་པ་དང་། འདི་ལོར་ཉི་མ་ལྷ་མོ་ལགས་དང་མགོ་ལོག་འཇིགས་མེད་ལགས། ཐུབ་བསྟན་དབང་ཆེན་ལགས་བཅས་ཀྱིས་སུ་ཝེ་ཌན་གྲོས་ཚོགས་ནང་བོད་དོན་ངོ་སྤྲོད་བྱས་པ་བརྒྱུད་སུ་ཝེ་ཌན་གཞུང་མང་གིས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་བྱུང་བ་དང་། སུ་བོད་མཐུན་ཚོགས་ཀྱི་ངོས་ནས་མ་འོངས་པར་མུ་མཐུད་ལས་དོན་རྒྱུན་འཁྱོངས་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་བྱུང་།

དྲི་བ་དྲིས་ལན་སྐབས་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས། སུ་ཝེ་ཌན་བོད་རིགས་ཚོགས་པ་ནི་བོད་མི་ ༡༤༠ ཙམ་ལས་མེད་པའི་ཚོགས་པ་ཆུང་ཆུང་ཞིག་ཡིན་པ་དང་། སུ་ཝེ་ཌན་གྲོས་ཚོགས་ཀྱི་ལྗང་ཁུ་ཚོགས་པའི་བོད་དོན་རྒྱབ་སྐྱོར་ཚན་པའི་ནང་ཚོགས་པ་ཆེ་ཤོས་ལྔ་ཡི་འཐུས་མི་ཡོད་པ་དང་། བོད་དོན་རྒྱབ་སྐྱོར་ཚན་པ་དེ་འཛུགས་དོན་ནི་བོད་དོན་ལ་རྒྱུས་ལོན་དང་གོ་རྟོགས་ཡོང་ཐབས་ཡིན་ལ། ཐེངས་འདིའི་སྐོར་སྐྱོད་སྐབས་ཁོ་ཚོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཙོས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་གནད་ཡོད་མི་སྣར་ཐུག་འཕྲད་བྱས་པ་དང་། གཟིམ་ཆུང་མཇལ་ཁ་ཞུ་སྐབས་༧གོང་ས་མཆོག་གིས་ཁོང་ཚོར་འཛམ་གླིང་ཞི་བདེ་དང་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་བཅས་ཀྱི་སྐོར་ལ་བཀའ་སློབ་ལམ་སྟོན་གནང་ཡོད་སྐོར་སོགས་ངོ་སྤྲོད་བྱས་སོང་།

 

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༨/༣༡

Leave a Reply