བསོད་ནམས་རྒྱལ་པོ་བཙོན་གྲོལ་ཐོབ།

སྔ་གཞུག་ཏུ་ཁྱོན་མི་ངོ་བཅུ་དྲུག་ཙམ་རིང་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་བསོད་ནམས་རྒྱལ་པོ་ལགས་བཙོན་གྲོལ་ཐོབ་ཡོད་འདུག

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་ ༨ ཚེས་ ༢༧ ཉིན། བོད་ཀྱི་ཆབ་སྲིད་བཙོན་པ་བསོད་ནམས་རྒྱལ་པོ་ལགས་བཙོན་གྲོལ་ཐོབ་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་གང་འདྲ་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

བསོད་ནམས་རྒྱལ་པོ་ལགས་ནི་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ལྷོ་ཁ་ས་ཁུལ་སྣ་དཀར་བརྩེ་རྫོང་། ཡར་འབྲོག་ཁུལ་ནས་ཡིན་པ་དང།  ཕྱི་ལོ་  ༡༩༨༧  ཟླ་ ༩ ཚེས་ ༢༧ ཉིན་གྱི་ཞི་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་བའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་ཏེ་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཕྱིས་སུ་བཙོན་གྲོལ་ཐོབ།  ཕྱི་་ལོ་  ༡༩༩༢  ཟླ་  ༧ ནང་ཡང་བསྐྱར་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་རིང་བཙོན་འཇུག་བྱས། ཕྱི་ལོ་  ༢༠༠༦  ལོར་ཡང་བསྐྱར་ཁོང་འཛིན་བཟུང་བྱས་ཏེ་མི་ལོ་ ༡༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་ནག་གཞུང་གིས་སྔ་གཞུག་ཐེངས་གསུམ་ལ་ཁོང་འཛིན་བཟུང་བྱས་ཏེ་གཅར་རྡུང་མནར་གཅོད་བཏང་ཡོད་པ་མ་ཟད།  ཆབ་སྲིད་ཀྱི་ཉེས་མིང་འོག་ཁྱོན་མི་ལོ་ ༡༦ ཙམ་རིང་ཁོང་གིས་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱངས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

 

བསྐྱར་བཅོས།: ༢༠༡༧/༠༩/༠༡

Leave a Reply

One thought on “བསོད་ནམས་རྒྱལ་པོ་བཙོན་གྲོལ་ཐོབ།