ཐང་བྲིས་སྒྱུ་རྩལ་གྱི་ཐིག་རྩ་དང་མཛེས་ཆ་གཉིས་མཉམ་འབྲེལ་མ་ཐུབ་པ་ནི་ཞན་ཆ་ཞིག་རེད།

ལྷ་བྲིས་པ་སྐལ་བཟང་དམ་ཆོས་ལགས་ཀྱིས་བོད་ཀྱི་ཐང་ག་འབྲི་བཞེང་སྐབས་ཐིག་རྩ་དང་མཛེས་ཆ་གཉིས་མཉམ་འབྲེལ་མ་ཐུབ་པ་དེ་ནི་ད་ལྟའི་བོད་ཀྱི་ཐང་བྲིས་སྒྱུ་རྩལ་རིག་གནས་ཀྱི་ཞན་ཆ་ཞིག་ཏུ་མཐོང་གི་ཡོད་སྐོར་བརྗོད་སོང་།

འདི་གའི་གསར་འགོད་པ་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་ཁང་དུ་བསྐྱོད་དེ་བོད་ཀྱི་ཐང་བྲིས་སྒྱུ་རྩལ་རིག་གནས་སྐོར་ལ་རྒྱུས་ལོན་བྱེད་སྐབས། ལྷ་བྲིས་པ་སྐལ་བཟང་དམ་ཆོས་ལགས་ཀྱིས་བོད་ཀྱི་རི་མོའི་བྱུང་རིམ་སྐོར་ངོ་སྤྲོད་གནང་དོན། སྤྱིར་བོད་ལ་རི་མོ་འབྲི་སྟངས་ནས་ཐང་ག་འབྲི་སྟངས་དར་བ་དང་། མ་གཞི་བོད་ཀྱི་རི་མོ་འབྲི་སྟངས་དེ་བོད་མི་རིགས་ཀྱི་བྱུང་འཕེལ་དང་མཉམ་དུ་དར་ཁྱབ་བྱུང་བའི་བཟོ་འདྲ་བོ་འདུག ཡིན་ནའང་དེའི་ཕྱི་ལོ་དུས་རབས་གསལ་བོར་མི་ཤེས་མོད། སྟོད་མངའ་རིས་ཕྱོགས་ནས་བྱུང་བའི་བྲག་བརྐོས་རི་མོ་ལྟར་ན། ཕལ་ཆེར་ལོ་ངོ་ཁྲི་བཞིའི་ལོ་རྒྱུས་ཡོད་པར་བཤད་ཀྱི་འདུག བྲག་བརྐོས་རི་མོ་དེ་ཚོའི་ཞིབ་ཆར་བལྟས་ན། དུས་སྐབས་དེར་བོད་ཀྱི་རི་མོ་འབྲི་བའི་ཆུ་ཚད་ངེས་ཅན་ཞིག་ལ་སླེབས་འདུག ཡང་བོན་པོའི་བཤད་ཚུལ་ལྟར་ན། བོད་ཀྱི་རི་མོ་འབྲི་བཞེང་གི་བྱུང་འཕེལ་ལ་ལོ་ངོ་སུམ་སྟོང་བཞི་སྟོང་གི་ལོ་རྒྱུས་ཡོད་ས་རེད།

བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ། ཁོང་ལྷ་ཡི་གཟུགས་སུ་བཀོད་པའི་རི་མོ་ཡོད་པ་དང་། སྲོང་བཙན་སྐབས་སུ་མཐའ་འདུལ་ཡང་འདུལ་གྱིས་ལྷ་ཁང་ཁག་བཞེངས་སྐབས། བོད་དང་བལ་ཡུལ། རྒྱ་ནག་གསུམ་གྱི་ལག་རྩལ་མཉམ་འབྲེལ་ཐོག རྒྱ་གར་གྱི་མདོ་ཡི་ཐིག་རྩ་བཟོས་པ་སོགས་བྱུང་འདུག དུས་རབས་ ༡༣ ནང་ས་སྐྱ་པའི་སྐབས་སུ་བོད་རང་གི་རི་མོ་གསར་གཏོད་པ་བྱེའུ་སྒང་བ་ཞེས་པ་དེ་བྱུང་བ་རེད། ཁོང་གི་སྔོན་ལ་བོད་ཀྱི་རི་མོ་འབྲི་སྟངས་ལ་བཀའ་གདམ་པའི་ལུགས་དང་བལ་ཡུལ་གྱི་ལུགས་ཞེས་པ་སོགས་བྱུང་ཡོད་འདུག ཡར་སྟོད་བྱེའུ་སྒང་བའི་སྐབས་སུ་བྱེའུ་སྒང་བའི་བྲིས་ལུགས་ཞེས་པ་དེ་གསར་གཏོད་བྱུང་བ་རེད། དུས་རབས་ ༡༤ བ་ནས་བོད་ཀྱི་རི་མོ་དར་སྲོལ་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་པ་རེད།

དེ་ནས་སྨན་བླ་དོན་གྲུབ་ལགས་ཀྱིས་ཡར་སྟོད་བྱེའུ་སྒང་བའི་འབྲི་ལུགས་ལ་སྦྱངས་པ་མཐར་ཕྱིན་པ་བྱས་པ་དང་། དེའི་ཁར་ཁོ་རང་གི་གསར་རྩོམ་མཛད་དེ་སྨན་ཐང་ལུགས་ཞེས་པ་ཞིག་བྱུང་བ་དང་། མཁྱེན་བརྩེ་ཆེན་མོ་ཞུ་བ་ཞིག་གིས་མཁྱེན་ལུགས་གསར་གཏོད་མཛད་པ་རེད། སྨན་བླ་དོན་གྲུབ་དང་མཁྱེན་བརྩེ་ཆེན་པོ་གཉིས་ཀྱི་དགེ་རྒན་རྡོ་བ་བཀྲ་ཤིས་རྒྱལ་པོ་ཞུ་བ་དེ་རེད། དེའི་རྗེས་ཀྱི་དུས་རབས་ ༡༥ ནང་ལྷོ་ཁ་ཕྱོགས་ནས་ནམ་མཁའ་བཀྲ་ཤིས་ཞུ་བ་ཞིག་གིས་ཀརྨ་སྒར་བྲིས་ཞེས་པའི་འབྲི་སྲོལ་ཞིག་གསར་གཏོད་མཛད་འདུག དེ་ནི་གཙོ་བོ་རྒྱ་ནག་གི་ཚོས་གཞི་གཏོང་སྟངས་དང་རྒྱ་གར་གྱི་འབུར་རིས་བརྐོས་སྟངས་གཉིས་མཉམ་འབྲེལ་བྱས་པ་ཞིག་རེད། གོང་ཞུས་དེ་དག་ནི་བོད་ཀྱི་རི་མོ་འབྲི་སྲོལ་ཆེན་པོ་བཞི་བྱུང་ཞེས་པ་དེ་རེད། ཅེས་བརྗོད་བྱུང་།
ཁོང་བོད་ཀྱི་ཐང་བྲིས་སྒྱུ་རྩལ་རིག་གནས་ཀྱི་ལམ་དུ་ཞུགས་པའི་བརྒྱུད་རིམ་སྐོར་ལ་ཁོང་གིས། ང་རང་ལ་མཚོན་ན་ཆུང་དུས་ནས་རི་མོ་འབྲི་རྒྱུར་དགའ་བོ་ཡོད། ངའི་ཕ་རྒན་རི་མོ་མཁན་ལག་བདེ་ཞིག་ཡིན་འདུག ང་རང་ཆུང་དུས་ཁོང་གིས་མདུན་ཅོག་སོགས་ཀྱི་སྟེང་ལ་འབྲུག་དང་མེ་ཏོག་འབྲི་བཞིན་པ་མཐོང་བ་དང་། རི་མོ་དེ་ཚོ་ཧ་ཅང་ཡག་གི་བསམ་ནས་ངས་ཀྱང་རི་མོ་དེ་འདྲ་འབྲི་ཐུབ་ན་བསམ་པའི་རེ་སྨོན་སྐྱེས་མྱོང་། དེ་དུས་ཕལ་ཆེར་ ༡༩༨༦ ནས་ ༡༩༧༨ བར་རེད་ལ། སྐབས་དེར་ང་རང་ལོ་ ༡༠ ཡས་མས་ཤིག་ཡིན་འདུག བར་སྐབས་ཤིག་ལ་པཎ་ཆེན་རིན་པོ་ཆེ་མཆོག་གིས་མི་མང་ནང་ཚེ་ལྷ་རྣམ་གསུམ་དང་རྗེ་ཡབ་སྲས་གསུམ། ས་སྐྱ་གོང་མ་རྣམ་གསུམ། མར་མེ་དག་གསུམ། མཁན་སློབ་ཆོས་གསུམ། ཐུབ་པ་གཙོ་འཁོར་གསུམ་སོགས་ཀྱི་ཤོག་ཐང་མང་པོ་བཀྲམ་སོང་། ཤོག་ཐང་དེ་ཚོར་བལྟས་ནས་ངས་ལྷ་སྐུ་འདྲ་བོ་བྲིས་མྱོང་། དེ་ཚོའི་ནང་ནས་ཚེ་ལྷ་རྣམ་གསུམ་འབྲི་རྒྱུ་ཅུང་སླ་བོ་འདུག ང་སྒྱིས་ཚང་དགོན་དུ་ཡོད་དུས། རྒྱ་ནག་གི་བཟོ་བ་ཚོས་དགོན་པའི་ཁྱམས་ཁར་འཐེན་པའི་རས་དེའི་སྟེང་ལ་དྲ་བ་དྲ་ཤལ་སོགས་འབྲི་བཞིན་པ་དེར་བལྟས་ནས་དེ་ལ་ལད་མོ་བྱས་ཏེ་རི་མོ་བྲིས་མྱོང་། སྒྱིས་ཚང་དགོན་པ་གསར་བཞེངས་སྐབས། རྒྱ་རིགས་ཤིང་བཟོ་བ་མང་པོ་ཡོང་ནས་ཤིང་ལ་ཐིག་བརྒྱབ་ནས་ཤིང་བརྐོས་རི་མོ་རྐོ་བཞིན་འདུག་པས། ང་ཁོ་ཚོའི་གམ་དུ་ཕྱིན་ནས་ཁོ་ཚོར་ལད་བཟློས་བྱས་ཏེ་རི་མོ་བྲིས་མྱོང་། རྒྱ་རིགས་དེ་ཚོས་ང་ལ་སྐད་ཆ་མང་པོ་ཞིག་བཤད་ཀྱི་འདུག་མོད། ངས་རྒྱ་སྐད་མི་གོ་བས། ཁོ་ཚོས་ག་རེ་བཤད་པ་གོ་མ་སོང་། ཡང་སྐབས་རེར་དགོན་པའི་ནང་རྩེད་མོ་རྩེ་སྐབས། རྡོ་དང་རྡེའུ་སྒྲིག་ནས་དགོན་པ་ཡིན་ཁུལ་གྱིས་རྡོ་ཡི་ཐོག་ལ་ལྷ་སྐུ་འདྲ་བོ་བྲིས་ཏེ་རྩེད་མོ་རྩེ་བ་སོགས། ང་རང་ཆུང་དུས་ནས་རི་མོ་འབྲི་རྒྱུར་དགའ་བའི་བག་ཆགས་དང་བརྒྱུད་རིམ་འདྲ་བོ་དེ་འདྲ་ཞིག་ནས་ཡོང་བ་རེད་སྙམ། གང་ལྟར་སོ་སོའི་དགའ་ཕྱོགས་ལ་བརྟེན་ནས་བོད་ཀྱི་ཐང་བྲིས་སྒྱུ་རྩལ་རིག་གནས་ཀྱི་ལམ་དུ་ཞུགས་པ་ཡིན།

ཕྱི་ལོ་ ༡༩༩༨ ལོར་བོད་ནས་རྒྱ་གར་ལ་ཡོང་སྟེ་རི་མོ་སྦྱོང་བའི་གོ་སྐབས་ཤིག་རག་ན་བསམ་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ལྷ་བྲིས་བཟོ་གྲྭའི་ནང་གཏོང་རོགས་ཞུས་ཀྱང་དཔེ་ཆར་ལྟ་དགོས་པའི་དབང་གིས་བཏང་མ་སོང་། ཕྱིས་སུ་དྷ་རམ་ས་ལར་ཡོང་ནས་དྷ་སྟེང་བོད་ཁྱིམ་གྱི་ཐང་བྲིས་འཛིན་གྲྭར་ལོ་ ༦ རིང་ཟུར་ཞུགས་བྱས་པ་ཡིན། ཐང་ག་འབྲི་བར་རང་མགོ་འཐོན་ཙམ་བྱུང་བའི་སྐབས་དེར། བོད་ཀྱི་དཔེ་མཛོད་ཁང་གི་ཐང་བྲིས་དགེ་རྒན་སངས་རྒྱས་ཡེ་ཤེས་ལགས་ཀྱི་མདུན་ནས་ལོ་ ༤ རིང་ཐིག་རྩ་དང་མཚོན་སྡེབ་སོགས་སྦྱངས་པ་ཡིན། ད་ལྟའི་བར་དུ་ངས་ཐང་ག་ཁྱོན་ ༦༠ ནས་ ༧༠ ཡས་མས་ཤིག་བྲིས་མོད། དྲང་མོར་བཤད་ན་ཡར་རྒྱས་ཀྱི་འདོད་པར་མཐའ་མེད་དུས། ད་ལྟའི་བར་དུ་ངས་བྲིས་པའི་ཐང་གའི་ཁྲོད་ནས་རང་ཉིད་ཀྱི་འདོད་པ་ཁེངས་པ་གཅིག་ཀྱང་མ་བྱུང་། ང་རང་གི་ཞན་ཆ་གཙོ་བོ་དེ་ལྷ་སྐུའི་ཆེ་ཆུང་གི་འཆར་འགོད་དང་མཚོན་སྣ་སྡེབ་སྟངས་ཡིན་པར་འདོད། ངས་བྲིས་པའི་ཐང་ག་མང་ཤོས་ཚེ་ལྷ་རྣམ་གསུམ་དང་རིག་གསུམ་མགོན་པོ་སོགས་འདོད་ལྷའི་རིགས་ཡིན།

བོད་ཀྱི་ཐང་བྲིས་སྒྱུ་རྩལ་རིག་གནས་ཀྱི་ལམ་དུ་ཞུགས་པའི་བརྒྱུད་རིམ་ཁྲོད་དུ་ངས་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་རིག་གནས་ཆེད་སྦྱོང་བྱེད་མ་ཐུབ་པ་དང་། དེ་ལ་སློབ་གཉེར་བྱེད་པར་འགྲོ་གྲོན་གཏོང་མ་ཐུབ་པའི་དཀའ་ངལ་ཕྲད་སོང་། དྷ་སྟེང་བོད་ཀྱི་ཐང་བྲིས་འཛིན་གྲྭར་ཟུར་ཞུགས་བྱས་སྐབས་ཉིན་ཕྱེད་ལ་འཛིན་གྲྭར་སོང་བ་དང་ཉིན་ཕྱེད་ལ་ལས་ཀར་ཞུགས་པ་ཡིན། འཚོ་བའི་དཀའ་ཁག་གི་དབང་གིས་དུས་ཡུན་རིང་བོར་སྦྱོང་མ་ཐུབ། སྤྱིར་བཏང་བོད་ཀྱི་ཐང་བྲིས་ནི་མི་སྒེར་དང་སྤྱི་ཚོགས་གཉིས་ཀར་ཕན་པའི་སྒྱུ་རྩལ་རིག་གནས་ཤིག་རེད་འདོད་དེ། དཔེར་ན། ངས་བོད་ཀྱི་ཐང་བྲིས་ཁང་འདི་འདྲ་ཞིག་བཙུགས་པ་དེས་ཕྱོགས་གཅིག་ནས་རང་ཉིད་ཀྱི་འཚོ་བ་ཐག་གཅོད་ཐུབ་པ་བྱུང་བ་དང་། ཕྱོགས་གཞན་ཞིག་ནས་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་ཁང་གི་ལྷ་བྲིས་པ་ཚོའི་མི་ཚེའི་མདུན་ལམ་དང་ཐང་བྲིས་ལག་རྩལ་ཡར་རྒྱས་གཏོང་ཐུབ་པ་བྱུང་བ་མ་ཟད། བོད་ཀྱི་སྲོལ་རྒྱུན་ཐང་བྲིས་ནང་ལྷ་ཡི་དམ་སོགས་མང་པོ་ཡོད་དུས། དེས་མི་མང་ལའང་ཕན་ཐོགས་ཡོད་པ་རེད་བསམ་གྱི་འདུག ཅེས་ཟེར།

ཡང་ཁོང་གིས་བོད་ཀྱི་ཐང་ག་འབྲི་བཞེང་གི་སྒྱུ་རྩལ་འཕེལ་འགྲིབ་སྐོར་ལ། བར་སྐབས་ཤིག་ནས་བོད་ཕྱི་ནང་གཉིས་སུ་བོད་ཀྱི་ཐང་ག་འབྲི་བཞེང་དར་ཁྱབ་ཆེན་པོ་བྱུང་ནའང་། བཙན་བྱོལ་ནང་ཐང་ག་འབྲི་བཞེང་གི་སྒྱུ་རྩལ་ཉམས་འགྲོ་བཞིན་འདུག དེ་ནི་བཙན་བྱོལ་ནང་གི་གཞོན་སྐྱེས་མང་པོ་ཞིག་འཛམ་གླིང་ཡུལ་ཕྱོགས་གང་སར་འཐོར་ནས་ཇེ་ཉུང་དུ་ཕྱིན་ཏེ། བོད་ཀྱི་ཐང་བྲིས་སྒྱུ་རྩལ་རིག་གནས་ལ་འཇུག་མཁན་ཧ་ཅང་ཉུང་ཉུང་རེད། མི་འབོར་གྱི་ཆ་ནས་མི་གྲངས་མང་ཤོས་བོད་ན་ཡོད་སྟབས། བོད་ནང་དུ་བོད་ཀྱི་ཐང་བྲིས་སྒྱུ་རྩལ་རིག་གནས་དར་ཁྱབ་ཆེན་པོ་ཆགས་འདུག རྩ་བའི་ཐང་ག་འབྲི་བཞེང་གི་རྟེན་དང་འགྲོ་གྲོན་ལ་བསམ་བློ་གཏོང་དགོས་ཀྱང་། ད་ལྟའི་བོད་ཀྱི་ཐང་བྲིས་མང་པོ་ཞིག་གི་རྒྱུ་སྤུས་དང་ཐིག་རྩ། ལྷ་ཡི་ངོ་རྟགས་སོགས་བོད་ཀྱི་སྒྱུ་རྩལ་རིག་གནས་ཀྱི་ཆ་དེ་གཙོ་བོར་མ་བཟུང་བར་མཛེས་ཆ་ཁོ་ན་གཙོ་བོར་འཛིན་པའམ། ཡང་ཁ་ཤས་ཀྱིས་ཐིག་རྩ་གཙོ་བོ་རེད་ཅེས་མཛེས་ཆ་ཕར་བར་འཇོག་པ་སོགས། བོད་ཀྱི་ཐང་བྲིས་ཀྱི་ཐིག་རྩ་དང་མཛེས་ཆ་གཉིས་མཉམ་འབྲེལ་ཐུབ་ཀྱི་མེད་པ་དེ་ནི་ད་ལྟའི་བོད་ཀྱི་ཐང་བྲིས་སྒྱུ་རྩལ་གྱི་ཞན་ཆ་ཞིག་ཏུ་མཐོང་གི་འདུག སྤྱིར་བཏང་བོད་ཀྱི་ཐང་བྲིས་སྒྱུ་རྩལ་རིག་གནས་ཀྱི་གཞུང་ལུགས་ནང་། མཛེས་ཆ་ཡག་པོ་མ་འཁྱོངས་པར་ཐིག་རྩ་འཕགས་པས་ཅི་བྱ་ཞེས་ཐིག་རྩ་དང་མཛེས་ཆ་གཉིས་ནི་གཅིག་ཕན་གཅིག་གྲོགས་ཀྱིས་འགྲོ་ཐུབ་ན་ད་གཟོད་ཐང་ག་དེ་གསོན་ཉམས་དོད་པོ་ཡོང་བ་བཤད་ཡོད་པ་རེད། ཐང་བྲིས་སྒྱུ་རྩལ་རིག་གནས་ནི་ལག་པ་བདེ་བ་ཙམ་གྱིས་འབྲི་ཆོག་ཆོག་ཅིག་ཡོད་པ་མ་རེད། ཐང་བྲིས་ནི་སྲོལ་རྒྱུན་གྱི་རི་མོ་ཞིག་ཡིན་པའི་ཆ་ནས། དེ་དགེ་རྒན་གྱི་མདུན་ནས་མན་ངག་ཐིག་རྩ་དང་གཞུང་ལུགས་ལ་སློབ་གཉེར་བྱེད་དགོས་པ་མ་ཟད། དེ་ལ་གཟུངས་གཞུག་དང་བྱིན་རླབས་འཇུག་དགོས་པ་སོགས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རིག་གནས་ཤིག་ཡིན་སྟབས། ཐང་ག་འབྲི་མཁན་ཞིག་ལ་ཐང་བྲིས་སྒྱུ་རྩལ་རིག་གནས་ཀྱི་འགན་འཁྲི་ཆེན་པོ་ཡོད་པ་མ་ཟད། ལྷ་རྒྱུད་སྡེ་གོང་འོག་སོགས་འབྲི་སྐབས། ལྷ་དེ་དག་གི་ངོ་རྟགས་དང་མཐུན་པའི་རིག་གནས་ཀྱི་ཆུ་ཚད་ངེས་ཅན་ཞིག་མེད་པའམ། ལྷ་བྲིས་གཞུང་ལུགས་དང་། ལྷའི་ངོ་རྟགས་དང་སྒྲུབ་ཐབས་སོགས་མ་ཤེས་ཚེ། ཐང་ག་འབྲི་ཐུབ་ཀྱི་ཁག་པོ་རེད། དེར་བརྟེན། བོད་ཀྱི་ཐང་བྲིས་ལ་སྒྱུ་རྩལ་རིག་གནས་ཀྱི་ཆུ་ཚད་ཡག་པོ་དགོས་ཀྱི་འདུག ཅེས་བརྗོད་བྱུང་།

ལྷ་བྲིས་པ་སྐལ་བཟང་དམ་ཆོས་ལགས་ནི་ལོ་ན་ཆུང་དུས་ཕ་མ་དང་དགོན་པ་སོགས་བོད་ཀྱི་རི་མོ་དང་ཐང་ག་འབྲི་བའི་ཁོར་ཡུག་ཅིག་ནས་འཚར་ལོངས་བྱུང་ཞིང་། ཁོར་ཡུག་དེའི་བག་ཆགས་ཁྲོད་ཆུང་བྱིས་པའི་དུས་ནས་རི་མོ་འབྲི་རྒྱུར་ཧ་ཅང་དགའ་བོ་ཡོད་མཁན་ཞིག་ཏུ་གྱུར། ཕྱིས་སུ་རྒྱ་གར་ནང་སླེབས་རྗེས། ཁོས་བཙན་བྱོལ་གྱི་འཚོ་བའི་དཀའ་སྡུག་གི་གཡུལ་ས་ནས་རང་ཉིད་ཀྱི་ཕུགས་འདུན་དང་དགའ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལྷ་བྲིས་འཛིན་གྲྭར་ཟུར་ཞུགས་དང་རང་སྦྱོང་ལ་བརྟེན་ནས་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་རིག་གནས་ལ་སློབ་གཉེར་བྱས་པ་དང་། ད་ལྟ་ཁོས་བཞུགས་སྒར་དྷ་རམ་ས་ལར་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་ཁང་ཞེས་པ་ཞིག་དང་། སྐལ་བཟང་བོད་ཀྱི་ཐང་བྲིས་སྒྱུ་རྩལ་འགྲེམ་ཚོང་ཁང་ཞེས་པ་གཉིས་བཙུགས་ཡོད་པ་དང་། མ་འོངས་པར་སྐལ་བཟང་བོད་ཀྱི་ཐང་བྲིས་སྒྱུ་རྩལ་འགྲེམ་ཚོང་ཁང་དེ་བོད་ཀྱི་ཐང་བྲིས་སྒྱུ་རྩལ་རིག་གནས་འགྲེམས་སྟོན་ཁང་ཞིག་ཏུ་འཕེལ་རྒྱས་བཏང་སྟེ། ལོ་རྒྱུས་རང་བཞིན་ལྡན་པའི་གནའ་དེང་གི་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་རིག་གནས་མི་ཉམས་རྒྱུན་འཛིན་དང་དར་ཁྱབ་གཏོང་ཐབས་སུ་འབད་བརྩོན་བྱེད་ཀྱིན་འདུག་ལ། ཁོང་གིས་མི་འགྱང་བར་རྒྱལ་ས་ལྡི་ལིའི་བསམ་ཡས་གླིང་བོད་མིའི་གཞིས་གྲོང་དུ་ལྡི་ལི་བོད་ཀྱི་སྐལ་བཟང་ཐང་བྲིས་སྒྱུ་རྩལ་འགྲེམ་སྤེལ་ཁང་ཞེས་པ་ཞིག་ཀྱང་གསར་འཛུགས་གནང་འཆར་ཡོད་འདུག ད་ལྟའི་ཆར་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་ཁང་དུ་གཞོན་སྐྱེས་ལྷ་བྲིས་པ་ ༣༧ ཡོད་པ་དང་། ལྷ་བྲིས་པ་དེ་ཚོར་སོ་སོའི་ལྷ་བྲིས་སྒྱུ་རྩལ་གྱི་ལག་རྩལ་ལ་དཔག་པའི་གླ་ཕོགས་སྤྲོད་ཀྱི་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༩/༠༢

Leave a Reply

5 thoughts on “ཐང་བྲིས་སྒྱུ་རྩལ་གྱི་ཐིག་རྩ་དང་མཛེས་ཆ་གཉིས་མཉམ་འབྲེལ་མ་ཐུབ་པ་ནི་ཞན་ཆ་ཞིག་རེད།

  1. དོན་གྲུབ་བཟང་པོ།

    རྒྱལ་པ་ཀརྨ་པ་མཆོག་གིས་བཀའ་སློབ་གནང་དོན།
    དེང་སང་ཐང་ག་གང་བྱུང་མ་བྱུང་འབྲི་མཁན་དེ་འདྲ་ཡོང་གི་འདུག དཀྱིལ་འཁོར་ཡིན་པའི་ཟོལ་གྱིས་དེ་འདྲའི་སྟེང་བོད་ཡིག་འདྲ་མི་འདྲ་ཞིག་བྲིས། ཡིན་པ་སྔགས་ཡིན་མདོག་མདོག་རེད། ཡིན་ན་ཡང་ཕྱི་རྒྱལ་དེ་ཚོས་བོད་ཡིག་ཀློག་ཤེས་ཀྱི་མེད་སྟབས་སྣང་བ་གང་ཤར་འདྲ་པོ་ཞིག་བྲིས། རི་མོའི་སྟེང་བྲིས་བཞག་པ་དེ་ཚོ་ལྷ་ཡིན་པ་འདྲ་པོ། འདྲེ་ཡིན་པ་འདྲ་པོ། གང་ལྟར་ཚོང་གི་ཆེད་དུ་འདྲ་མི་འདྲ་བྲིས་ཏེ་བོད་ཀྱི་ཐང་ག་ཡིན་ཁུལ་གྱིས་བཙོང་གི་ཡོད་པ་དེ་དག་བློ་ཕམ་འབྱུང་ཡུལ་རང་རེད་འདུག དཔེར་ན་ང་འདྲ་པོ་ཞིག་ཐང་ག་དེ་དག་ཉོ་མཁན་ཞིག་ཡིན་པ་ཆ་བཞག་ན། ཐང་ག་དེ་ཚོ་ཡར་མཆོད་བཤམས་ནང་སྒྲིག་དགོས་ཡོད་དང་མར་གད་སྙིགས་ནང་གཡུགས་དགོས་ཡོད་ཁྱོན་ནས་ཧ་གོ་ཡ་མི་འདུག སྤྱིར་རི་མོ་མཁན་སོ་སོའི་རྣམ་དཔྱོད་དང་སྒྱུ་རྩལ་ལ་བརྟེན་ནས་རི་མོ་གསར་གཏོད་བྱ་རྒྱུ་དེ་གལ་ཆེན་པོ་རེད། བོད་ཀྱི་རི་མོ་ལབ་དུས་ཆོས་ཕྱོགས་དང་འབྲེལ་བའི་ལྷ་སྐུ་ཐང་ག་རྐྱང་ཡིན་དགོས་མ་རེད། མང་ཚོགས་ཀྱི་འཚོ་བ་དང་འབྲེལ་ཏེ་བརྩམས་ཆོས་གསར་པ་གསར་གཏོད་བྱ་རྒྱུ་དེ་གལ་ཆེན་པོ་རེད་དྲན་བསྡད་ཡོད། ཡིན་ན་ཡང་། ཆོས་ལུགས་ཀྱི་བརྩམས་བྱ་ཞིག་འབྲི་སྐབས་ལུགས་དང་མཐུན་པ་ཞིག་འབྲི་དགོས་རེད་མ་གཏོགས་གང་བྱུང་མ་བྱུང་བྲིས་ན་འགྲིག་གི་ཡོད་པ་མ་རེད།