ཨོ་བྷ་མས་ཊི་རུམ་ཕིར་སྙིང་གཏམ་ལག་བྲིས་མ་ཞིག་བཞག

ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་གིས་ཕོ་བྲང་དཀར་པོ་ནས་གྱེས་ཁར་སྲིད་འཛིན་ཊི་རུམ་ཕི་མཆོག་ལ་དོན་ཚན་ ༤ ཅན་གྱི་ཡི་གེ་ལག་བྲིས་པ་མ་ཞིག་བཞག་པ་ཕྱིར་གྱར་བ་རེད།
སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་གི་སྲིད་འཛིན་ལས་ཡུན་རྫོགས་ཏེ་ཕོ་བྲང་དཀར་པོ་ནས་གྱེས་སྐབས། སྲིད་འཛིན་ཊི་རུམ་ཕི་མཆོག་ལ་སྲིད་འཛིན་གྱི་ལས་ཁུངས་ཨོ་ཝེལ་(Oval)ནང་སྐུ་ཞབས་སྲིད་འཛིན་(Mr President)ལགས་ཞེས་བྲིས་པའི་ཡི་གེ་ལག་བྲིས་མ་ཞིག་ཡིག་སྐོགས་ཤིག་གི་ནང་བཅུག་སྟེ་བཞག་ཡོད་འདུག
ཉེ་འཆར་ཡི་གེ་དེའི་ངོ་བཤུས་ཤིག་སི་ཨེན་ཨེན་གསར་ཁང་ལ་རག་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༣ ཉིན་སི་ཨེན་ཨེན་གསར་ཁང་གི་དྲྭ་རྒྱའི་ཐོག་སྤེལ་ཡོད་པ་རེད། ཡི་གེ་དེ་ནི་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་སྲིད་འཛིན་ཊི་རུམ་ཕི་གཉིས་བར་གྱི་འབྲེལ་བ་མཐའ་མ་དེ་ཆགས་ཡོད་འདུག
སྲིད་འཛིན་ཊི་རུམ་ཕི་མཆོག་ལ་བཞག་པའི་ཡི་གེའི་ནང་དུ། བརྩེ་བའི་སྐུ་ཞབས་སྲིད་འཛིན་ལགས།
འཛིན་སྐྱོང་ལེགས་པོ་ཡོང་ཐུབ་པའི་འཚམས་འདྲི་ཡོད། མི་མང་ས་ཡ་མང་པོས་ཁྱོད་ལ་རེ་ལྟོས་བྱེད་ཀྱི་ཡོད་ལ། ང་ཚོ་ཆབ་སྲིད་ཀྱི་ཚོགས་པ་གང་ཞིག་གི་ཁོངས་སུ་གཏོགས་ཀྱང་། ཁྱོད་ཀྱི་སྲིད་འཛིན་གྱི་ལས་ཡུན་རིང་རྒྱལ་ཁབ་ཀྱི་དཔལ་འབྱོར་དར་ཞིང་ཕུན་སུམ་ཚོགས་པ་དང་བདེ་འཇགས་ཡོང་བར་རེ་བ་རྒྱག་གི་ཡོད་ལ་བརྒྱག་ཀྱང་འོས་པ་ཞིག་ཡིན།
འདི་ནི་ལས་ཁུངས་(ཨ་རིའི་སྲིད་འཛིན་གྱི་ལས་ཁུངས་)ཐུན་མོང་མིན་པ་ཞིག་རེད། བྱས་རྗེས་འཇོག་སྟངས་ལ་སྒྲོམ་གཞི་འདི་ཡིན་ཞེས་པ་ཞིག་མེད་སྟབས། ངས་ཁྱོད་ལ་དེ་ལྟར་བྱེད་དགོས་ཞེས་ལམ་སྟོན་བྱས་ན་དོན་དངོས་སུ་ཕན་ཐོགས་ཐུབ་མིན་མི་ཤེས། འོན་ཀྱང་། ངས་ཁྱོད་ལ་འདས་པའི་ལོ་ངོ་བརྒྱད་ཀྱི་ཉམས་མྱོང་ཁྲོད་ནས་ཁ་ཤས་ཤིགཞུ་རྒྱུ་ཡིན།
ཐོག་མར་ངས་བཤད་འདོད་པ་ནི། ངེད་གཉིས་ལ་དཀོན་མཆོག་གིས་གཟིགས་སྟངས་མ་འདྲ་ནའང་། གང་ལྟར་ཁོང་གིས་ངེད་གཉིས་ལ་རྗེས་སུ་འཛིན་གནང་གི་ཡོད་སྟབས་བསོད་ནམས་ཆེན་པོ་རེད། མི་ཡོད་ཚད་ལ་དེ་འདྲའི་བསོད་ནམས་ཡོད་པ་མ་རེད། དེར་བརྟེན། ཕྲུ་གུ་དང་ཁྱིམ་ཚང་སུ་འདྲ་ཞིག་གིས་དཀའ་སྤྱད་ཁུར་དུ་ལེན་འདོད་ན། ཁོང་ཚོར་གང་ཐུབ་ཅི་ནུས་ཀྱིས་འབད་བརྩོན་བྱས་ཏེ་རྒྱལ་ཁའི་སྐེས་འཛེགས་འཛུགས་སྐྲུན་མང་དུ་གཏོང་དགོས་པ་ནི་ང་ཚོའི་ཐོག་ཏུ་བབས་པའི་ལས་འགན་ཞིག་རེད།
གཉིས་པ། འཛམ་གླིང་འདིར་ཨ་རིའི་མགོ་ཁྲིད་ནི་མེད་དུ་མི་རུང་བ་ཞིག་ཆགས་བསྡད་ཡོད། གྲང་དམག་མཇུག་བསྒྲིལ་རྗེས་རྒྱལ་སྤྱིའི་ནང་ཨ་རིའི་ཤུགས་རྐྱེན་ཁྱབ་དང་ཁྱབ་བཞིན་ཡོད་པ་དེ། ང་ཚོའི་དཔལ་འབྱོར་དང་བདེ་འཇགས་ལ་རག་ལུས་ཡོད་སྟབས། དེ་དག་མུ་མཐུད་དུ་བརྟན་པོར་གནས་ཐུབ་དང་མ་ཐུབ་ནི། ང་ཚོས་མིག་དཔེ་ག་འདྲ་བསྟན་པའམ། ཡང་ན་དངོས་སུ་ལག་ལེན་ཇི་ལྟར་བསྟར་ཐུབ་མིན་ལ་རག་ལུས་ཡོད་པ་རེད།
གསུམ་པ། ང་ཚོ་ནི་ལས་ཁུངས་འདིའི་གནས་སྐབས་སྟངས་འཛིན་བྱེད་མཁན་ཞིག་ཡིན་པ་དང་། དམངས་གཙོའི་ལམ་ལུགས་དང་ཡུལ་སྲོལ་གོམས་གཤིས་བཅས་ལ་སྲུང་སྐྱོབ་བྱེད་པར་བསྐོ་བཞག་བྱས་པ་ཞིག་སྟེ། ང་ཚོ་ནི་སྒྲིག་ཁྲིམས་དང་། དབང་ཆ་སྤྱི་སྙོམ། སྲུང་སྐྱོབ་གཅིག་མཚུངས། དེ་བཞིན་མི་མང་གི་རང་དབང་དེ་དག་སྲུང་སྐྱོབ་བྱེད་མཁན་རེད། དེ་ནི་ང་ཚོའི་མེས་པོ་གོང་མ་ཚོས་འཐབ་རྩོད་དྲག་པོ་དང་ཤ་ཁྲག་གི་སྦྱིན་པ་བཏང་ནས་ཐོབ་པ་ཞིག་ཡིན། ཆབ་སྲིད་ཀྱི་ནང་ཉིན་ལྟར་ཕན་ཚུན་འབུད་རྒྱག་དང་འཐེན་རེས་བྱེད་པ་མཐོང་རྒྱུ་ཡོད་པ་ཞིག་ཡིན་སྟབས། ང་ཚོས་དམངས་གཙོའི་ཁྱད་ཆོས་དེ་དག་ཡར་རྒྱས་གཏང་མ་ཐུབ་ཀྱང་སྔར་ཡོད་ཁྱད་ཆོས་དེ་ཚོ་ཉམས་རྒུད་དུ་འགྲོ་བཅུག་རྒྱུ་མེད།
མཇུག་མཐར་བཤད་འདོད་པ་ནི། རང་འབབ་ལས་འགན་དང་ལས་ཀའི་འདུ་འཛིའི་ཁྲོད་ནས་རང་གི་གྲོགས་པོ་དང་ཁྱིམ་ཚང་གི་ཆེད་དུ་དུས་ཚོད་འདོན་དགོས། ཁྱོད་ལ་ལྡོག་ཏུ་མེད་པའི་དཀའ་ངལ་ཆེན་པོ་འཕྲད་སྐབས་ཁོང་ཚོས་ནམ་ཡང་ཁྱོད་རང་བློས་གཏོང་བྱེད་ཀྱི་མ་རེད།
ང་དང་མཱི་ཤེལ་(Michelle)ངོས་ནས་ཁྱོད་དང་མཱི་ལ་ནི་ཡ་(Melania)གཉིས་ལ་ཉམས་མྱོང་ཆེ་བའི་འགྲུལ་བཞུད་ཀྱི་ཁ་ཕྱོགས་སྒྱུར་བཞིན་པ་དེར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་བ་དང་ཆབས་ཅིག ང་ཚོའི་ངོས་ནས་ཁྱོད་གཉིས་ལ་ཕྱོགས་གང་གི་ཐད་ནས་ཀྱང་རོགས་པ་བྱེད་ཐུབ་ཀྱི་ཡོད་ན། རོགས་རམ་བྱ་རྒྱུའི་གྲ་སྒྲིག་ཡོད།
བྱ་བ་ལམ་འགྲོ་ཡོང་བ་ཤོག ཅེས་བྲིས་ཡོད་འདུག
སྤྱིར་བཏང་ཨ་རིའི་སྲིད་འཛིན་རིམ་ཕེབས་ནང་སྲིད་འཛིན་གསར་རྙིང་འཕོ་འགྱུར་བྱུང་རྗེས། སྲིད་འཛིན་ལས་ཁུངས་ནང་མཐའ་མའི་སྙིང་གཏམ་གྱི་ཚུལ་དུ་སྲིད་འཛིན་རྙིང་པས་སྲིད་འཛིན་གསར་པར་ཡི་གེ་འཇོག་སྲོལ་ཡོད་པ་ལྟར། སྲིད་འཛིན་ཟུར་པ་བྷུ་ཞི་མཆོག་ནས་ཀྱང་ཨོ་བྷ་མ་མཆོག་ལ་ཡི་གེ་བཞག་གནང་ཡོད་འདུག
 
གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༩/༠༥

Leave a Reply

One thought on “ཨོ་བྷ་མས་ཊི་རུམ་ཕིར་སྙིང་གཏམ་ལག་བྲིས་མ་ཞིག་བཞག

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    འཛམ་གླིང་རྒྱལ་ཁབ་ཡར་འཐོན་ཚོའི་ནང་འཛིན་སྐྱོང་སྡེ་ཚན་དང་ཁྲིམས་བཟོ་སྡེ་ཚན་ཁྲིམས་ལུགས་དབང་འཛིན་སྡེ་ཚན་བཅས་ཀྱི་མི་བརྗེ་ལེན་འཕོ་འགྱུར་སྐབས་རྒྱུས་ཡོད་རྒྱུས་མེད་བར་ལ་ཉམས་མྱོང་བརྗེ་རེས་བྱེད་པ་དེ་ཡོངས་གྲགས་ཡིན་པ་ལས་ཧང་སང་རྒྱུའི་གནད་དོན་གལ་ཆེན་ཡིན་པར་ངོས་འཛིན་ཞུ་ཐུབ་སོང་།