མཚོ་རླུང་གིས་གླིང་ཕྲན་ཞིག་ཆུས་ཁེངས།

ཁ་རི་པིན་རྒྱལ་ཁབ་ནང་མཚོ་རླུང་གིས་གནོད་སྐྱོན་ཆེན་པོ་ཐེབས་ཏེ་གླིང་ཕྲན་གཅིག་ཆུས་ཁེངས་ཡོད་འདུག

ཁ་སང་ཨ་རིའི་ཉེ་འཁོར་ཞིག་ཏུ་ཡོད་པའི་ཁ་རི་པིན་(Caribbean)ཟེར་བའི་རྒྱལ་ཁབ་ནང་དུ། ཨར་མཱ་(Irma)ཞེས་པའི་མཚོ་རླུང་ཚད་རིམ་ ༡༨༥ ཅན་ཞིག་བརྒྱབ་སྟེ། མི་བཞི་རྐྱེན་ལམ་དུ་ཤོར་བ་མ་ཟད། རྒྱལ་ཁབ་དེའི་བྷར་བྷོ་དྷ་(Barbuda)ཞེས་པའི་གླིང་ཕྲན་ཆུང་ཆུང་ཞིག་མཚོ་ནང་དུ་ནུབ་ཡོད་འདུག

དེ་རིང་ཡུལ་དེའི་སྲིད་བློན་གྷ་སི་ཊོན་བྷི་རོན་(Gaston Browne)ལགས་ཀྱིས། ས་གནས་ཀྱི་(ABS )རྒྱང་སྒྲོག་བརྙན་འཕྲིན་ཁང་བརྒྱུད་ནས་བསྒྲགས་པ་ལྟར་ན། ཐེངས་འདིའི་མཚོ་རླུང་གི་གནོད་སྐྱོན་ཁྲོད་རྒྱལ་ཁབ་དེའི་ཤར་ཁུལ་མི་འབོར་གྱི་བརྒྱ་ཆ་ ༦༠ སྟེ་མི་གྲངས་ ༡༨༠༠ ཁྱིམ་མེད་དུ་གྱུར་ཡོད་འདུག་ལ། ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ཡུལ་དེའི་ཁང་རྩེག་བརྒྱ་ཆ་ ༩༥ ལ་གཏོར་སྐྱོན་ཐེབས་ཡོད་སྐོར་བརྗོད་འདུག

ཁ་རི་པིན་རྒྱལ་ཁབ་ནི་ཨན་ཊི་གྷོ་དང་བྷར་བྷོ་དྷ་གླིང་ཕྲན་གཉིས་ཀྱིས་གྲུབ་ཡོད་པ་དང་། ཐེངས་འདིའི་མཚོ་རླུང་གི་གནོད་སྐྱོན་ཁྲོད་ཆུས་ཁེངས་བའི་གླིང་ཕྲན་བྷར་བྷོ་དྷ་གླིང་ཕྲན་ནང་ཕྱི་ལོ་ ༢༠༡༡ ལོའི་མི་འབོར་བསྡོམས་རྩིས་ལྟར་ན། མི་གྲངས་ ༡༦༠༠ ལྷག་གནས་སྡོད་བྱེད་ཀྱི་ཡོད་ཀྱང་། ཉེ་སྔོན་མཚོ་རླུང་གི་ཉེན་ཁ་ཡོད་པའི་སྔོན་བརྡ་འབྱོར་བ་ལྟར་མི་མང་པོ་ས་གནས་གཞན་དུ་གནས་སྤོར་བྱེད་ཐུབ་ཡོད་འདུག

མཚོ་རླུང་དེ་ནི་དུས་རབས་གཅིག་གི་རིང་ལ་བྱུང་མ་མྱོང་བའི་ཨེཊ་ལཱན་ཊིག་རྒྱ་མཚོའི་ཤུགས་ཚད་ཆེས་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། མཚོ་རླུང་དེ་བདུན་ཕྲག་སྔོན་མའི་གཟའ་སྤེན་པ་དང་ཉི་མར་ཨ་རིའི་ཧྥི་ལོ་རཱ་ཊི་མངའ་སྡེར་སླེབས་ཡོད་འདུག

མཚོ་རླུང་གཞན་གཉིས་ཁ་སང་གཟའ་ལྷག་པའི་ཉིན་འཁོར་ནས་ཨེཊ་ལཱན་ཊིག་རྒྱ་མཚོ་ནས་ཁྱབ་ཚད་ཀི་ལོ་མི་ཊིར་(1,610 km)ཏུ་བསླེབས་ནས་ཁ་རི་པིན་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་སུ་གནོད་སྐྱོན་ཆེན་པོ་བཟོས་ཡོད་འདུག

ད་ལྟ་གནོད་ཐེབས་ས་ཁུལ་དུ་ཉེ་འཁོར་རྒྱལ་ཁབ་ཨ་རི་དང་མཱག་སེ་ཁོ་སོགས་ནས་རོགས་སྐྱོར་བྱེད་བཞིན་ཡོད་ཀྱང་། མཚོ་རླུང་ད་དུང་འཇགས་མེད་པར་ཁ་ཕྱོགས་དང་ཤུགས་ཚད་འགྱུར་ནས་ཨ་རིའི་ཕྱོགས་སུ་སླེབ་ཉེན་ཡོད་སྐོར་བསྒྲགས་ཡོད་སྟབས། མཚོ་རླུང་སླེབ་ཉེན་ཡོད་པའི་ས་ཁུལ་གྱི་མི་གྲངས་ས་ཡ་ ༧ ལྷག་ས་གནས་གཞན་དུ་སྤོར་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༩/༠༧

Leave a Reply

2 thoughts on “མཚོ་རླུང་གིས་གླིང་ཕྲན་ཞིག་ཆུས་ཁེངས།

  1. @/༄༅། འདི་འདྲའི་མཚོ་རླུང་ཉེན་ཚབས་ཆེན་པོ་འདི་འདྲར་མཚན་རིག་པ་ཚོ་ནས་གང་ཡང་བྱེད་
    ཐུབ་ཀྱི་མེད་པ་ཡིན་ནམ། མས
    མ་འོངས་པའང་འབྱུང་བཞིའི་རྐྱེན་ངན་ཡོང་རྒྱུར་བརྟེན་ས་གནས་དེ་གའི་མི་རྣམས་མ་འོངས་པར་
    ས་གནས་གཞན་ཞིག་ཏུ་སྤོ་ཐུབ་ཀྱེ་མེད་པ་ཡིན་ནམ།

  2. ཚེ་རིང་དོན་གྲུབ།

    རྒྱ་མཚོའི་རླུང་འཁོར་ཕྱོགས་ནི་རང་བྱུང་ཁམས་ཀྱི་འགོྲ་སྟངས་ཞིག་ཡིན་མོད་ཀྱང་རང་བྱུང་གནོད་འཚེ་འགའ་ཞིག་ནི་མིས་ཁོ་ན་བཟོས་པ་ཤ་སྟག་ཡིན་པ་གང་ལ་གང་མཚམས་ཀྱིས་འོས་ཚོད་ཐུབ་པ་ཞིག་རེང་།