བོད་དོན་འཐབ་རྩོད་ནམ་ཡང་བློས་གཏོང་གི་མིན།

བོད་ཀྱི་བུད་མེད་ལྷན་ཚོགས་ནི་གཞིས་བྱེས་བོད་ཀྱི་བུད་མེད་རྣམས་ཀྱི་སྐུ་ཚབ་ཡིན་པས་བོད་དོན་འཐབ་རྩོད་ནམ་ཡང་བློས་གཏོང་གི་མིན་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། རྒྱ་གར་ནང་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱས་ཏེ་མི་ལོ་ ༣༣ འཁོར་བའི་དུས་དྲན་སྲུང་གཙི་བྱས་སོང་བ་དང་། སྐུ་མགྲོན་གཙོ་བོར་སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་གི་དབུས་པའི་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། བོད་མི་མང་སྤྱི་འཐུས་ཁག་ཅིག དྷ་ས་ས་གནས་འགོ་འཛིན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་མི་མང་བཅས་འཛོམས་འདུག

མཛོད་སྒོའི་ཐོག་མར་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་ཀྱིས། ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༡༠ ཉིན་རྒྱ་གར་ནང་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱས་ཏེ་འདས་པའི་ལོ་ངོ་བཅུ་ཕྲག་ཅིག་ནང་། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་བུད་མེད་ཀྱི་དགོས་དབང་བསྐྲུན་ཐབས་སུ་གལ་ཆེའི་མདུན་སྐྱོད་བྱས་ཡོད་ལ། ད་ཆར་བོད་ཀྱི་བུད་མེད་ལྷན་ཚོགས་ནི་སྤྱི་ཚོགས་ཆབ་སྲིད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གི་ངོ་བོར་གྱུར་ཡོད། བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་རིམ་པས་བཙན་བྱོལ་ནང་ཆབ་སྲིད་འཐབ་རྩོད་རྒྱུན་འཁྱོངས་ཀྱིས། བུད་མེད་ཚོར་སྤྱི་ཚོགས་ནང་འཕྲད་བཞིན་པའི་འགོག་རྐྱེན་དང་ཕོ་མོའི་ཁྱད་ཆོས་ཀྱི་གོ་རྟོགས་གནད་དོན་ངོ་སྤྲོད་བྱས་ཏེ། སྤྱིའི་ཆ་ནས་སྤྱི་ཚོགས་ཀྱི་རྨང་གཞི་སྲ་བརྟན་བཟོ་རྒྱུ་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་རིང་གི་དུས་དྲན་སྲུང་གཙིའི་ཐོག ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་སྒེར་ལངས་སྐབས་རྒྱ་དམར་གྱི་དྲག་གནོན་དམག་དཔུང་ལ་འཐབ་འཛིང་བྱས་ཏེ་གཅེས་སྲོག་འདོར་མཁན་ཚོར་རྗེས་དྲན་དང་གུས་འདུད་ཞུ་རྒྱུ་ཡིན། བོད་ཀྱི་བུད་མེད་རྣམས་ཀྱིས་རྒྱ་དམར་གྱི་དྲག་པོའི་དམག་དཔུང་ལ་འཐབ་རྩོད་བྱས་ཏེ་བོད་རང་དབང་འཐབ་རྩོད་ཀྱི་གལ་ཆེའི་ཆ་ཤས་བླངས་ཡོད། ཅེས་བརྗོད་སོང་།

ཡང་མོས། འདས་པའི་ལོ་ངོ་འདི་དག་རིང་བོད་ཀྱི་བུད་མེད་རྣམས་ཀྱི་བློས་གཏོང་སྙིང་སྟོབས་དེ་ང་ཚོའི་དྲན་ངོར་བསུབ་ཐབས་བྲལ་བ་ཞིག་ཆགས་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ནི་གཞིས་བྱེས་བོད་ཀྱི་བུད་མེད་རྣམས་ཀྱི་སྐུ་ཚབ་ཆགས་ཡོད་པའི་ཆ་ནས། བུད་མེད་ལྷན་ཚོགས་ཀྱིས་བོད་དོན་འཐབ་རྩོད་ནམ་ཡང་བློས་གཏོང་གི་མིན། ཆོལ་གསུམ་བུད་མེད་ཀྱི་ཆིག་སྒྲིལ་ལ་ཡིད་ཆེས་ཡོད་པའི་ཐོག སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་དབུ་ཁྲིད་འོག གཉིས་སྨན་དབུ་མའི་ལམ་ནས་བོད་རང་དབང་རྩོད་ལེན་ལ་འབད་བརྩོན་བྱེད་རྒྱུ་ཡིན། བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཡོང་སླད་བོད་ཀྱི་བུད་མེད་ཚོས་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་དང་ཤེས་ཡོན་སོགས་གལ་ཆེའི་བྱེད་སྒོ་ཁག་ནང་ཆ་ཤས་བླངས་ཡོད།

ཕྱི་ལོ་ ༢༠༠༥ ལོ་ནས་ད་ལྟའི་བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཤེས་ཡོན་ཅན་གྱི་བུད་མེད་ ༣༦༠ ཙམ་ལ་བུད་མེད་ཀྱི་འགན་འཁུར་སྣེ་འཁྲིད་སྐོར་གྱི་ཟབ་སྦྱོང་ཐེངས་ ༡༢ གོ་སྒྲིག་བྱས་པ་དང་། རྒྱ་གར་དང་བལ་ཡུལ་གཉིས་ནང་བཙུན་མ་ ༢༧༠ ཙམ་ལའང་ཟབ་སྦྱོང་གཅིག་མཚུངས་སྤྲད་པ་བརྒྱུད་བོད་ཀྱི་བཙུན་མ་རྣམས་ལ་མཐོང་རྒྱ་གསར་བ་ཞིག་བསྐྱེད་ཐུབ་ཡོད། དེ་བཞིན་བུད་མེད་ལྷན་ཚོགས་ཀྱི་སྦྱིན་བདག་སྡེ་ཚན་ནས་རྒྱ་གར་གཞིས་ཆགས་དང་འབྲུག་ནང་ཡོད་པའི་ཉམ་ཐག་ཁྱིམ་ཚང་ ༨༠ ཙམ་ལ་དཔལ་འབྱོར་གྱི་མཐུན་རྐྱེན་བསྐྲུན་བཞིན་ཡོད་ལ། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཟླ་བ་བཅོ་བརྒྱད་ཀྱི་དུས་ཡུན་རིང་བོད་ནས་ཕེབས་པའི་བུད་མེད་ ༨ དང་བཙན་བྱོལ་ནང་གི་ཉམ་ཐག་བུད་མེད་ ༢ གཉིས་བཅས་ཁྱོན་བུད་མེད་ ༡༠ ལ་བཙེམ་བཟོའི་སྦྱོང་བརྡར་སྤྲད་དེ་འཚོ་གནས་རང་རྐྱ་འཕེར་བ་བཟོས་པ་མ་ཟད། ད་ལྟའི་བར་བུད་མེད་ལྷན་ཚོགས་ཀྱི་བཙེམ་བཟོའི་ལས་གཞིའི་འོག བུད་མེད་ ༡༤༠ ཐོན་ཐུབ་པ་བྱུང་ཡོད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས། དེང་གི་གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་གནས་སྟངས་འོག བོད་ཙམ་མ་ཟད་འཛམ་གླིང་སྤྱི་ཡོངས་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ་དང་། བོད་ནང་དུ་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་འོག བོད་ཀྱི་འབྲོག་ཁུལ་ལ་འཕྲད་བཞིན་པའི་དཀའ་ངལ་དང་འགྲོ་མིའི་ཐོབ་ཐང་གི་གནས་སྟངས་བཅས་ལ་དོ་སྣང་བྱེད་ཀྱིན་ཡོད། བུད་མེད་ལྷན་ཚོགས་ནི་རྒྱལ་སྤྱིའི་ནང་སྤྱི་ཚོགས་ཞབས་ཞུ་དང་། བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་བར་གྱི་ཟམ་པ་ལྟ་བུ་ཆགས་ཡོད། ཅེས་སོགས་བརྗོད་སོང་།

སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་གིས། དྷ་སར་གནས་སྡོད་ཨ་ཅག་དབྱངས་ལགས་ཀྱིས་ཉིན་ལྟར་གླིང་སྐོར་གྱི་ཁོར་ཡུག་གཙང་བཟོ་གནང་བཞིན་པར་བསྔགས་བརྗོད་ཀྱི་གསོལ་རས་བསྩལ་རྗེས། ཁོང་གིས་བླང་དོར་གྱི་བཀའ་སློབ་གནང་དོན། ང་ཚོ་བཙན་བྱོལ་ནང་ཕེབས་ནས་བུད་མེད་ལྷན་ཚོགས་ཀྱིས་བོད་ཀྱི་བུད་མེད་རྣམས་རུག་རུག་བྱས་ཏེ་ཕྱག་ལས་ཞེ་དྲགས་གནང་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་གི་ཐོག་ནས་བུད་མེད་ལྷན་ཚོགས་དངོས་སུ་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་བོ་ ༣༣ འཁོར་གྱི་ཡོད་རེད། དེ་ཡིན་དུས་རྒན་རབས་བགྲེས་པ་ཚོས་སེམས་ནུས་གཅིག་སྒྲིལ་བྱས་ཏེ་བོད་མི་རིགས་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བའི་ལས་ཀ་མང་པོ་ཞིག་བསྒྲུབས་ཡོད་པ་དང་། དེ་བཞིན་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བཙན་བྱོལ་བོད་མི་ཚོ་རུག་རུག་བཟོ་བ་དང་སྤྱི་ཚོགས་ཞབས་ཞུ་བསྒྲུབས་ཡོད་པ་མ་ཟད། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་མ་འགྲིག་པ་དང་རྒྱལ་བའི་དགོངས་པ་དང་མ་མཐུན་དེ་འདྲ་ཁྱོན་ནས་བྱུང་ཡོད་པ་མ་རེད། དེ་ཧ་ཅང་གཟི་བརྗིད་ཆེན་པོ་ཞིག་ཡིན་པ་མ་ཟད། དེ་དག་ཚང་མ་ལོ་རྒྱུས་ཀྱི་རང་བཞིན་ནམ་འདས་པའི་བྱུང་རབས་ཤིག་ཆགས་ཡོད་པ་རེད། གཙོ་བོ་དེ་ད་ལྟའི་གནས་སྟངས་འོག བུད་མེད་ལྷན་ཚོགས་ཀྱིས་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན། ལྷག་པར་དུ་བུད་མེད་གཞོན་སྐྱེས་ཚོའི་ཤེས་ཡོན་འཐུས་ཚང་གཏོང་ཐབས་ཀྱི་ལས་རིམ་ཁག་མུ་མཐུད་འགྲོ་ཐུབ་རྒྱུ་གལ་ཆེན་པོ་རེད་ལ། ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་མི་ཚོ་ཁ་འཐོར་མི་འགྲོ་བའི་སླད་དུ་ཕན་ཚུན་བར་འབྲེལ་བ་གནང་རྒྱུ་དང་། དེ་བཞིན་ང་ཚོ་བོད་མི་ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་དང་། བོད་མི་བཟང་པོ་ཞིག་ཡོང་བའི་རེ་བ་གཅིག་མཚུངས་ཡོད་པ་ནང་བཞིན། ང་ཚོས་དམིགས་འདུན་དེའི་ཐོག་འབད་བརྩོན་བྱེད་པའི་ཐོབ་ཐང་ཡོད་ཀྱང་། དེ་ལྟར་ཡོང་ཐུབ་ཀྱི་མེད་པ་དངོས་ཡོད་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། ཉེ་ཆར་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་གསུངས་པ་ནང་བཞིན། ཕྱིའི་དངོས་པོ་ཡར་རྒྱས་དང་བསྟུན་ནས་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཞིག་དགོས་པ་གལ་ཆེན་པོ་རེད་ལ། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་དང་བོད་མི་བཟང་པོ་ཞིག་ཡོང་ཐབས་སུ། ནང་པའི་ཆོས་ཀྱི་གོ་རྟོགས་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།

མཇུག་ཏུ་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས། ཕྱི་ལོ་ ༡༩༨༤ ལོར་རྒྱ་གར་ནང་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོའི་བྱུང་རིམ་སྐོར་ངོ་སྤྲོད་གནང་བ་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་སྤེལ་གོང་བློ་བཟང་ཡོན་ཏན་ལགས་ནས། ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་ཆོལ་གསུམ་བོད་ཀྱི་བུད་མེད་རྣམས་རྡོག་རྩ་ཆིག་སྒྲིལ་གྱིས་རྒྱ་དམར་གྱི་བཙན་གནོན་ལ་འཐབ་རྒོལ་གནང་བའི་སྐོར་ངོ་སྤྲོད་བྱས་སོང་།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༩/༡༡

Leave a Reply

3 thoughts on “བོད་དོན་འཐབ་རྩོད་ནམ་ཡང་བློས་གཏོང་གི་མིན།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    བོད་ཕྱི་ནང་གཉིས་སུ་བོད་དོན་འཐབ་རྩོད་བློས་གཏོང་མཁན་གྱི་བོད་མི་གཅིག་ཀྱང་མེད་པ་ངས་ཐག་གཅོད་ཐུབ་།