གཟའ་ཉི་མའི་བོད་ཡིག་འཛིན་གྲྭ་ཞིག་སྒོ་འབྱེད་གནང་།

འཇར་མན་གྱི་ལྷོ་ཕྱོགས་གྲོང་ཁྱེར་མུ་ནིག་ཅེས་པའི་ནང་གནས་སྡོད་བྱས་ཡོད་པའི་བོད་རིགས་ཨ་མ་ལྔ་ཡི་འབད་བརྩོན་ལ་བརྟེན་ནས་ས་གནས་དེར་གཟའ་ཉི་མའི་བོད་ཡིག་འཛིན་གྲྭ་ཞིག་གསར་དུ་བཙུགས་ཡོད་འདུག

དགེ་བཤེས་འོད་ཟེར་ལགས་ནས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༠ ཉིན་འཇར་མན་གྱི་ལྷོ་ཕྱོགས་གྲོང་ཁྱེར་མུ་ནིག་ཏུ་བོད་པའི་སྐད་དང་རིག་གཞུང་གཙོ་བོར་བསླབ་གཞིའི་གཟའ་ཉི་མའི་བོད་ཡིག་འཛིན་གྲྭ་ཞིག་སྒོ་འབྱེད་གནང་ཡོད་པ་དང་། སྒོ་འབྱེད་མཛད་སྒོའི་ཐོག་ས་གནས་མུན་ཆེན་བོད་རིགས་ཚོགས་པའི་སྐུ་ཚབ་ཀྱི་གཙོས་འབྲེལ་ཚོགས་སྡེ་ཁག་གི་ལས་སྣེ་དང་འཐུས་མི། དེ་བཞིན་ཕྲུ་གུའི་ཁྱིམ་བདག་གཙོས་ས་གནས་ཀྱི་བོད་རིགས་གང་འཚམས་འདུས་ཡོད་འདུག

མུ་ནིག་བོད་རིགས་ཨ་མ་ཚོགས་པའི་འགན་འཛིན་ས་ཁང་ངག་དབང་སྒྲོན་གསལ་ལགས་ཀྱིས་དེའི་ཐད། ད་ལྟའི་བོད་ཀྱི་གནས་བབ་ལ་གཞིག་སྟེ་ཆོས་དང་རིག་གཞུང་། གཙོ་བོ་བོད་ཀྱི་སྐད་ཡིག་རྒྱུད་འཛིན་གནང་རྒྱུ་ནི་ཁ་ཚ་དགོས་གཏུག་དང་བོད་པ་སྤྱི་བོ་གནམ་བསྟན་ཡོངས་ལ་འགན་འཁྲི་ཡོད་པ། ལྷག་དོན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་ཕྲུག་ཚོར་ཁོར་ཡུག་གི་དབང་གིས་བོད་ཀྱི་སྐད་ཡིག་ལ་རང་བཞིན་གྱིས་དོ་སྣང་ཡོང་གི་མེད་སྟབས། དེའི་ཐད་ཕྱི་སྡོད་བོད་པའི་ཕ་མ་ཚོར་དམིགས་བསལ་གྱི་འགན་དབང་ཡོད་པ་དང་། ཕྱི་རྒྱལ་ཡུལ་གྲུ་གང་ཞིག་ཏུ་སྡོད་ཀྱིན་ཡོད་ནའང་རང་སྐད་རང་གིས་སྲུང་སྐྱོབ་གནང་དགོས་པ་ལས། ཕྱི་མིའི་རོགས་འདེགས་འོག་བོད་ཕྲུག་ཚོར་བོད་པའི་སྐད་དང་རིག་གཞུང་སློབ་མི་ཐུབ་པ་ནི་ཚང་མས་ཤེས་གསལ་ཡིན་པར་སོང་། མ་འོངས་པར་འདིར་སྡོད་བོད་ཕྲུག་ཚོ་སྤྱི་ཚོགས་གང་ཞིག་ཏུ་འགྲོ་ནའང་རང་ཉིད་བོད་པ་ཡིན་པའི་གསལ་བཤད་དུ་བོད་ཀྱི་སྐད་ཡིག་ལ་གོམ་པ་ཅུང་ཙམ་འགྲོ་ཐུབ་ན་ངོ་གནོང་མི་དགོས་པ་དང་། བོད་ཕྲུག་ཚོ་ཡང་མ་འོངས་བོད་ཀྱི་བདག་པོ་དང་ཆོས་རིག་གི་སོན་རྩ་འཛིན་མཁན་ཡིན་པས་ང་ཚོས་སྒོ་ཀུན་ནས་ཤུགས་རྒྱག་དགོས་པའི་དུས་ལ་སླེབས་ཡོད་སྐོར་བརྗོད་སོང་།

བོད་ཡིག་འཛིན་གྲྭ་དེ་ཐོག་མར་མུ་ནིག་བོད་རིགས་ཨ་མ་ཚོགས་པ་ཞེས་པའི་བོད་ཀྱི་ཨ་མ་ལྔ་ལས་གྲུབ་པའི་ཚོགས་པ་ཞིག་གིས་ལོ་ཤས་སྔོན་ནས་ས་གནས་ཀྱི་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་བསླབ་ཐབས་ཀྱི་འབད་བརྩོན་ཡུན་རིང་གནང་རྗེས། ད་ལན་དངོས་སུ་དབུ་འཛུགས་གནང་ཐུབ་ཡོད་པ་རེད། གཟའ་ཉི་མའི་བོད་ཡིག་འཛིན་གྲྭ་དེར་ཕྲུ་གུ་ལོ་ ༥ ནས ༨ བར་འཛིན་གྲྭ་ལྟ་བུའི་སྡེ་ཚན་གཅིག་དང་། ལོ་ ༩ ནས་ ༡༥ བར་སྡེ་ཚན་གཅིག དེ་བཞིན་ཕྲུ་གུ་ལོ་ ༥ མན་ཆད་རྣམས་ཟུར་དུ་སྐབས་བསྟུན་སློབ་ཁྲིད་གནང་རྒྱུ་དང་། བསླབ་གཞི་རྣམས་ཕྲུ་གུའི་ལོ་ཚོད་དང་མཐུན་པའི་སྒྲིག་གཞི་བཟོས་ཏེ། མ་འོངས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལྷན་ཁང་གི་སྲོལ་རྒྱུན་བྱིས་པའི་སློབ་དེབ་ཁག་དང་བོད་ནས་བཏོན་པའི་བྱིས་པའི་སློབ་དེབ་ཁག་གང་ལེགས་བེད་སྤྱོད་གནང་རྒྱུ་ཡིན་འདུག་ལ། གཟའ་ཉི་མའི་བོད་ཡིག་འཛིན་གྲྭར་ཁྱོན་དགེ་རྒན་གསུམ་ཙམ་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༩/༡༡

Leave a Reply