འོས་ལྡུག་མ་དགོས་པར་སིང་གྷ་པོར་གྱི་བུད་མེད་སྲིད་འཛིན་ཐོག་མ་བསྐོ་བཞག་བྱས།

སིང་གྷ་པོར་གྱི་སྲིད་འཛིན་སྐབས་ ༨ པའི་འོས་བསྡུ་ཆེན་མོ་བྱེད་མ་དགོས་པར་འོས་ཆོས་ཡོངས་སུ་ཚང་བའི་ལྕམ་ཧཱ་ལི་མཱ་ཡ་ཀོབ་ལགས་སྲིད་འཛིན་དུ་བསྐོ་བཞག་བྱས་ཡོད་འདུག

སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སིང་གྷ་པོར་གྱི་སྲིད་འཛིན་སྐབས་ ༨ པའི་འོས་བསྡུ་ཆེན་མོ་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་གནང་གཏན་འཁེལ་ཡོད་ཀྱང་།  སྲིད་འཛིན་འོས་མིར་ལངས་མཁན་མི་གྲངས་་ ༨ བྱུང་བའི་ནང་སྲིད་འཛིན་གྱི་འོས་མིའི་ཆ་རྐྱེན་ཡོངས་སུ་ཚང་མཁན་ལྕམ་ཧཱ་ལི་མཱ་ཡ་ཀོབ་(Halimah Yacob)་ལགས་མ་གཏོགས་མེད་སྟབས། འོས་བླུགས་མ་དགོས་པར་ལྕམ་མཱ་ཡ་ཀོབ་ལགས་སྲིད་འཛིན་དུ་བསྐོ་བཞག་བྱུང་ཡོད་འདུག

སྤྱིར་ལྕམ་སྐུ་ཁོང་གི་ཁ་གཏད་དུ་རེ་བ་ཆེ་བའི་འོས་མི་སྐུ་ཞབས་མོ་ཧོ་མཏ་སེ་ལི་མཱ་རི་ཀེན་ (Mohamed Salleh Marican) དང་། སྐུ་ཞབས་ཕ་རིཀ་ཁཱན་ (Farid Khan) གཉིས་ལངས་འདུག་ཀྱང་། ཁོང་གཉིས་ལ་སྲིད་འཛིན་གྱི་འོས་མིར་ལང་རྒྱུའི་དཔལ་འབྱོར་གྱི་ཆ་རྐྱེན་འཛོམས་མེད་སྟབས། ཁྲིམས་ཐོག་ནས་སྲིད་འཛིན་གྱི་འོས་བསྡུའི་ནང་ཞུགས་པའི་གོ་སྐབས་མེད་སྟབས་ཕྱིར་འཐེན་བྱས་དགོས་འཁེལ་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་དེ་གའི་གསར་འགོད་པར་ལྕམ་སྐུ་ཧཱ་ལི་མཱ་ཡ་ཀོབ་ལགས་ཀྱིས། སྲིད་འཛིན་ལ་འོས་བླུགས་ནས་བདམ་ཐོན་བྱུང་བ་དང་ཡང་ན་འོས་མ་བླུགས་ནས་བསྐོ་བཞག་བྱས་པ་གང་ཡིན་ཡང་། ངས་རང་གི་འཇོན་ཚོད་ཀྱིས་གང་ཐུབ་ཅི་ནུས་བྱས་ཏེ་སིང་གྷ་པོར་མི་མང་ལ་ཞབས་ཞུ་བསྒྲུབ་རྒྱུའི་དམ་བཅའ་བཞག་པ་ཡིན། ཞེས་བརྗོད་ཡོད་པ་རེད།

ལྕམ་སྐུ་ཧཱ་ལི་མཱ་ཡ་ཀོབ་ལགས་ནི་ད་ལྟ་རང་ལོ་ ༦༣ ཡིན་པ་དང་། དེ་སྔོན་སིང་གྷ་པོར་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་མྱོང་ཡོད་ཀྱང་། ད་ལོའི་ཕྱི་ཟླ་ ༨ ཚེས་ ༦ ཉིན་སྲིད་འཛིན་གྱི་འོས་མིར་བཞེངས་ཆེད་གྲོས་ཚོགས་ཀྱི་ཚོགས་གཙོ་ནས་རྩ་དགོངས་ཞུས་ཏེ། སྤྱི་ཚོགས་དྲྭ་ལམ་བརྒྱུད་སྲིད་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། འོས་བསྡུའི་ལས་འགུལ་ཤུགས་ཆེན་པོ་སྤེལ་ཡོད་འདུག

ལྕམ་སྐུ་ཧཱ་ལི་མཱ་ཡ་ཀོབ་ལགས་ཀྱིས་མ་འོངས་སྲིད་འཛིན་གྱི་ལས་འཁུར་དམ་བཅའ་ཕུལ་རྗེས། ལྕམ་སྐུ་ཁོང་ནི་སིང་གྷ་པོར་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁྲོད་བུད་མེད་ཀྱི་སྲིད་འཛིན་ཆེས་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༩/༡༢

Leave a Reply

One thought on “འོས་ལྡུག་མ་དགོས་པར་སིང་གྷ་པོར་གྱི་བུད་མེད་སྲིད་འཛིན་ཐོག་མ་བསྐོ་བཞག་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    གྲངས་མང་མང་གཙོའི་ལམ་ལུགས་འདི་ཁྱད་ཚར་རེད་འོས་འདྲ་ཁ་གཏད་མེད་ནའང་སྲིད་འཛིན་ལ་འགྲོ་ཆོག་པ་དེ་ག་འདྲ་ཡིན་ནམ་?