བྱང་ཀོ་རི་ཡར་ཉེས་ཆད་གསར་པ་བཅད།

མཉམ་འབྲེལ་རྒྱལ་ཚོགས་ནས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་མུ་མཐུད་བྱེད་བཞིན་པ་དེར་འགོག་རྒོལ་ཆེད་ཉེས་ཆད་གསར་པ་ཁག་ཅིག་གཏན་འབེབས་བྱས་ཡོད་འདུག

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཚོད་ལྟར་འགོག་རྒོལ་ཆེད། ཉེས་ཆད་གསར་པ་ཁག་ཅིག་དང་སྔོན་ཆད་ཉེས་ཆད་བཅད་པ་དེ་དག་ཤུགས་ཆེ་རུ་གཏོང་བའི་གྲོས་གཞི་གྲོས་འཆར་ཞིག་གཏན་འབེབས་བྱེད་པར་འོས་བླུགས་ཏེ། ལས་འཛིན་ཚོགས་ཞུགས་རྒྱལ་ཁབ་རྒྱ་ནག་དང་ཨུ་རུ་སུ། ཨ་རི། དབྱིན་ཇི། ཧྥ་རན་སི་བཅས་ནས་མོས་མཐུན་ཡོད་པའི་མིང་རྟགས་བཀོད་ཡོད་འདུག་ལ། ཨ་རིའི་ཕྱོགས་ནས་མིང་རྟགས་བཀོད་པའི་ཉེས་ཆད་དེ་དག་ད་ལྟ་བར་དུ་རྒྱལ་ཁབ་སུ་གང་ལའང་གཅོད་མྱོང་མེད་སྐོར་བསྒྲགས་འདུག

གསར་དུ་གཏན་འབེབས་བྱས་པའི་གྲོས་ཆོད་ནང་དུ་གསལ་བ་ལྟར་ན། བྱང་ཀོ་རི་ཡས་ལོ་རེར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་ས་སྣུམ་དང་རྡོ་སྣུམ་བཙགས་མ་ལྕགས་མདོང་ས་ཡ་གཉིས་ལྷག་དབོར་འདྲེན་བྱེད་ཀྱི་ཡོད་པ་ལས་བརྒྱ་ཆ་ ༥༥ ཇེ་ཉུང་དུ་བཏང་ཡོད་ཀྱང་། ལས་སྣོན་མ་བྱས་པའི་སྣུམ་རིགས་བྱང་ཀོ་རི་ཡར་མཁོ་སྤྲོད་བྱེད་རྒྱུ་དང་། རྒྱ་ནག་ལོ་ལིན་ཞིང་ཆེན་ཏན་ཏོང་(Dandong)ནས་བྱང་ཀོ་རི་ཡའི་སི་ནོ་རྗོ(Sinuiju)དུ་ཚོང་ལམ་བརྒྱུད་དབོར་འདྲེན་བྱེད་བཞིན་པའི་ཚོང་ཟོག་ཕུད་དེ་མིན་གྱི་རང་བྱུང་རླངས་རྫས་རིགས་སོགས་ཚང་མ་བྱང་ཀོ་རི་ཡར་མཁོ་སྤྲོད་བྱེད་མི་ཆོག་པ་བཟོས་ཡོད་འདུག

བྱང་ཀོ་རི་ཡས་རས་གོས་ཀྱི་རྒྱུ་ཆའི་རིགས་ཕྱིར་འཚོང་བྱེད་བཞིན་པ་རྒྱལ་ཁབ་སུ་གང་གིས་ཀྱང་ཚོང་འདྲེན་བྱེད་མི་ཆོག་པ་དང་། འདས་པའི་ནང་བྱང་ཀོ་རི་ཡས་རས་གོས་ཀྱི་རྒྱུ་ཆ་ཕྱིར་འཚོང་ལས་ལོ་རེར་ཨ་སྒོར་ས་ཡ་ ༧༦༠ ལྷག་གི་ཡོང་འབབ་ཡོད་པ་དང་། རྒྱ་ནག་གིས་ལོ་རེར་བྱང་ཀོ་རི་ཡ་ནས་ཨ་སྒོར་ས་ཡ་ ༡༤༥ ཡི་གྱོན་ཆས་ཚོང་འདྲེན་བྱེད་ཀྱི་ཡོད་ཀྱང་། རྗེས་ཕྱོགས་རྒྱ་ནག་གིས་རས་གོས་ཚོང་འདྲེན་མི་བྱེད་པ་ཁས་ལེན་བྱས་ཡོད་འདུག

བྱང་ཀོ་རི་ཡའི་ངལ་རྩོལ་ལས་མི་ཚོས་རྒྱལ་ཁབ་ཕྱི་ལོགས་ནས་ལས་ཀ་གཉེར་མི་ཆོག་པའི་ཉེ་ཆད་བཅད་ཡོད་པ་དང་། ད་ལྟ་ཕྱིའི་རྒྱལ་ཁབ་ཁག་ཏུ་ལས་ཀ་བྱེད་བཞིན་པའི་བྱང་ཀོ་རིའི་མི་སེར་ཚོས་ཕྱི་བསྐྱོད་ལག་འཁྱེར་དུས་ཡུན་མ་རྫོགས་བར་དུ་མུ་མཐུད་ལས་ཀ་བྱེད་ཆོག་ན་ཡང་། ལག་འཁྱེར་དུས་ཡུན་རྫོགས་རྗེས་རྒྱལ་ཁབ་སུ་གང་གིས་བྱང་ཀོ་རི་ཡའི་ལས་མི་གླ་མི་ཆོག་པ་བྱས་ཡོད་འདུག ད་ལྟའི་ཆར་བྱང་ཀོ་རི་ཡའི་མི་སེར་འབུམ་གཅིག་ལྷག་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། བྱང་ཀོ་རི་ཡ་གཞུང་གི་གཏན་འབེབས་ལྟར་ལས་མི་དེ་ཚོས་གཞུང་ལ་ཁྲལ་ཆེན་པོ་རྒྱག་གི་ཡོད་སྟབས། ལོ་རེར་བྱང་ཀོ་རི་ཡ་གཞུང་ལ་ཨ་སྒོར་ཐེར་འབུམ་ ༥ ཡི་ཡོང་འབབ་ཡོད་འདུག

ཡང་གྲོས་ཆོད་གསར་པའི་ནང་དུ། བྱང་ཀོ་རི་ཡ་དང་རྒྱལ་ཁབ་གཞན་བར་ལྐོག་འཚོང་གི་ཁྲིམས་འགལ་གནད་དོན་བྱུང་བཞིན་ཡོད་སྟབས། མ་འོངས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་གསང་ཉུལ་བ་ཆེད་གཏོང་གིས་དུས་ངེས་མེད་དུ་རྟོག་ཞིབ་བྱས་ཏེ། བྱང་ཀོ་རི་ཡའི་རྒྱ་མཚོའི་ཟས་རིགས་དང་རྡོ་སོལ་སོགས་ལྐོག་འཚོང་བྱ་སྤྱོད་གཏན་འགོག་བྱེད་པའི་འཆར་གཞི་ཡོད་འདུག

བྱང་ཀོ་རི་ཡ་དང་ཐོན་ཁུངས་མཉམ་འབྲེལ་ཚོང་ལས་རིགས་ཚང་མ་མཚམས་འཇོག་དགོས་པ་མ་ཟད། གསར་དུ་མཉམ་འབྲེལ་ཚོང་ལས་རིགས་གཉེར་མི་ཆོག་པ་བྱས་ཡོད་འདུག ཡིན་ན་ཡང་། རྒྱ་ནག་དང་བྱང་ཀོ་རི་ཡའི་ཡཱ་ལེའི་གཙང་པོའི་ཆུ་ཤུགས་གློག་འདོན་ལས་གཞི་དང་། ཨུ་རུ་སུ་དང་བྱང་ཀོ་རི་ཡའི་བར་གྱི་ཁཱ་སིན་རཱ་རྗན་མཚོ་ཐོག་རྡོ་སོལ་དབོར་འདྲེན་མཉམ་ལས་གཉིས་རང་སོར་འཇོག་རྒྱུ་བྱས་ཡོད་སྐོར་སོགས་བཀོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་ཉེས་ཆད་བཅད་པ་ཡོངས་བསྒྲགས་གནང་བ་དང་བྱང་ཀོ་རི་ཡས་(KNCA)གསར་ཁང་བརྒྱུད། ཨ་རིས་ང་ཚོའི་ཐོག་མུ་མཐུད་ཉེས་ཆད་བཅད་པ་ཡིན་ན། ང་ཚོས་ཨ་རིར་ལོ་རྒྱུས་ཁྲོད་བརྗེད་མི་ཐུབ་པའི་ཡ་ལན་ཞིག་སློག་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་འདུག སྤྱིར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་འགོག་རྒོལ་ལ་ཨ་རི་ཙམ་མ་ཡིན་པར་ཡོ་རོབ་མཐུན་ཚོགས་ནས་ཀྱང་སྔ་གཞུག་ཏུ་ཚོགས་འདུ་བསྡུས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ལ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་མཚམས་འཇོག་ཡོང་ཆེད་ཉེས་ཆད་ནན་མོ་གཅོད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

ཁ་སང་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ཀུན་ཧྲང་(Geng Shuang)གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་མཚམས་འཇོག་པར་ཐབས་ལམ་ཡག་ཤོས་ཉེས་ཆད་གཅོད་པ་དང་གྲོས་མོལ་བྱ་རྒྱུ་དེ་ཡིན་པ་རེད། ལྷོ་བྱང་ཀོ་རི་ཡའི་གནད་དོན་དེ་ཞི་བའི་ངང་ནས་སེལ་དགོས་པ་ལས་དམག་འཁྲུག་གིས་སེལ་ཐབས་མེད་སྟབས། རྒྱ་ནག་གིས་ལྷོ་བྱང་ཀོ་རི་ཡའི་གནད་དོན་ཐད་དམག་འཁྲུག་དང་ཟང་ཟིང་ཡོང་གཏན་ནས་འཇུག་རྒྱུ་མིན་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༩/༡༢

Leave a Reply

One thought on “བྱང་ཀོ་རི་ཡར་ཉེས་ཆད་གསར་པ་བཅད།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོའི་བྱང་ཀོ་རི་ཡར་ཉེས་ཆད་གསར་པ་བཅད་པ་འདིའི་བྱང་ཀོ་རི་ཡའི་ཉེ་འབྲེལ་རྒྱལ་ཁབ་དང་ཨ་རི་སོགས་ཉེན་ཁའི་ནང་དུ་བཅུག་པ་མ་རེད་དམ་?
    མ་ཐུབ་ཁྲ་ལ་རྫིང་ན་ནམ་མཁའ་བྱ་སྤུའི་ཁེངས་།
    མི་སྙོབས་གནམ་ལ་ཕྱོང་ན་མ་ཀིའི་གཏིང་རྩ་ཆད་།
    དམར་ཡག་སྟག་ལ་ལག་འཛིན་བྱེད་མཁན་དང་བྲེ་གསེ་འབོང་ལ་ར་རྩེད་མགྲན་མཁན་ཚོའི་གདེང་ཚོད་ག་འདྲ་ཡོད་པ་ཡིན་ནམ་?