གཉེན་སྒྲིག་གིས་ནང་པ་དང་ཁ་ཆེ་བར་རྙོག་ཟིང་བསླངས།

ལ་དྭགས་ཀྱི་ནང་པའི་བུད་མེད་ཅིག་དང་ཁ་ཆེའི་སྐྱེས་པ་ཞིག་གཉེན་སྒྲིག་བྱས་རྐྱེན་ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་གཉིས་བར་རྙོག་ཟིང་འབྱུང་བཞིན་ཡོད་འདུག

ཁ་སང་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཇམ་མུ་ཀཱ་ཤི་མིར་ (Jammu & Kashmir) མངའ་སྡེའི་ནང་ནང་པ་དང་ཁ་ཆེ་གཉིས་བར་རྙོག་དྲ་ཆེ་ཕྲ་རིམ་པར་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་ལ་དྭགས་ཀྱི་ནང་པའི་བུད་མེད་རང་ལོ་ ༣༠ ཅན་ཞིག་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་སུ་འབྲངས་ཏེ། ཁ་ཆེའི་སྐྱེས་པ་རང་ལོ་ ༣༢ ཅན་ཞིག་དང་གཉེན་སྒྲིག་བྱས་པར་བརྟེན་ཆོས་ལུགས་གཉིས་བར་གྱི་རྙོག་ཟིང་སྔར་ལས་ཤུགས་ཆེ་རུ་ཕྱིན་ཡོད་སྟབས། ཉེ་ལམ་ལ་དྭགས་ནང་པའི་མཐུན་ཚོགས་ནས་གནད་དོན་དེ་སེལ་སླད། རྒྱ་གར་གྱི་སྲིད་བློན་ནཱ་རེན་དྷ་རཱ་མོ་དྷི་ (Narendra Modi) མཆོག་དང་ཐུག་འཕྲད་ཀྱིས་དཀའ་རྙོག་དེའི་སྐོར་ལ་གྲོས་བསྡུར་བྱ་རྒྱུའི་ཐག་གཅོད་གནང་ཡོད་པ་ལྟར། ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཀུན་བཟང་ལགས་ཀྱིས་སྲིད་བློན་མོ་དྷི་མཆོག་ལ་མཇལ་ཐབས་ཞུས་ཡོད་ཀྱང་མཇལ་ཐུབ་མེད་པ་རེད།

ཁ་ཆེའི་སྐྱེས་པ་དེའི་མིང་ལ་མུར་ཏ་ཛ་ཨ་གྷ་ (Murtaza Agha) ཞེས་འབོད་ཅིང་ཀར་གིལ་ (Kargil) གྱི་ས་གནས་ཌ་རཱས་ (Drass) ནས་ཡིན་པ་དང་། ནང་པའི་བུད་མེད་དེའི་མིང་ལ་ཐོག་མར་གསལ་སྒྲོན་ཞེས་འབོད་ཀྱང་མོ་རང་ཁ་ཆེའི་ཆོས་ལུགས་སུ་བསྒྱུར་རྗེས་མིང་ལ་ཤི་ཧྥ་ (Shifah) ཞེས་བཏགས་འདུག

ཐེངས་ཤིག་ཤི་ཧྥ་ཡིས་རང་གི་ནང་མིར་ཡི་གེ་ཞིག་བཏང་སྟེ། མོས་ཁ་ཆེའི་སྐྱེས་པ་མུར་ཏ་ཛ་ཞེས་པར་རང་གི་འདོད་མོས་ལྟར་གཉེན་སྒྲིག་བྱས་པའི་སྐོར་དང་། དེ་བཞིན། མོས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ལ་ལས་ཀ་བྱས་སྐབས་མུར་ཏ་ཛ་དང་ཐུག་འཕྲད་བྱུང་སྟེ་དགའ་རོགས་སུ་གྱུར་བའི་སྐོར་ཞིབ་ཕྲའི་གནས་ཚུལ་རྣམས་བྲིས་ཡོད་ཀྱང་། ལ་དྭགས་ནང་པའི་མཐུན་ཚོགས་ཀྱིས་ཡི་གེ་དེ་ནི་གསལ་སྒྲོན་མོ་རང་གི་འདོད་མོས་ལྟར་བྲིས་པ་མ་ཡིན་པར། ཁྱོ་གའི་ནང་མི་ཚོས་སྡིག་སྐུལ་དང་བཙན་ཤེད་ཀྱིས་བྲིས་ཏེ་བསྐུར་བ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

ཇམ་མུ་ཀཱ་ཤི་མིར་མངའ་སྡེའི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ནཱ་ཡི་མཱ་མ་ཧ་ཇོར་ (Nayeema Mahajoor) ལགས་ཀྱིས། ཕྱི་ལོ་ ༢༠༡༥ ་ཟླ་ ༤ པའི་ནང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཏ་ཀ་ (Karnataka) མངའ་སྡེའི་ས་གནས་ཀམ་མ་ཎ་ཧལ་ལི་ (Kammanahalli) ཞེས་པ་དེར་ནང་པའི་བུ་མོ་གསལ་སྒྲོན་ཁ་ཆེའི་ཆོས་ལུགས་སུ་བསྒྱུར་ཡོད་པ་དང་། དེ་ནས་ ༢༠༡༦ ་ཟླ་ ༧ ཚེས་ ༧ ཉིན་རྒྱ་གར་གྱི་གྲོང་ཁྱེར་བྷང་ག་ལོར་ (Bangalore) དུ་ཁོང་གཉིས་ཀྱིས་ཁྲིམས་མཐུན་གཉེན་སྒྲིག་བྱས་ཡོད་སྐོར་གསལ་བཤད་བྱས་ཡོད་པ་རེད།

ད་ལྟ་ཁོང་གཉིས་ཤཱི་རི་ན་གྷར་ (Srinagar) གྱི་ས་ཆ་ཞིག་ཏུ་གནས་སྡོད་བྱེད་བཞིན་ཡོད་པ་དང་། མངའ་སྡེ་གཞུང་གི་ཆེས་མཐོའི་ཁྲིམས་ཁང་ནས་ཁོང་ཁྱོ་ཤུག་གཉིས་ལ་སུས་ཀྱང་བརྡབ་གསིག་དང་བརྙས་བཅོས་གཏོང་མི་ཆོག་པའི་བཀའ་ཁྱབ་བཏང་ཡོད་འདུག

ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཀུན་བཟང་ལགས་ཀྱིས་ཇམ་མུ་ཀཱ་ཤི་མིར་མངའ་སྡེའི་ནང་ཁ་ཆེ་ནི་གྲངས་མང་མི་རིགས་དང་ནང་པ་ནི་གྲངས་ཉུང་མི་རིགས་ཤིག་ཆགས་བསྡད་ཡོད་སྟབས། མངའ་སྡེ་གཞུང་གིས་གྲངས་ཉུང་མི་རིགས་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་ཚུལ་བརྗོད་དེ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཁོང་གིས་དེར་ཡོད་ནང་པ་ཚོས་མ་ཤི་བར་ཆོས་ལུགས་གཙང་བཟོའི་ལས་འགུལ་ལ་ཁ་གཏད་གཅོག་གི་ཡིན་ཞེས་བརྗོད་ཡོད་འདུག

ཡང་ལ་དྭགས་ཀྱི་གཞུང་འབྲེལ་མི་སྣ་གཞན་ཞིག་གིས། ཁ་ཆེ་བ་ཚོས་ལ་དྭགས་ཀྱི་ཕྱོགས་གང་སར་ནང་པའི་བུ་མོ་ལོ་ཆུང་ཚོར་མགོ་སྐོར་བཏང་སྟེ་ཁོང་ཚོ་ནང་པ་ཡིན་ལུགས་བརྗོད་ཀྱི་ཡོད་པ་དེ། བུ་མོ་ཚོས་གཉེན་སྒྲིག་བྱས་ཚར་རྗེས་མ་གཏོགས་ཤེས་རྟོགས་བྱུང་གི་ཡོད་པ་རེད་ཅེས་བརྗོད་འདུག

ཕྱི་ལོ་༢༠༠༣ ནས་ད་ལྟ་བར་ལ་དྭགས་དང་དེའི་ཉེ་འཁོར་གྱི་ནང་པའི་བུ་མོ་ ༤༥ ལྷག་གིས་ཁ་ཆེའི་བུ་དང་གཉེན་སྒྲིག་བྱས་ཡོད་པ་དང་། ཁོང་ཚོས་དེ་ནི་རང་གི་འདོད་པ་ལྟར་གཉེན་སྒྲིག་བྱས་པའི་སྐོར་གསལ་བཤད་བྱས་ཡོད་ཀྱང་། ཀུན་བཟང་ལགས་ཀྱིས་གསལ་བཤད་དེ་དག་ནི་སྡིག་སྐུལ་དང་བཙན་ཤེད་འོག་མ་བྱས་ཀ་མེད་དུ་ཐུག་པ་ཞིག་ཡིན་ལུགས་བརྗོད་འདུག

ལ་དྭགས་ལ་སླེ་ (Leh) དང་ཀར་གིལ་ (Kargil) ཞེས་པའི་རྫོང་གཉིས་ཡོད་པ་དང་། རྫོང་དེ་གཉིས་ཀྱི་ནང་མི་འབོར་ ༢༧༤༠༠༠ ཙམ་ཡོད་པ་དང་། དེའི་ནང་ནས་མི་འབོར་བརྒྱ་ཆ་ ༤༩ ཙམ་ཁ་ཆེ་དང་བརྒྱ་ཆ་ ༥༡ ཙམ་ནང་པ་ཡིན་འདུག དེར་ཡོད་ཁ་ཆེ་བ་ཚོས་ཆོས་ལུགས་བརྗེ་བསྒྱུར་བྱེད་མཁན་ཁ་ཆེ་བ་གཅིག་པུ་མིན་པར་ནང་པ་ཚོས་ཀྱང་ཁ་ཆེ་བ་ཚོ་ནང་པར་བསྒྱུར་གྱི་ཡོད་སྟབས། ཆོས་ལུགས་བརྗེ་བསྒྱུར་བྱེད་མཁན་ནི་ཕྱོགས་གཉིས་ཀར་ཡོད་པ་མ་ཟད། ཁ་ཆེའི་བུ་མོ་ཚོས་ཀྱང་ནང་པའི་བུ་དང་གཉེན་སྒྲིག་བྱས་ཏེ་ནང་པར་བསྒྱུར་གྱི་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༡༩༨༩ ལོར་ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་གཉིས་ཀྱི་བར་དྲག་པོའི་ཟིང་འཁྲུག་བྱུང་ཡོད་པ་དང་། དེས་རྐྱེན་བྱས་ཏེ་ ༡༩༩༢ ལོར་ལ་དྭགས་ནང་པའི་མཐུན་ཚོགས་ཀྱིས་ཁ་ཆེའི་སྤྱི་ཚོགས་དང་འབྲེལ་འདྲིས་བཅད་པ་མ་ཟད། ཁ་ཆེའི་ཐོན་རྫས་རིགས་ཀྱང་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་བྱས་ཡོད་པ་རེད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༩/༡༣

Leave a Reply

5 thoughts on “གཉེན་སྒྲིག་གིས་ནང་པ་དང་ཁ་ཆེ་བར་རྙོག་ཟིང་བསླངས།

  1. དོན་གྲུབ་བཟང་པོ།

    རྙོག་དྲ་ཡོད་ས་མང་ཆེ་བ་ཁ་ཆེ་མི་རིགས་དང་འབྲེལ་བ་འདུག
    དེ་དངོས་གནས་ཁོ་རང་ཚོས་མི་རིགས་རིང་ལུགས་ཀྱི་གོམས་གཤིས་ཡག་ཤོས་སྤྱོད་ལམ་ཡག་ཤོས་ཤིག་ཡིན་པར་འདྲ།
    འཇིགས་སྐུལ་རིང་ལུགས་འབྱུང་ས་འབྱུང་ཁུངས་ཡང་ཁ་ཆེ་མི་རིགས་ནས་རེད་ལོ་རྒྱུས་ཐོག་དམག་རྒྱག་ནས་ཁ་ཆེའི་ཆོས་ལུགས་དབང་བསྒྱུར་མཁན་ཁ་ཆེ་བ་རེད་ལ་ལོ་རྒྱུས་ཡོད་རིང་ལྡན་པའི་རིག་གནས་ཤུལ་བཞག་མེད་པར་བཟོ་མཁན་ཡང་ཁ་ཆེ་མི་རིགས་རེད།འཛམ་གླིང་ཐོག་ཁ་ཆེ་མི་རིགས་ཀྱི་འགྲོ་་བ་མི་རིགས་ལ་ཕན་ཐོགས་པའི་ལེགས་སྐྱེལ་གང་ཡང་མཐོང་གི་མི་འདུག
    འོ་ན་ད་འཛམ་གླིང་འདིར་ཐོག་མི་རིགས་ཀྱི་གད་སྙིད་ཨང་དང་པོ་དེ་མི་རིགས་གང་རེད་ཟེར་ན།ངས་བལྟས་ན་ཁ་ཆེའི་མི་རིགས་ཡིན་ནམ་སྙམ།