རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་ཐུགས་གཤིས་དང་སྐུ་གཟུགས་ཞལ་རས་སོགས་གླེང་བ། (སྨད)

ཨ་ཚོགས་མཁས་བཙུན།

 གཉིས་པ།
དེ་ཡང་ཐུགས་མཁྱེན་པའི་རྣམ་དཔྱོད་དང་། བརྩེ་བའི་སྙིང་རྗེ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་སྤྱོད་བཅས་ནི་རྗེའི་རྣམ་ཐར་སྤྱི་དང་། ཁྱད་པར་གསུང་གི་འཕྲིན་ལས་གསུང་རབ་པོད་ཆེན་བཅོ་བརྒྱད་ཀྱི་བདག་ཉིད་ཅན་ནས་བསྙོན་མི་ནུས་པར་གསལ་ཞིང་རྫོགས་པར་བསྟན་ནས་ཡོང་བ་ཡིན། ཡིན་ནའང་། ཕྱིའི་ཀུན་སྤྱོད་དང་གཤིས་རྒྱུད་ཟུར་ཏུ་བཏོན་པ་མི་སྣང་བས་དེའི་ཚུལ་ཡང་། གོང་དུ་མཁན་ཟང་ཟང་ནེ་རིང་བ་མཆོག་གིས་སྐུ་བརྗིད་པའི་ཁྱད་ཆོས་བརྗོད་པའི་འཕྲོ་དེར། ཡང་རིན་པོ་ཆེ་རང་གི་དྲུང་དུ་སླེབས་ཏེ་བཀའ་ལུང་གནང་བའམ་བརྡ་སྤྲོད་ལེགས་པོ་མཛད་པའི་རྗེས་སུ། མི་དྲག་ཞན་ཕལ་མོ་ཆེ་དད་པ་རང་དབང་མེད་པར་སྐྱེ་བ་དང་། བློ་བག་ཕབ་པ་དང་ཁྱད་པར་དེ་ཕྱིན་སྐུ་དྲུང་དུ་སྡོད་སྙིང་འདོད་པ་དང་། གཞན་དུ་འགྲོ་སྙིང་མི་འདོད་པ་སོགས་ཡོང་ཟེར་ལ་ཞེས་དང་། དེ་ཡང་མཚན་ཉིད་ཀྱི་ཡོན་ཏན་འཛིན་པ་ལ། སློབ་དཔོན་དཀའ་བཅུ་བ་ཞེས་པ་དང་། སློབ་དཔོན་དཀའ་བཞི་བ་ཞེས་སོགས་ཀྱི་བསྔགས་ཚིག་སྐབས་དང་མཐུན་པར་གསུངས་པ་དང་། དགོན་པ་ལ་བརྟེན་པའི་བཙུན་པ་མཚན་ཉིད་ཀྱི་ཡོན་ཏན་མེད་པ་སྔགས་ཕྱོགས་ཅུང་ཟད་ཤེས་པ་ལ་ཡང་། བླ་མ་པ་དང་། དགེ་བཤེས་པ་སོགས་ཀྱི་སྙན་ཚིག་དང་བཅས་པ་ནས་གསུངས་པ་ཡིན་ཟེར་བ་ལ་ཞེས་དང་། ཡང་མདོ་སྔགས་ཀྱི་ཚིག་དོན་ལ་མ་བདེ་བ་ཆེན་པོ་བྱུང་བ་དང་། ཉམས་རྟོགས་ལ་ཐེ་ཚོམ་དང་དོགས་པ་བྱུང་བ་རྣམས་ཀྱི་དྲི་བ་ཆེ་ཆུང་ཅི་ཞུས་ཀྱང་། ཁྱད་གསོད་སོགས་མི་མཛད་ཅིང་། ཁྱེད་རྣམ་པའི་གོ་རྟོགས་དེ་ཚོ་དང་། དྲི་བ་དེ་ཚོ་དགའ་ཚད་ཡིན་དགའ་ཚད་ཡིན་ཅེས་པ་དང་། ང་ལའང་བཤད་རྒྱུ་ཡོད་བཤད་རྒྱུ་ཡོད་ཅེས་པ་སོགས་གསུང་ཞིང་རང་རང་གི་མ་བདེ་བ་དང་། དོགས་པ་རྣམས་སེལ་ངེས་ཀྱི་ལེགས་བཤད་དང་། བཀའ་ལུང་གནང་བ་ལ་བརྟེན་ནས་མི་ཐ་མལ་པའམ། བློ་ཆུང་རྣམས་ཀྱང་ཡ་ང་བ་དང་བག་ཚ་བ་སེལ་ཞིང་། སེམས་སྤྲོ་བར་འགྱུར་བ་དང་། ཞེས་སོགས་གསུངས་པས་ནི། རང་རེ་རྣམས་ལ་དེའི་ཐད་རྒྱལ་ཁྲིམས་བཟོས་ཀྱང་ཡོང་ཐབས་མེད་པའི་ཕྱིའི་ཀུན་སྤྱོད་ཀྱི་སྡོམ་ཞིག་བརྒྱབ་འདུག་གོ།

ད་དུང་རྗེ་བླ་མ་ནི་ཁོང་རྣམ་པ་ཤིན་ཏུ་གཙང་ཞིང་གྲ་དག་ཅིག་ཡོད་པའང་། མཁན་ཟང་ཟང་ནེ་རིང་བ་མཆོག་གིས། སྐུ་ལས་འོད་ཟེར་ཤིན་ཏུ་ཆེ་བ་ཡོད་པ་དང་། ཚུལ་ཁྲིམས་ཀྱི་དྲི་ཤིན་ཏུ་ཞིམ་པ་རིང་དུ་ཡང་འཕྲོ་བ་དང་། མནབ་བཟའ་དང་ཕྱག་ཕྲེང་སོགས་ལ་ཡང་མི་གཞན་ལྟ་བུའི་དྲི་མ་ནག་ཁལ་ཁལ་དེ་འདྲ་ཡེ་མི་ཆགས་པ་ཡིན་ཟེར་ཞེས་གསུངས་སོ།

  གསུམ་པ།
ཁྱད་པར་བླ་མ་བཀའ་དྲིན་ཅན་འདི་ཆུང་གཞོན་ནུའི་དུས་ནས་(༡) གཤིས་ཀ་དྲང་མོ་འགྲོགས་བདེ་བོ་དང་། (༢) ཁ་རུ་ཁ་ཐུག་མངོན་ལྐོག་མེད་པ་ཞིག་ཡོད་པ་ནི། (༡) དེ་ཡང་རྗེའི་དངོས་སློབ་འཇམ་དབྱངས་ཁ་ཆེ་བའི་<<རྗེའི་བསྟོད་པ་ཙོང་ཁ་བརྒྱད་ཅུ་>>ལས། གྲོགས་འགའི་སྟོབས་ཀྱིས་སྐྱིད་ཤོད་གུང་ཐང་དུ།། གསོ་བ་རིག་པའི་སློབ་གཉེར་མཛད་པའི་ཚེ།། རིང་པོར་མི་ཐོགས་འབད་པ་ཆུང་ངུ་ཡིས། འཚོ་བྱེད་གོ་འཕང་བརྙེས་པའི་ཙོང་ཁ་བ།།ཞེས་པ་དང་། རྗེ་མཁས་གྲུབ་པའི་<<དད་པའི་འཇུག་ངོགས་>>ལས་ཀྱང་། གླང་ལོ་སྟོན་གྱི་དུས་འབྲི་གུང་དཔལ་གྱི་ནགས་ཁྲོད་དུ་ཕེབས། དེའི་ཚེ་འབྲི་གུང་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་རྒྱལ་བོ་བཞུགས་པས། ཁོང་གི་སྤྱན་སྔར་མཇལ་ཐེག་ཆེན་སེམས་བསྐྱེད་ཀྱི་ཆོ་ག་དང་། ཕྱག་ཆེན་ལྔ་ལྡན་ལ་སོགས་པ་གསན། དེ་ནས་སློབ་གཉེར་ཞིག་ལ་འབྱོན་པར་བཞེད་པ་ལ། གྲོགས་འགའ་ཞིག་གིས་དབང་མེད་དུ་ཁྲིད་ནས་མི་འདོད་བཞིན་དུ་། ཚལ་བའི་སྨན་པ་མཁས་པ་དཀོན་མཆོག་སྐྱབས་ཞེས་བྱ་བའི་གམ་དུ་བྱོན་ནས་གསོ་དཔྱད་ཀྱི་གཞུང་ལ་སྦྱངས་ཤིང་། ཡན་ལག་བརྒྱད་པ་ཐུགས་ལ་བཟུང་བ་དང་། དེར་ཡུན་ཧ་ཅང་མི་རིང་བ་ཞིག་བཞུགས་ནས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་བྱོན། ཅེས་པ་གཉིས་ལས་གྲོགས་འགའི་སྟོབས་དང་གྲོགས་འགའི་དབང་གིས་གསུངས་འདུག་པ་དང་།

དགུང་ལོ་བཅུ་དགུའི་སྟེང་དུ་གསང་ཕུ་དང་བདེ་བ་ཅན་ལ་སོགས་པ་རྣམས་སུ་གྲྭ་སྐོར་ལ་བྱོན། བློ་གྲོས་དང་ཆོས་སྐད་ཕུན་སུམ་ཚོགས་པའི་སྙན་པ་རིང་དུ་སོང་ཞིང་། བཤེས་གཉེན་མཁས་པ་དག་གི་ཡིད་ཀྱི་དབང་བོ་རྣམ་པར་དཔྱོད་པའི་ལྕགས་ཀྱུས་དྲངས་པར་གྱུར་ཏོ། དེ་ནས་གཙང་ཕྱོགས་ལ་འབྱོན་པར་བཞེད་དེ་རིན་སྤུངས་ཀྱི་རོང་ཆེ་བ་ལ་མཛད། གཞུང་ལམ་བསྲངས་ནས་ས་སྐྱ་ལ་འབྱོན་བཞེད་པ་ལ་ལམ་གྲོགས་ཇོ་གདན་པ་ཞིག་ཡོད་པའི་སྟབས་ཀྱིས། རིན་སྤུངས་ཀྱི་རྒྱང་མཁར་ཕུའི་ལ་ལ་བྱོན། ཉང་སྟོད་མཁར་ཁ་ལ་མཛད་ནས་ཞྭ་ལུར་ཕེབས། ཅེས་པར་གྲོགས་ཇོ་གདན་པ་ཞིག་ཡོད་པའི་སྟབས་ཀྱིས་གསུངས་པ་དང་། རྫོང་ཆི་གྲགས་པ་རིན་ཆེན་པ་དེ་རྗེ་འདི་བ་ལ་དེ་གོང་ནས་མི་ཕྱེད་པའི་དད་པ་ཡོད་པས། སྔ་ཕྱིར་གསོལ་བ་མང་དུ་བཏབ་པ་ལ་དགོངས་ནས་ཡར་ལུང་ཕྱོགས་ལ་འབྱོན་པར་བཞེད་དེ་སྲིན་པོ་རིར་ཕེབས་པ་ན། དེ་དུས་གོང་དཀར་ན་སྒོམ་པ་ཆོས་རྒྱལ་ཡོད་པ། ཁོང་ཡང་རྗེ་འདི་བ་ལ་སྙིང་ནས་དད་པ་ཡོད་པའི་དབང་གིས་ཞུ་བ་ནན་ཆེར་ཕུལ་ཏེ། སོས་དེ་རིགས་ལྔ་ལྷ་ཁང་དུ་བཞུགས་དགོས་བྱུང་བ་དང་།
དེ་ནས་དགུན་མོན་མཁར་བཀྲ་ཤིས་གདོང་དུ་བཞུགས། དེ་དུས་ནུབ་ཅིག་ཞུགས་མེ་ལ་བཞུགས་ནས་བོད་ཀྱི་མཁས་གྲུབ་རྣམས་ཀྱི་རྣམ་པར་ཐར་བ་ཅི་རིགས་པ་གསུང་བའི་སྐབས་སུ། དཀའ་བཞི་བ་ཤེར་སེང་གིས་ཆོས་ཐོག་གཅིག་ལ་པོ་ཏི་བཅུ་གཅིག་གསུངས་འདུག དུས་ཕྱིས་བོད་དུ་པོ་ཏི་དུས་གཅིག་ལ་གསུངས་པ་དེ་མང་ཤོས་སུ་འོང་བ་འདྲ་གསུང་། དེ་ནས་དགེ་བཤེས་ཤ་སྟོན་ལ་སོགས་པས་འདི་ནས་ཀྱང་དེ་ཙམ་ཞིག་དུས་གཅིག་ཏུ་གསུང་འཚལ་ཞུས་པས། རྩོལ་བ་བྱས་ན་དེ་ཙམ་ཞིག་འཆད་ཐུབ་པ་འདྲ་གསུངས། འོ་ན་ཅིས་ཀྱང་གསུང་འཚལ་ཞེས་ནན་གྱི་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ། ཚེས་ལྔ་ནས་ཉི་མ་གཅིག་ལ་རྒྱ་གར་སྐད་བཅོ་ལྔའི་དབུ་དུས་གཅིག་ཏུ་བཙུགས་ནས། ཉིན་རེ་ཞིང་ཐོ་རངས་ནས་སྲོད་ཀྱི་བར་ཆོས་ཐུན་བཅོ་ལྔ་རེ་མ་ཆག་པར་ཐུགས་བཤད་མཛད། སྤྱོད་འཇུག་བཅས་སྟེ་བསྟན་བཅོས་བཅུ་བདུན་གྱི་བཤད་པ་ཕྲ་རགས་མ་ལུས་པ་ལ། བཤད་པ་ཞིབ་པར་མཛད་དེ་ཟླ་བ་གསུམ་ལ་རྫོགས་པར་མཛད། ཅེས་པའི་དགེ་བཤེས་ཤ་སྟོན་སོགས་ཀྱིས་ཚོད་བགམ་པ་ལྟ་བུའི་རྣམ་ཐར་བཅས། རྗེ་བླ་མ་ནི་བླ་མ་དགེ་བཤེས་ཙམ་མ་ཟད། རང་གི་ཆོས་གྲོགས་ལམ་གྲོགས་ཚུན་ཆད་ཀྱི་ངོ་མི་གཅོག་པའི་མཛད་སྤྱོད་ངང་ཚུལ་ཅན། རྒྱུན་ཏུ་ཁེ་ཆུང་དང་དམན་ས་ཁོ་ན་འཛིན་པ་ཞིག་ཏུ་མངོན་ནོ།

དེ་ཡང་རིན་པོ་ཆེ་འདི་(༢) ཁ་རུ་ཁ་ཐུག་མངོན་ལྐོག་མེད་པ་ནི། ཡང་རྗེ་མཁས་གྲུབ་པའི་དད་པའི་འཇུག་ངོགས་ལས། རྗེ་བཙུན་རེད་མདའ་བ་དབྱར་དེ་ས་སྐྱ་ནས་རྩེ་ཆེན་ན་ཕེབས་འདུག་པ་ལ་མངོན་པ་མཛོད་ཀྱི་རང་འགྲེལ་གྱི་སྟེང་ནས་མཛུབ་ཁྲིད་དུ་མཛད་དེ་གསན་པས། གཞུང་གི་ཚིག་རིས་ཙམ་ལ་བརྟེན་པ་མ་ཡིན་པར། བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པའི་དོན་གྱི་ཁོག་ལེགས་པར་བསྒྲིགས་ནས་འགངས་འཆུན་པའི་གོ་བ་བོགས་ཆོད་དུ་སྟེར་ནུས་པ་ཞིག་འདུག་པས་དད་པ་ཆེན་པོ་འཁྲུངས། གང་གསུང་ཐམས་ཅད་ལན་རེ་ཁོ་ནས་ཚིག་དོན་ལྷག་མ་མེད་པར་ཐུགས་སུ་ཆུད་ཅིང་། དཀའ་བའི་གནད་རྣམས་ལ་དྲི་གཏུགས་ལེགས་པར་མཛད་པས། རྗེ་བཙུན་པ་ཡང་ཤིན་ཏུ་ཐུགས་འཕྲོགས་པར་གྱུར་ཏེ། ཁྱེད་ལ་མཛུབ་ཁྲིད་བྱེད་པ་ལ་ལེགས་པར་བསྒྲིམ་དགོས་པ་འདུག་ཅེས་གསུངས་པ་དང་། ཡང་རྗེ་རིན་པོ་ཆེ་འདིས་བླ་མ་རྗེ་བཙུན་རེད་མདའ་བའི་ཞལ་སྔ་ནས་ལ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་བཤད་པ་ཚར་གཅིག་གསན། དེ་དུས་རྗེ་བཙུན་པའི་ཞལ་སྔ་ནས། སྔགས་ཀྱི་རྩད་གཅོད་དེ་ཙམ་མཛད་པ་ལ་ཡུན་རིངའགྱང་། ད་ལྟ་སྡེ་སྣོད་ཀྱི་བཤད་པས་ཕན་ཐོགས་རྒྱ་ཆེན་པོ་འོང་གིན་འདུག་པས། རེ་ཞིག་བཤད་པ་མཛད་པ་མི་འཐད་དམ་ཞེས་གསུངས་པ་ལ། བདག་སྔགས་ཀྱི་ཕྱོགས་ལ་འདུན་པ་དྲག་པོ་བདོག་པས་སྔོན་ལ་སྔགས་ཕྱོགས་ཀྱི་རྩད་གཅོད་བགྱིད་པ་ལགས་ཞེས་ཞུས་གསུང་པ་གཉིས་ལས། ཁོང་གི་ཁ་རུ་ཁ་ཐུག་གི་དྲི་གཏུགས་ནན་མོ་དང་། ཐུགས་བཞེད་དགོངས་འཆར་ངོ་འཛིན་དང་མངོན་ལྐོག་མེད་པར་ཐད་གར་དྲང་བོ་གསུངས་པའི་ཐུགས་གཤིས་གཉིས་གོ་ཡོང་བ་ཡིན།

བཞི་བ།

དེ་བས་ཀྱང་རྗེ་བླ་མ་མཚུངས་པ་མེད་པ་འདི་ནི། <<ཡཱུ་ཀོང་གིས་རི་བོ་སྤོ་བ་>>ཞེས་པའི་རྒྱ་ནག་གི་གནའ་བོའི་ལེགས་བཤད་གཏམ་རྒྱུད་མིང་གྲག་ཅན་ཅིག་ཡོད་པ་དེའི་དོན་སྙིང་དང་འདྲ་བོ། ཁྲོ་ལྕགས་ཀྱི་ཕ་བོང་ཞིག་ལ་མི་སྐད་ལབ་པར་བྱ་དགོས་ཐུག་ཀྱང་བྱ་ཐུབ་པའི། དྲང་ཚུགས་བརྟན་པོ་དང་། དཔའ་ཞིང་སྲན་ཚུགས་པ། གང་ལའང་འཇིགས་ཞུམ་མ་མཆིས་པ་ཞིག་ཡོད་པ་ནི། རྗེ་མཁས་གྲུབ་པའི་དད་པའི་འཇུག་ངོགས་ལས། དེ་ཡང་ཆོས་རྗེ་དེའི་དྲུང་དུ་ཐོག་མར་ཕེབས་མ་ཁད་ནས། གསུང་རབ་ཀློག་པ་པོ་མང་དུ་འདུག་པ་རྣམས་གཟིགས་ཤིང་ཐུགས་ཀྱི་དཔྱད་པས། དེ་ཙམ་གྱིས་ཀློག་རང་ཉིད་ཀྱིས་ཐོགས་མེད་དུ་འདོན་པར་ནུས་པ་བྱུང་ཞིང་ཆེད་དུ་གཏད་ནས་བསླབ་དགོས་པ་མ་བྱུང་། དབང་ཐོབ་ནས་རབ་ཏུ་མ་བྱུང་གོང་དགུང་ལོ་བདུན་དུ་ཉེ་བ་ཙམ་གྱི་དུས་ཉིད་དུའང་། བདེ་མཆོག དགྱེས་རྡོར ཀུན་རིག གཤིན་རྗེའི་གཤེད་ལ་སོགས་པའི་དཀྱིལ་ཆོག་མང་པོ་ཐུགས་ལ་བཟུང་། བདེ་མཆོག་དྲིལ་བུ་བའི་བདག་འཇུག་ཀྱང་ལན་མང་དུ་མཛད་ཅིང་། ལྷའི་རྣལ་འབྱོར་དང་བཟླས་པའི་རིམ་པ་ལ་སོགས་པ་ལ་གཅིག་ཏུ་གཞོལ་བར་མཛད་པ་ཡིན་གསུང་ཞེས་པ་དང་། དེ་ནས་དབུས་གཙང་དུ་སློབ་གཉེར་དུ་ཕེབས་པར་ཡང་དེ་ཉིད་ལས། དེ་ལྟར་དགུང་ལོ་བཅུ་དྲུག་པའི་ཚེ། བླ་མའི་བཀས་ཀྱང་བསྐུལ་ཞིང་། བདག་ཉིད་ཀྱང་སྤྲོ་ཤུགས་དྲག་པོས་དབུས་གཙང་གི་ཕྱོགས་ལ་འབྱོན་པར་བརྩམས་ཤིང་ཞེས་དང་། དེའི་ཚུལ་ཆ་ཧར་བ་བློ་བཟང་ཚུལ་ཁྲིམས་ཀྱི་<<རྗེའི་རྣམ་ཐར་བདེ་ལེགས་ཀུན་འབྱུང་>>ལས་ཀྱང་། ད་ལྟ་ཡང་བསྟན་པའི་རྒྱུན་ཅུང་ཟད་གནས་པའི་ཡུལ་གྱི་མཆོག་ཏུ་གྱུར་པ་ནི་དབུས་གཙང་གི་གནས་དེ་ཡིན་པས། ཕྱོགས་དེའི་དགོན་སྡེ་རྣམས་སུ་སློབ་གཉེར་ལ་འགྲོ་བར་བྱ་སྙམ་པའི་བཞེད་པ་རྒྱུན་ཏུ་འཁྲུངས་ཤིང་། དམ་པའི་ཆོས་འཚོལ་བ་ལ་དཔའ་ཞིང་བརྟུལ་ཕོད་པ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟར། ཡུལ་ཐག་རིང་པ་དང་བགྲོད་དཀའ་བས་ངལ་དུབ་འབྱུང་བ་སོགས་ལ་ཅུང་ཟད་ཀྱང་མི་བལྟ་བར་ཡོན་ཏན་སློབ་པ་ཁོ་ན་ལ་ཐུགས་གཞོལ་བར་གྱུར་ཏོ་ཞེས་པ་ནི་དམ་པ་འདིའི་ངང་ཚུལ་ཁོ་ནའོ།

དབུས་གཙང་དུ་སླེབས་ནས་ཐོས་བསམ་སློབ་གཉེར་གྱི་གནས་སྐབས་སུའང་། <<དད་པའི་འཇུག་ངོགས་>>ལས། དེ་ཡང་དེའི་ཚེ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་མཐར་ཐུག་པའི་ལྟ་བ་དང་། གསང་བ་འདུས་པའི་ལམ་རིམ་པ་ལྔ། དེའི་ནང་ནས་ཀྱང་སྒྱུ་ལུས་འདི་ཤིན་ཏུ་རྟོགས་དཀའ་བ་དང་། རྟོགས་ན་དོན་ཆེ་ཞིང་མ་རྟོགས་ན་ནི་ལོག་པར་ལྟུང་བའི་གཡང་སའང་ཤིན་ཏུ་ཆེ་ལ། དེ་ཁོ་ན་ཉིད་བསྒོམ་པ་དང་། སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་སངས་རྒྱས་འཚོལ་བ་སོགས་ཚིག་ཙམ་དུ་འགྱུར་བར་དགོངས་ཏེ། འདི་དག་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་བཞིན་འཁྲུལ་མེད་དུ་སྟོན་པའི་བཤེས་གཉེན་དམ་པ་རྒྱ་བོད་བལ་གསུམ། དབུས་གཙང་ཁམས་གསུམ་སོགས་གང་ན་ཡོད་ཀྱང་དེའི་ཁུངས་ཤིག་རྙེད་ན་ནི། དེ་འཚོལ་བའི་ཕྱིར་དུ་ལུས་སྲོག་ཐེད་ལ་བོར་ནས་དཀའ་བ་ཅི་བྱུང་ཡང་དང་དུ་བླངས་ཏེ། ད་ལྟ་ཉིད་དུའང་འགྲོ་དགོས་དགོངས་པ་སྙིང་ནས་ཤུགས་དྲག་པོ་དེའི་ཚེ་ཡོད་ཅེས་རྗེ་ཉིད་གསུང་ངོ་ཞེས་དང་། རྗེའི་ཞལ་ནས་ང་ལ་སྔགས་ཀྱི་ཕྱོགས་ལ་གཞན་གྱིས་བསྐུལ་དགོས་པ་མེད། ཆུང་ངུ་ནས་འདི་ལ་ཤེས་འདོད་དྲག་པོ་ཡོད་ཅིང་། དེ་ཡང་རྒྱུད་སྡེ་མཐའ་དག་ཡོངས་སུ་རྫོགས་པར་བསླབ་དགོས་སྙམ་པ་ཞིག་དང་པོ་ནས་ཡོད་ལ་ཅེས་གསུང་ངོ་ཞེས་དང་། ཡང་རྗེ་ཉིད་ཀྱི་ཞལ་ནས། ཇི་འདྲ་བ་རྟོགས་དཀའ་བ་ཞིག་ཡིན་ནའང་། ཐོག་མར་རིགས་པས་ཞིབ་ཏུ་དཔྱད་པས་ཕལ་ཆེར་དགོངས་འོང་། དེ་ལྟར་མཛད་ཀྱང་ཐུགས་ངེས་མཐའ་ཆོད་པ་འདྲེན་མ་ཐུབ་པ་རྣམས་ལ། བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ཐ་མི་དད་ལ་གསོལ་བ་དྲག་ཏུ་བཏབ་ཅིང་མཎྜལ་ཕུལ་བས། དེ་མ་ཁད་འབད་མེད་དུ་དཔྱིས་ཕྱིན་པར་དགོངས་ནས་འོང་བ་བསྙོན་མི་ནུས་པར་ཡོད་ལ་ཞེས་སོགས་གསུངས་པ་རྣམས་ལས། རྗེ་བླ་མ་ནི་ཐོས་བསམ་སློབ་གཉེར་སྤྱི་དང་། ཁྱད་པར་དུ་བསྟན་པ་དང་འགྲོ་བའི་དོན་ཁོ་ན་ལ་དམིགས་པའི་བློ་སྟོབས་དང་ཐུགས་བསྐྱེད་ཇི་འདྲ་མཆིས། ཚིག་གི་ལམ་ནས་ཇི་བཞིན་བརྗོད་མི་ནུས་ཤིང་མི་ཤེས་པར་གདའ་འོ། གོང་དུ་དྲངས་ཟིན་དང་ཕྱིས་དྲང་འགྱུར་གྱི་ལུང་ཚིག་དུ་མ་དང་རྣམ་ཐར་དག་ལས། བླ་མ་མཚུངས་པ་མེད་པ་འདིའི་ཐུན་མོང་མ་ཡིན་པའི་གནས་རོལ་ཙམ་དང་། ཁོང་གི་ཞུམ་མེད་ཀྱི་བློ་སྟོབས་དང་ལྷད་མེད་ཀྱི་ཐུགས་གཤིས་སོགས། རྒྱུས་ལོན་དང་ཤེས་རྟོགས་ཡོང་བ་ལ་མིག་ཆེན་ལ་གཟིགས་ཆེན་བསྟན་པ་ནང་བཞིན་ཡོད་པས། དེ་ཡང་བྱིན་རླབས་ཀྱི་ཚན་ཁའི་ཁྱད་དང་ཁུངས་བཙུན་བློ་གཏོད་ཕེར་བར་རྗེ་མཁས་གྲུབ་པའི་རྗེའི་རྣམ་ཐར་ཆེན་མོ་རྩ་འཛིན་གང་ཐུབ་བྱས་ཡོད།

 ལྔ་བ།
ད་ནི་གལ་བོ་ཆེ་ལ་ནན་ཏན་གྱི་མིག་འབྱེད་པ་ཞིག་ལ་ནི། ཕྱི་རབས་ནས་མི་རབས་རབས་ལ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ཞུ་བ་དེ། དོན་དམ་པར་སྐྱེས་བུ་ཆེན་པོ་ཇི་འདྲ་བ་ཞིག་ཡོད་ཀྱི་ངེས་ཤེས་ཟབ་མོ་འབྱུང་བ་དང་། རྩོམ་པ་འདིའང་མཐར་ཕྱིན་པའི་ཡན་ལག་ཏུ་དོན་གྱི་གནད་གསུམ་དུ་དྲིལ་བའི་སྡོམ་ཞིག་བརྒྱབ་པ་ཡིན་ན། ཆ་ཧར་བློ་བཟང་ཚུལ་ཁྲིམས་པའི་<<རྗེའི་རྣམ་ཐར་བདེ་ལེགས་ཀུན་འབྱུང་>>ལས། རྗེ་བཙུན་རེད་མདའ་བ་ཆེན་པོ་མངའ་རིས་ནས་དགའ་བ་གདོང་དུ་ཕེབས། རྗེ་རིན་པོ་ཆེ་དཔོན་སློབ་ཆེས་མང་པོས་སེར་སྦྲེང་སོགས་བཀུར་སྟི་ཆེན་པོས་བསུས། རྗེ་འདིས་ཕྱག་མཛད་པ་ལ་རེད་མདའ་བས་ཀྱང་ཕྱག་ལན་གནང་། དེ་ལ་རྗེས་ཕྱག་མི་གནང་བ་ནན་གྱིས་ཞུས་ནས་ཕྱག་བཟློག་ཅེས་བླ་མའི་ཡང་བླ་མར་གྱུར་བའི་རྣམ་ཐར་ཏེ། དེ་ཡང་རྗེ་མཁས་གྲུབ་པའི་<<རྗེའི་རྣམ་ཐར་དད་པའི་འཇུག་ངོགས་>>ལས། དེ་ཡང་ཁོ་བོ་ལ་གཞན་གྱིས་སྟན་བཟང་བོ་བཤམས་པ་དང་། གུས་པའི་བསྙེན་བཀུར་སོགས་ཅི་ཙམ་བྱས་པ་དེ་ཙམ་གྱིས་ཆེད་དུ་བསམ་མི་དགོས་པར་དུས་དེའི་གནས་སྐབས་རང་དུ། འདི་ཐམས་ཅད་མི་རྟག་ཅིང་ཡིད་བརྟན་ཏུ་མི་རུང་བ། སྒྱུ་མའི་བློ་བྲིད་དང་འདྲ་བ་ཡིན་སྙམ་པའི་སྐྱོ་བ་ཤུགས་དྲག་པོ་སྣང་བ་བུན་ལོང་དུ་ཐོངས་པ། ཡིད་གཏིང་ནས་འགྱུར་བ་རྒྱུན་རིང་པོ་རེ་སྐྱེ་བ་ཞིག་དང་པོ་ཉིད་ནས་རང་ཆས་སུ་ཡོད་པ་ཡིན་ཞེས་གསུང་ཞེས་དང་། གཞན་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དང་གསུང་གི་སྣང་བ་སོགས་ཀྱི་རྣམ་པར་ཐར་བ་ཞིབ་པར་ནི་དངོས་སུ་ཡོངས་ལ་བསྒྲག་པར་མི་ནུས་མོད། འོན་ཀྱང་གསུང་རབ་ཀྱི་དོན་ལ་ཚུལ་ཇི་ལྟར་དཔྱོད། དཔྱད་པ་རྫོགས་མ་རྫོགས་ཉམས་ལེན་གྱི་གནད། གདུལ་བྱ་ཇི་ལྟར་བཀྲི། འཁོར་ཇི་ལྟ་བུར་བསྟེན། གནས་ཇི་ལྟ་བུར་བཞུགས་པ་སོགས་ཕལ་ཆེར་རང་བཟོས་ཞུགས་པ་མ་བྱས་ཞེས་གསུང་ངོ་ཞེས་པ་དང་། གསུང་བགྲོས་འདི་བཞིན་རྗེ་ནས་བླ་མ་དབུ་མ་བར་སྤྲིངས་པའི་གསུང་འཕྲིན་ལས་ཀྱང་འདུག ཡང་དེ་ནས་གདན་ས་ཐེལ་དུ་བྱོན། སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་པའི་དྲུང་དུ་མཇལ། ལེགས་བཤད་ཀྱི་སྐྱེས་ཕུལ་ཞིང་དམ་པའི་ཆོས་ཀྱི་བཀའ་མཆིད་མཛད་པས་ཆོས་རྗེ་སྤྱན་སྔ་བ་དད་པའི་ཤུགས་ཀྱིས་སྤྱན་ཆབ་བྱུང་། ཕྱིས་ཀྱང་དྲུང་ན་འཁོད་པ་དག་དང་ཕེབས་པའི་མཆིད་གླེང་བ་ན། སྐུ་ན་གཞོན་ནུ་འདི་འདྲ་བ་ལའང་ཡོན་ཏན་གྱི་གཏེར་ཆེན་པོ་འདི་ལྟ་བུ་འདུག་ན། ཁོ་བོའི་སྐྱེ་བ་འདི་འདྲ་བ་ཞེས་ཐུགས་ཕྱུང་བའི་གསུང་ཡང་ཡང་འབྱོན་པའི་གཏམ་གླེང་བར་གྲག་གོ་ཞེས། དེ་དུས་རྗེ་བླ་མ་དགུང་ལོ་ཉེར་ལྔ་ཙམ་ཡིན་ཚོད་ཡོད།

དེ་ལྟར་དང་པོ་ཉིད་ནས་རང་ཆས་སུ་ལོག་འཚོ་དང་ངོ་སྲུང་ལ་སོགས་པའི་ཆོས་བརྒྱད་ཀྱི་རྫབ་རྔམ་པོ་ཆེ་ལས་གཏན་ལོག་པའི་རྣམ་ཐར་གྱི་གནད་དང་། གཉིས་པ་རྗེ་བླ་མའི་རྣམ་ཐར་ཉིད་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་ཐར་ཡིན་པའི་གནད་དང་། གསུམ་པ་དེ་དུས་བོད་ན་རིགས་དང་ལུང་རྟོགས་ཀྱི་ཡོན་ཏན་གང་ཅིའི་ཆ་ནས་འགྲན་པའི་ཟླ་ཐམས་ཅན་དང་བྲལ་བའི་སྤྱན་སྔ་བ་གྲགས་པ་བྱང་ཆུབ་བ་ལྟ་བུའང་། ཁོང་གི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་ཐུགས་འཕྲོགས་ཏེ། དད་པའི་ཤུགས་ཀྱིས་སྤྱན་ཆབ་བྱུང་ཞིང་ཐུགས་ཕྱུང་བའི་མཐོང་དང་གདེང་འཇོག་གི་ཆེ་བའི་གནད་བཅས། རྗེ་བླ་མ་འདིའི་རྣམ་པར་ཐར་བ་རྣམས་ནི་དོན་གྱི་གནད་འདི་གསུམ་ལྡན་དུ་ཡོད་པ་ཀུན་ལ་གོ་བར་བྱ་ཞིངའཕྲོད་པར་གྱིས། དེ་ཕྱིར་དེ་ལྟ་བུའི་སྐྱེས་བུ་རླབས་ཆེ་ཞིང་བླ་ན་མ་མཆིས་ཤིང་གོང་ན་མེད་པ་ཉིད་དེ། དེའི་སྐུའི་བཀོད་པ་ཇི་འདྲ་བར་བཞུགས་པ་དེ་འདྲ་བར་ཡིད་ལ་ཇི་བཞིན་བསྒོམ་ཞིང་། མཆོད་ཅིང་བསྟོད་པ་དང་། དད་ཅིང་བསྙེན་པའི་སྒོ་ནས་རྣམ་ཐར་རྗེས་སུ་དྲན་པ་དང་། གདུང་ཤུགས་དྲག་པོས་བྱིན་རླབས་ཞུས་པ་སོགས་ཡིན་ན། ཚོགས་ཀྱི་གསོག་སྟོབས་རྒྱུན་ལྡན་ལས་ཀྱང་ཤིན་ཏུ་ཆེ་བ་སྨོས་མ་དགོས་པས། དེའི་ཆེད་དུའང་མདོར་བསྡུས་ན་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ནི། སྐུ་བརྗིད་ཆེ་བ་དང་དཔའ་ཞིང་དེས་པའི་ཆ་ནས་༧པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་སྐུ་ཕྲེང་བཅུ་བ་ཆེན་པོ་དང་ཇི་འདྲ་བ་དེ་འདྲ་བར་ཡོད་པ་དང་། གསུང་ཚངས་པའི་དབྱངས་འགག་པ་མེད་ཅིང་དེས་ཤིང་འབོལ་བ་དང་། མཁས་ཤིང་མཛངས་བཀྱེད་སོགས་ཀྱི་ཆ་ནས་༧སྐྱབས་མགོན་རིན་པོ་ཆེ་དང་ཇི་ལྟ་བ་དེ་ལྟ་བུར་བཞུགས་པ་ཁོ་ནའོ། ད་དུང་གོང་དུ་དྲངས་པའི་རྣམ་ཐར་དང་། རྣམ་ཐར་གཞན་དང་གཞན་ནས་ཀྱང་ཐོན་པ་དང་། མདོ་སྨད་ཀྱི་གནའ་བོའི་ངག་རྒྱུན་ལའང་། དེ་དུས་དབུས་གཙང་དུ་རྗེ་བླ་མ་འདི་བ་ལ་ཨ་མདོ་སྣ་བོ་ཆེ་ཞེས་ཞུ་རིགས་ཡོད་ཚུལ་གཉིས་མཐུན་ཚབས་ཆེ་བས། རྗེ་མཁས་གྲུབ་པས་ཀྱང་སྨིན་མ་འཇར་ཞིང་ཤངས་ཀྱི་གཟེངས་མཐོ་བར་གསུངས་པ་དང་། རྗེ་གཟིགས་པ་ལྔ་ལྡན་གྱི་གཟིགས་པ་བཞི་བར་སྤྱན་དང་ཤངས་ཆེ་བར་གཟིགས་ཚུལ་དང་། གོང་གི་མཁན་ཟང་ཟང་ནེ་རིང་བའི་རྗེའི་རྣམ་ཐར་གྱི་གསུང་བགྲོས་སོགས་གོང་བསྒྲིགས་སྟེ། རྗེའི་འདྲ་སྐུ་སོགས་ལའང་དཔོག་པ་ཡིན་ན། ཁྱད་པར་དུ་རྗེ་སྐུ་ཞབས་སྨྱུང་མ་ལ་བལྟ་བ་ཡིན་ན། རྗེ་བླ་མའི་ཞལ་དབྱིབས་གནས་སྟངས་ནི་ད་ལྟའི་མདོ་སྟོད་པ་བློ་བཟང་སེང་གེ་དང་འདྲ་བོ་ཞིག་མེད་དམ་སྙམ་པ་ཞིག་འདུག་གོ། ཅེས་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་རང་ཅག་སྐྱེས་འགྲོ་ཡོངས་ཀྱི་དཔལ་མགོན་དམ་པར་སྐུའི་མེ་ཏོག་གི་འདབ་ལག་མངོན་པར་བཞད་དེ། མི་ལོ་དྲུག་བརྒྱ་དྲུག་ཅུ་འཁོར་བའི་རྗེས་དྲན་ལ། ཨ་ཚོགས་མཁས་བཙུན་གྱིས་རྗེ་སྐུ་འབུམ་གསེར་གདུང་ཆེན་མོའི་ཁྱམས་སུ་ཉིན་འགར་ཕྱག་འཚལ་བའི་འཕྲོས་ལ་རག་ཟིག་ཏུ་བཀོད་པའོ།

དཔྱད་གཞི་ཡིག་ཆ།
༡ རྗེ་བླ་མ་ལྷོ་བྲག་གྲུབ་ཆེན་དང་མཇལ་ཚུལ་གྲུབ་དབང་རང་གིས་མཛད་པ། ༢ རྗེ་མཁས་གྲུབ་པའི་<རྗེའིརྣམ་ཐར་དད་པའི་འཇུག་ངོགས> <གསང་རྣམ་རིན་པོ་ཆེའི་སྙེ་མ> ༣ རྗེ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་<རྗེའིརྣམ་ཐར་ལེགས་བཤད་ཀུན་འདུས>དེའི་<རྗེའི་གསང་རྣམ> ༤ རྗེ་ལེགས་བཟང་བའི་<རྗེའི་གསང་རྣམ་རབ་གསང་རྨད་བྱུང་གཏམ་གྱི་དགའ་སྟོན> ༥ འབྲུག་རྒྱལ་དབང་བའི་<རྗེའི་རྣམ་ཐར་ངོ་མཚར་ནོར་བུ་ཕྲེང་བ> ༦ མཁན་ཟང་ཟང་ནེ་རིང་བ་འཆི་མེད་རབ་རྒྱས་ཀྱི་རྗེའི་རྣམ་ཐར<དད་ལྡན་དགའ་བྱེད> <ནོར་བུའི་བང་མཛོད> <གསེར་གྱི་མཆོད་སྡོང་> <ཁ་སྐོང་གསེར་གྱི་མྱུ་གུ> ༧ བྲག་སྒོ་རབ་འབྱམས་པའི་<རྗེའི་རྣམ་ཐར་ངོ་མཚར་ལུང་བསྟན་གྱི་རོལ་མོ> ༨ སྒོ་མང་བ་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱི་<རྗེའི་རྣམ་ཐར་རྣམ་དཀར་དད་པ་རྒྱ་མཚོར་རོལ་བའི་འཇུག་ངོགས> ༩ ཆ་ཧར་བློ་བཟང་ཚུལ་ཁྲིམས་ཀྱི་<རྗེའི་རྣམ་ཐར་བདེ་ལེགས་ཀུན་འབྱུང་> ༡༠ འཇམ་དབྱངས་ཁ་ཆེ་བའི<རྗེའི་བསྟོད་པ་ཙོང་ཁ་བརྒྱད་ཅུ>

བསྐྱར་བཅོས།: ༢༠༡༧/༠༩/༡༤

Leave a Reply