ལུ་དྷི་ཡ་ནའི་བོད་མི་སུད་ཚོང་བར་འཕྲོག་བཅོམ་བྱས།

རྒྱ་གར་སྦག་སྦག་བཞོན་མཁན་གཉིས་ཀྱིས་ལུ་དྷི་ཡ་ནར་ཚོང་ཟོག་འདོན་པར་ཕྱིན་པའི་བོད་མི་སུད་ཚོང་བ་གསུམ་གྱི་ཁུག་མའི་ནང་ཧིན་སྒོར་འབུམ་ ༣ དང་དངུལ་ཁང་གི་དངུལ་འཛིན་དེབ་སོགས་ཡོད་པ་འཕྲོག་བཅོམ་བྱས་ཡོད་འདུག

 ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥ ཐོག་བོད་མི་སུད་ཚོང་བ་ཐུབ་བསྟན་དང་ཁོའི་བཟའ་ཟླ་ཉི་མ། དེ་བཞིན་གྲོགས་པོ་གཅིག་བཅས་དགུན་ཚོང་ཆེད། རྒྱ་གར་གྱི་པན་ཇབ་མངའ་སྡེའི་གྲོང་ཁྱེར་ལུ་དྷི་ཡ་ནའི་མེ་འཁོར་འབབ་ཚིགས་སུ་འབྱོར་ཡོད་པ་དང་། ཁོ་ཚོས་རྐང་གསུམ་གླ་འཁོར་ཞིག་གླས་ཏེ་ཤྲི་རཱམ་ཁྲོམ་རྭར་ཕྱིན་པའི་ལམ་བར་དུ། ཧ་ཛ་རི་གཞུང་ལམ་གྱི་ཉེ་འགྲམ་ནས་གློ་བུར་དུ་སྦག་སྦག་བཞོན་པའི་མི་གཉིས་ཐོན་སྟེ། ཁོ་ཚོའི་ལག་ནས་ཁུག་མ་འཕྲོག་སྟེ་བྲོས་ཕྱིན་ཡོད་པ་དང་། ཐུབ་བསྟན་དང་ཁོའི་གྲོགས་པོས་སྦག་སྦག་གི་རྗེས་འདེད་བྱས་ཡོད་ཀྱང་། ཅུང་ཙམ་ལས་མ་འགོར་བར་འཕྲོག་བཅོམ་པ་གཉིས་མིག་གིས་མཐོང་རྒྱུ་མེད་པར་གྱུར་ཡོད་འདུག

 གནས་ཚུལ་བྱུང་རྗེས་ཉེན་རྟོག་པས་གནད་དོན་དེའི་སྐོར་ཞིབ་ཕྲ་ཡིག་ཏུ་ཕབ་ནས་འཕྲོག་བཅོམ་པ་གཉིས་རྩད་གཅོད་གཏོང་བཞིན་ཡོད་པ་མ་ཟད། གནད་དོན་བྱུང་སའི་ཉེ་འཁྲིས་སུ་ཡོད་པའི་གསང་བའི་པར་ལེན་འཕྲུལ་ཆས་(CCTV)ནང་ཞིབ་བཤེར་བྱེད་བཞིན་ཡོད་འདུག

 ཐུབ་བསྟན་དང་ཁོའི་གྲོགས་པོས་ཁུག་མ་དེའི་ནང་ཧིན་སྒོར་འབུམ་ ༣ དང་། ལག་ཐོགས་ཁ་པར་ ༢ ། དེ་བཞིན་དངུལ་ཁང་གི་དངུལ་འཛིན་དེབ་(Bank Cheque Book)ཁ་ཤས་དང་། དེ་སྔོན་ཚོང་ཟོག་བཏོན་པའི་ཁུལ་དེའི་ཚོང་དཔོན་ཁག་གི་དངུལ་གྱི་རྩིས་ཕྲའི་དེབ་བཅས་ཡོད་སྐོར་ཉེན་རྟོག་པར་བརྗོད་ཡོད་པ་མ་ཟད། འཕྲོག་བཅོམ་པས་སྦག་སྦག་གི་སྟེང་དུ་ཨང་གྲངས་དགར་མེད་སྟབས་འཕྲོག་བཅོམ་པས་དེ་སྔོན་ནས་གྲ་སྒྲིག་བྱས་ཏེ་སྒུག་ཡོད་པ་འདྲ་བོ་འདུག ཅེས་བརྗོད་ཡོད་འདུག

ཁོང་ཚོ་ལྡེ་ར་རྡུན་ནས་ཡིན་པ་དང་། ནམ་རྒྱུན་ལུ་དྷི་ཡ་ནར་ཚོང་ཟོག་འདོན་པར་འགྲོ་སྐབས་ཧ་ཛ་རི་གཞུང་ལམ་གྱི་ཉེ་འགྲམ་དུ་ཡོད་པའི་ཤྲི་རཱམ་ཁྲོམ་རྭའི་མགྲོན་ཁང་ཞིག་ཏུ་གནས་སྡོད་བྱེད་ཀྱི་ཡོད་འདུག

 བོད་མི་སུད་ཚོང་བར་གནད་དོན་དེ་འདྲ་ཁུལ་དེར་སྔོན་ཆད་ཐེངས་ཁ་ཤས་བྱུང་མྱོང་ཡོད་པ་མ་ཟད། དེང་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མ་ཇི་ནུ་ཀ་ཊི་ལ་ར(Majnu Ka Tilla)བོད་མིའི་བསམ་ཡས་གླིང་དུའང་གནད་དོན་དེ་འདྲ་འབྱུང་བཞིན་ཡོད་པ་རེད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༩/༡༦

Leave a Reply

2 thoughts on “ལུ་དྷི་ཡ་ནའི་བོད་མི་སུད་ཚོང་བར་འཕྲོག་བཅོམ་བྱས།

  1. དོན་གྲུབ་བཟང་པོ།

    དངུལ་མང་པོ་དེ་འདྲའི་འཁུར་དགོས་དོན་ཅི།དེ་སང་དངུལ་བརྒྱུད་ནས་གཏོང་ཡ་ཡོག་རེད།ད་སྐྱག་ལམ་སོར་ཚར་ན་མ་འོང་པ་བོད་མི་ཚང་མ་དཀའ་ངལ་འཕྲད་སྲིད།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    རྐུ་མ་དང་ཇག་པ་ལ་དུས་ཚོད་ངེས་གཏན་མེད་ན་བོད་མི་བལ་ཚོང་ཚོའི་ཟབ་ཟབ་གནང་དགོས་པ་ཤིན་ཏུ་ནས་གལ་ཆེའོ་།
    རྐུན་རྒྱབ་ཇག་ལངས་ཇག་རྒྱབ་དཔོན་ལངས་ཟེར་བའི་དཔེ་ན་མིན་ན་ལེགས་།