མུམ་བྷེ་གནམ་ཐང་དུ་བོད་མི་གཉིས་འཛིན་བཟུང་བྱས།

ཕྱི་སྐྱོད་ལག་ཁྱེར་གྱི་འདྲ་པར་བརྗེས་ཏེ་ཧྥ་རན་སིར་འགྲོ་མཁན་བོད་མི་གཉིས་རྒྱ་གར་གྲོང་ཁྱེར་མུམ་བྷེ་གནམ་ཐང་དུ་ཞིབ་བཤེར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

ཁ་སང་རྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་མི་དཀོན་མཆོག་དབང་འདུས་ (Kunchok Wangdue) དང་ཚེ་རིང་སྒྲོལ་དཀར་ (Tsering Dolkar) ཟེར་བ་གཉིས་ཀྱིས། བསོད་ནམས་ཡུམ་ལུ་ (Sonam Yomlu) ཟེར་བ་ཞིག་བརྒྱུད་དེ་མ་ལེ་ཞི་ཡའི་མི་སེར་ལག་འཁྱེར་གྱི་འདྲ་པར་བརྗེས་ཏེ། རྒྱ་གར་ནས་ཧྥ་རན་སིར་འགྲོ་རྩིས་བྱས་ནས་མུམ་བྷེ་གནམ་ཐང་དུ་འབྱོར་སྐབས། གནམ་ཐང་གི་ཞིབ་བཤེར་ཉེན་རྟོག་པས་བོད་མི་དེ་གཉིས་ཀྱི་ཕྱི་སྐྱོད་ལག་འཁྱེར་གྱི་འདྲ་པར་རྫུན་མ་ཡིན་པ་ཤེས་ཏེ་ཁོང་གཉིས་འཛིན་བཟུང་བྱས་ཡོད་འདུག

མུམ་བྷེ་གྲོང་ཁྱེར་ཉེན་རྟོག་ཁང་གིས། བོད་མི་དཀོན་མཆོག་དབང་འདུས་རང་ལོ་ ༣༩ དང་ཚེ་རིང་སྒྲོལ་དཀར་རང་ལོ་ ༣༢ ཡིན་པ་དང་། ཁོང་གཉིས་བོད་པ་ཡིན་ཞིང་། ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་ཁོང་གཉིས་མུམ་བྷེ་གྲོང་ཁྱེར་དུ་ཡོང་སྟེ་གནམ་ཐང་ཉེ་འགྲམ་གྱི་མགྲོན་ཁང་ཞིག་གི་ནང་བསྡད་ཡོད་པ་དང་། ཁོང་གཉིས་ཀྱིས་མུམ་བྷེ་གནམ་ཐང་ནས་ཨ་མེ་ཌ་བྷ་ཌ་གནམ་ཐང་ (Ahmedabad Airport) བརྒྱུད་ཧྥ་རན་སིར་བསྐྱོད་པའི་གནམ་གྲུའི་འཛིན་བྱང་ཉོས་ཡོད་པ་དང་། དེ་སྔོན་ནས་དུས་བཅད་བཟོས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢ ཉིན་བོད་མི་དེ་གཉིས་ཀྱིས་མུམ་བྷེ་གནམ་ཐང་གི་ཐོན་སྒོ་ཨང་ ༦༩ བརྒྱུད་སྐབས། བསོད་ནམས་ཡུམ་ལུ་ཟེར་བའི་མི་དེར་ཐུག་འཕྲད་བྱས་ཏེ། མི་དེས་ཁོང་གཉིས་ལ་ཕྱི་སྐྱོད་ལག་འཁྱེར་གཉིས་སྤྲད་ཡོད་པ་དང་། ལག་འཁྱེར་དེ་གཉིས་མ་ལེ་ཞི་ཡའི་མི་སེར་ཧོང་ཧེན་ (Hong Hing) དང་ཡེན་ཕིན་ (Yen Peng) ཟེར་བ་གཉིས་ཀྱི་ཡིན་འདུག ཉེན་རྟོག་པས་ཞིབ་བཤེར་བྱེད་སྐབས། བོད་མི་དེ་གཉིས་ཀྱི་རྒྱབ་ཁུག་ནང་དུ་ཁོང་གཉིས་ཀྱི་འདྲ་པར་ལ་བརྗེས་པའི་མ་ལེ་ཞི་ཡའི་མི་སེར་དེ་གཉིས་ཀྱི་འདྲ་པར་ཡོད་པ་དང་། ད་ཆར་བསོད་ནམས་ཡུམ་ལུ་ཟེར་བ་དེ་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ཉེན་རྟོག་པས་མི་དེ་རྩད་གཅོད་བཞིན་ཡོད་སྐོར་བརྗོད་འདུག

ཉེན་རྟོག་པས་ད་དུང་། བོད་མི་དེ་གཉིས་ཀྱི་ཕྱི་སྐྱོད་ལག་འཁྱེར་དང་གནམ་གྲུའི་འཛིན་བྱང་། གནམ་ཐང་ཉེ་འཁྲིས་ཀྱི་མགྲོན་ཁང་ནང་བསྡད་པ་སོགས་ཚང་མ་བསོད་ནམས་ཡུམ་ལུ་ཟེར་བའི་མི་དེས་གོ་སྒྲིག་བྱས་ཡོད་པ་དང་། ཉེན་རྟོག་པས་འདྲི་གཅོད་བྱེད་སྐབས། བོད་མི་དེ་གཉིས་ཀྱིས་ཉེན་རྟོག་པར་ཁོང་གཉིས་ཧྥ་རན་སིར་འཚོགས་འཆར་ཡོད་པའི་བགྲོ་གླེང་ཚོགས་ཆེན་ཞིག་ལ་འགྲོ་ཡི་ཡོད་པ་དང་། བསོད་ནམས་ཡུམ་ལུ་ཟེར་བ་དེས་ཁོང་གཉིས་ལ་ཕྱི་སྐྱོད་ལག་འཁྱེར་རྫུན་མ་སྤྲད་ནས་མགོ་སྐོར་བཏང་བ་རེད། ཅེས་བཤད་ཡོད་སྐོར་ཡང་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༩/༡༦

Leave a Reply

One thought on “མུམ་བྷེ་གནམ་ཐང་དུ་བོད་མི་གཉིས་འཛིན་བཟུང་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    བོད་མིའི་ལས་དབང་ཌོ་ལར་རྗེས་ལ་རྒྱུགས་།
    ལམ་འགྲོ་མ་རྒྱུགས་ཉེན་རྟོགས་མི་སྣས་བཀག་།
    དངོས་སྒྲུབ་ཕར་བཞག་རྫོག་འགོའི་དཔེ་ལྟར་ལ་།
    མ་འོངས་བོད་མི་ཚང་མས་སྤྱང་དྲུང་ཟབ་།