མེག་སི་ཁོ་རུ་ཚད་རིམ་༧.༡ཅན་གྱི་ས་ཡོམ་བརྒྱབས།

ཨ་རིའི་བྱང་རྒྱུད་རྒྱལ་ཁབ་མེག་སི་ཁོའི་ནང་ཚད་རིམ་ ༧.༡ ཅན་གྱི་ས་ཡོམ་བྱུང་སྟེ་ད་ལྟའི་ཆར་ཡུལ་མི་ ༡༤༠ ལྷག་གི་ཚེ་སྲོག་ཤོར་ཡོད་འདུག

ཁ་སང་ཉིན་རྒྱབ་ཆུ་ཚོད་ ༡།༡༤ སྟེང་བྱང་ཨ་རིའི་རྒྱལ་ཁབ་མེག་སི་ཁོ་གྲོང་ཁྱེར་(Mexico City) གྱི་གཙོས་པའི་ཡུལ་དེའི་མཱོ་རཱོ་ལཱོ་སི་མངའ་སྡེ་ (Morelos State) དང་། ཕུ་བྷལ་མངའ་སྡེ་ (Puebla State)། གྷུར་རཱི་རཱོ་མངའ་སྡེ་ (Guerrero State) སོགས་ཀྱི་ནང་ཚད་རིམ་ ༧.༡ ཅན་གྱི་ས་ཡོམ་བྱུང་སྟེ། ད་ལྟའི་ཆར་ཡུལ་མི་ ༡༤༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་མ་ཟད། ཡུལ་མི་ཤི་རྨས་ཀྱི་གྲངས་ཚད་རིམ་པས་འཕར་བཞིན་ཡོད་པ་དང་། ཡུལ་མི་ས་ཡ་ ༢ ལྷག་ལ་གློག་དང་ཁ་པར་བརྡ་རྟགས་ཆད་པའི་དཀའ་ངལ་བྱུང་ཡོད་འདུག

ཨ་རིའི་ས་ཡོམ་རྟོག་ཞིབ་ཚན་པས་ཐེངས་འདིའི་ས་ཡོམ་གྱི་ཁྱབ་ཚད་སྤྱི་ལེ་ ༡༢༠ དང་གཏིང་ཚད་ལ་སྤྱི་ལེ་ ༥༡ ཡོད་སྐོར་བརྗོད་འདུག་ལ། ས་ཡོམ་བྱུང་བའི་སྐབས་དེར་མེག་སི་ཁོ་གྲོང་ཁྱེར་ནང་མི་མང་གིས་ཕྱི་ལོ་ ༡༩༨༥ ལོར་མེག་སི་ཁོ་གྲོང་ཁྱེར་ནང་ཚད་རིམ་ ༨ ཅན་གྱི་ས་ཡོམ་བྱུང་སྟེ་ཡུལ་མི་ ༡༠༠༠༠ ལྷག་གི་ཚེ་སྲོག་ཤོར་ནས་མི་ལོ་ ༣༢ འཁོར་བའི་དུས་དྲན་སྲུང་གཙི་བྱེད་བཞིན་ཡོད་འདུག

མེག་སི་ཁོ་གྲོང་ཁྱེར་སྤྱི་ཁྱབ་ཨན་གྷིལ་མན་སི་ར་ (Angel Mancera) ཡིས། མེག་སི་ཁོ་གཞུང་གིས་ད་ཆར་ས་ཡོམ་བྱུང་བའི་ས་གནས་ཁག་ ༤༤ ནང་མི་མང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་ཡོད་སྐོར་བརྗོད་འདུག

མེག་སི་ཁོ་གྲོང་ཁྱེར་གྱི་མི་སེར་སྲུང་སྐྱོབ་ཚན་པའི་མགྲིན་ཚབ་པ་ཞིག་གིས། ད་ལྟའི་ཆར་ཁྱོན་ཡུལ་མི་ ༡༤༩ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། ཐེངས་འདིའི་ས་ཡོམ་གོད་ཆག་ཁྲོད་མེག་སི་ཁོ་གྲོང་ཁྱེར་གཅིག་པུའི་ནང་ཁང་རྩེག་ ༣༠ ལྷག་རྡིབ་སྐྱོན་བྱུང་ཡོད་སྐོར་བརྗོད་འདུག

ཟླ་སྔོན་མར་མེག་སི་ཁོ་ལྷོ་རྒྱུད་དུ་ཚད་རིམ་ ༨.༡ ཅན་གྱི་ས་ཡོམ་བརྒྱབས་པའི་ཁྲོད་ཉུང་མཐར་ཡུལ་མི་ ༩༠ ཚེ་སྲོག་ཤོར་ཡོད་འདུག

མེག་སི་ཁོ་གྲོང་ཁྱེར་ནི་འཛམ་གླིང་སྟེང་མི་གྲངས་མང་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་པ་དང་། ད་ལྟ་མི་གྲངས་ས་ཡ་ ༢༠ ལྷག་འཚོ་སྡོད་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༩/༢༠

Leave a Reply