རྒྱ་དཀར་ནག་གཉིས་བར་ཆུའི་ཐོག་རྩོད་རྙོག་བྱུང་།

རྒྱ་ནག་གིས་ཡར་ཀླུང་གཙང་པོའི་ཆུ་མཛོད་གཏོར་ཏེ་རྒྱ་གར་བྱང་ཤར་ས་གནས་ཁག་ལ་ཆུ་ལོག་རྒྱུག་མི་ཡོང་ངམ་བསམ་པའི་ཞེད་སྣང་སྐྱེས་བཞིན་ཡོད་པ་རེད།

ཕྱི་ཚེས་ ༡༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་༢ རིང་རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་བྱུང་སྟེ་ཉེ་སྔོན་འདུམ་འགྲིག་བྱུང་ཡོད་ཀྱང་། རྒྱ་གར་གཞུང་གིས་ད་ལོ་ཆར་དུས་སྐབས་རྒྱ་ནག་ཕྱོགས་ནས་རྒྱ་དཀར་ནག་གཉིས་བར་ཆུའི་ཐོག་གྲོས་ཆོད་བཞག་ཡོད་མེད་ལ་མ་བལྟས་པར་ཡར་ཀླུང་གཙང་པོའི་ཆུའི་འཕེལ་འགྲིབ་ཀྱི་གནས་སྟངས་སྐོར་གང་ཡང་འབྱོར་མེད་སྐོར་བརྗོད་དེ་རྒྱལ་ཁབ་གཉིས་བར་ཆུའི་ཐོག་ནས་རྩོད་རྙོག་འབྱུང་བཞིན་ཡོད་འདུག་ལ། ཆར་དུས་སྐབས་ལོ་རྟག་པར་ཡར་གཙང་པོའི་འཕེལ་འགྲིབ་མི་སྙོམ་པའི་གནས་སྟངས་འོག རྒྱ་གར་དང་བྷང་ལཱ་ཌི་ཤིའི་ནང་ཆུ་ལོག་རྒྱུག་སྟེ་གྱོང་གུད་ཆེན་པོ་ཐེབས་བཞིན་ཡོད་པ་རེད།

རྒྱ་དཀར་ནག་གཉིས་བར་གྱི་ཆུའི་གྲོས་ཆོད་ནང་དུ། མཐོ་སྒང་དུ་ཡོད་པའི་རྒྱལ་ཁབ་དེས་ས་བབ་དམའ་སའི་རྒྱལ་ཁབ་དེར་ལོ་རེའི་ཕྱི་ཟླ་  ༤ པའི་ཚེས་ ༡༥ ནས་ཕྱི་ཟླ་ ༡༡ པའི་ཚེས་ ༡༥ བར་གྱི་ཡར་ཀླུང་གཙང་པོའི་འཕེལ་འགྲིབ་སྙན་ཐོ་མཁོ་སྤྲོད་བྱ་དགོས་ཀྱི་ཡོད་པ་དང་།  སྙན་ཐོ་དེ་བརྒྱུད་ས་བབ་དམའ་སའི་རྒྱལ་ཁབ་དེས་ཆུ་ལོག་སྔོན་འགོག་བྱེད་ཐུབ་ཀྱི་ཡོད་ཀྱང་།  ཟླ་སྔོན་མའི་ནང་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རཱ་བི་ཤི་གཱོ་མཱར་(Raveesh Kumar)ལགས་ཀྱིས། ང་ཚོར་ད་བར་རྒྱ་ནག་ཕྱོགས་ནས་ཆུའི་འཕེལ་འགྲིབ་ཀྱི་སྙན་ཐོ་གང་ཡང་འབྱོར་མེད་པ་དང་། ང་ཚོས་རྒྱུ་རྐྱེན་གང་ཡིན་གསལ་པོ་མ་ཤེས་ཡང་། རྒྱ་ནག་ཕྱོགས་ནས་འཕྲུལ་ལམ་བརྟག་དཔྱད་བརྒྱུད་ཆུའི་འཕེལ་འགྲིབ་སྙན་ཐོ་ཞིག་ང་ཚོར་མཁོ་སྤྲོད་བྱ་དགོས་པ་ཆགས་ཡོད། ཅེས་བརྗོད་ཡོད་པ་རེད།

བདུན་ཕྲུག་སྔོན་མའི་ནང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀིན་ཧྲང་(Geng Shuang)གིས། ལོ་སྔོན་མར་ཆུ་ལོག་རྒྱུག་སྟེ་ཆུའི་འཕེལ་འགྲིབ་ཚོད་ལྟ་བྱེད་པའི་འཕྲུལ་ཆས་ཁག་ལ་གཏོར་བཤིག་ཐེབས་པར་བརྟེན།  ད་ལོ་འཕྲུལ་ཆས་གསར་བཟོ་དང་། ཆུའི་ཐོག་ལས་གཞི་རྒྱ་སྐྱེད་གཏོང་གིན་ཡོད་སྟབས། ད་ལྟ་ང་ཚོས་ཡར་ཀླུང་གཙང་པོའི་འཕེལ་འགྲིབ་ཚོད་ལྟ་བྱེད་ཐུབ་ཀྱི་མིན་འདུག  ཅེས་བརྗོད་ཡོད་འདུག

ཡང་བྷང་ལེང་ཌི་ཤི་ཡི་ཆུའི་བློན་ཆེན་ཨི་སི་ལམ་གྱིས། ང་ཚོར་རྒྱ་ནག་ཕྱོགས་ནས་ཕྱི་ལོ་ ༢༠༠༢ ནས་བོད་ནས་རྒྱུག་བཞིན་པའི་ཡར་ཀླུང་གཙང་པོའི་འཕེལ་འགྲིབ་སྙན་ཐོ་འབྱོར་གྱི་ཡོད་པ་དང་། ཉིན་འགའི་གོང་དུའང་རྒྱ་ནག་གིས་ཡར་ཀླུང་གཙང་པོའི་འཕེལ་འགྲིབ་སྙན་ཐོ་ཞིག་འབྱོར་སོང་།  ཞེས་བརྗོད་ཡོད་པ་རེད།

རྒྱ་ནག་གིས་ཆུ་འབོར་ཆེན་གསོག་འཇོག་བྱེད་ཀྱི་མེད་སྐོར་བརྗོད་བཞིན་ཡར་ཀླུང་གཙང་པོའི་ཐོག་ཆུ་མཛོད་མང་པོ་བརྒྱབས་ཡོད་སྟབས། རྒྱ་གར་བྱང་ཤར་ས་གནས་མང་པོས་ཉིན་ཞིག་རྒྱ་ནག་གིས་ཆུ་འབོར་ཆེན་ཞིག་རྒྱ་གར་ནང་གཏང་མི་ཡོང་ངམ་བསམ་པའི་ཞེད་སྣང་སྐྱེས་བཞིན་ཡོད་པ་དང་། དེ་བཞིན་ཆར་དུས་མིན་སྐབས་རྒྱ་གར་ནང་ཆུ་དཀོན་པའི་དཀའ་ངལ་ཆེན་པོ་བཟོ་སྲིད་པའི་སེམས་ཁྲེལ་བྱེད་ཀྱི་ཡོད་འདུག

བོད་ཀྱི་ཡར་ཀླུང་གཙང་པོ་ནི་ཨེ་ཤ་ཡའི་ཆུ་བོ་ཆེ་གྲས་ཤིག་ཡིན་པ་དང་། ཡར་ཀླུང་གཙང་པོ་བོད་ནས་རྒྱ་གར་ནང་བཞུར་གྱིན་ཡོད་པ་དང་། དེ་ནས་བྷང་ལེང་ཌི་ཤིའི་ནང་བཞུར་ཏེ་ཆུ་མོ་གདྒཱའི་ནང་འདྲིས་ཏེ་བྷེ་བྷན་གཱལ་རྒྱ་མཚོའི་ནང་བཞུར་གྱིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༩/༢༠

Leave a Reply

2 thoughts on “རྒྱ་དཀར་ནག་གཉིས་བར་ཆུའི་ཐོག་རྩོད་རྙོག་བྱུང་།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    འདི་དཀའ་རྙོག་དང་སེམས་ཁྲལ་བཟོ་མཁན་ རྒྱ་གར་སྲིད་བློན་ནྷེ་རུའི་འདྲིན་ཅན་རེད། དེང་སང་རྒྱ་ནག་ས་མཚམས་ཀྱི་དཀའ་རྙོག་ཡོང་དུས་ རྒྱ་གར་གྱི་གསར་འགོད་པ་ངོ་ཚ་ཁྲེལ་མེད་ཚོའི་ ༧གོང་ས་མཆོག་ལ་བརྡབ་གསིག་གཏོང་གིན་འདུག ཁོ་རང་ཚོ་འདྲི་བ་ལེན་ས་ང་ཚོ་མ་རེད། རྒྱ་གར་གཞུང་དང་སྲིད་བློན་ནྷེ་རུ་འདྲ་པར་རེད། སོ་སོ་བཟོས་པའི་ཆང་དེ། མངར་ན་སྐྱུར་ན་འཐུང་རྒྱུ་རེད། Tibet Belong to Tibetan. Not 🇮🇳 and 🇨🇳 . Tibet is not death 💀 Still Tibet is never die. Prof JayaPrakash Narayan.

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    རྒྱ་དཀར་ནག་བར་ས་མཚམས་མེད་པར་ས་རྩོད་དང་ཆུ་རྩོད་ག་འདྲ་རེད་བོད་ཀྱི་ས་ཆུའི་ཐོག་རྒྱ་དཀར་ནག་གཉིས་ཧམ་རྩོད་བྱ་རྒྱུ་དེ་ཁྲིམས་མཐུན་ལ་ནམ་ཡང་ངོས་ལེན་མི་ཐུབ་བོ་།