གྲོས་ཚོཊ་ནང་ཁུངས་ལུང་ལྡན་པའི་སྐད་ཆ་བཤད་རོཊ།

དེ་རིང་གྲོས་ཚོགས་ནང་སྲོང་བཙན་གཟེངས་རྟགས་ཟེར་བ་དགའ་ལྡན་ཕོ་བྲང་ནས་གནང་བ་ཡིན་སྐོར་བརྗོད་པ་དེ་དོན་དངོས་མིན་པ་གསལ་བཤད་གནང་རྗེས་སྐད་ཆ་དེ་ཕྱིར་འཐེན་གནང་སོང་།

དེ་རིངགྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་གསུམ་པའི་ཉིན་གུང་། ནང་སྲིད་ལས་ཁུངས་ཀྱི་ས་ཁང་གི་སྐོར་ལ་བགྲོ་གླེང་གནང་སྐབས་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས། ད་ལོར་སྤྱི་རྒྱུ་སྒེར་བདག་བྱེད་མཁན་ལ་དགའ་ལྡན་ཕོ་བྲང་གིས་སྲོང་བཙན་གཟེངས་རྟགས་ཟེར་བ་ཞིག་གནང་ཚར་ཡོད་པ་དང་། དགའ་ལྡན་ཕོ་བྲང་ཟེར་ནའང་ཡར་ཐུག་ས་དེ་༧རྒྱལ་བ་རིན་པོ་ཆེ་མ་གཏོགས་མེད་སྟབས། རྗེས་མ་ནས་སྤྱི་རྒྱུ་སྒེར་བདག་གི་གནད་དོན་ཞུ་གཏུག་བྱས་ཀྱང་ཕན་ཐོགས་མེད་ལུགས་དང་། དེར་ཧ་ལས་པའི་བློ་ཕམ་བྱུང་སྐོར་བརྗོད་པར་བརྟེན། སྤྱི་འཐུས་ཁག་གཅིག་གིས་དགའ་ལྡན་ཕོ་བྲང་ནས་དེ་འདྲའི་གཟེངས་རྟགས་ཤིག་ཕུལ་མེད་སྟབས། དགའ་ལྡན་ཕོ་བྲང་ལ་བསྙོན་འཛུགས་བྱས་པ་དེར་འབྲེལ་ཡོད་སྤྱི་འཐུས་ནས་དགོངས་སེལ་མ་ཞུས་བར་དུ། གྲོས་ཚོགས་ནང་བཅར་ཐུབ་པའི་གནས་སྟངས་མི་འདུག་ཅེས་གསུངས་ཏེ་གྲོས་ཚོགས་ནས་ཕྱིར་ཐོན་ཡོད་པ་དང་། ཉིན་གུང་གསོལ་ཚིགས་རྗེས་ནས་ཀྱང་གྲོས་ཚོགས་ཀྱི་ལས་རིམ་མུ་མཐུད་མ་ཐུབ་པར་གསོལ་ཇའི་བར་སེང་སྟེ། ཕྱི་དྲོའི་ཆུ་ཚོད་ ༣།༣༠ བར་དུ་གྲོས་ཚོགས་ཕྱིར་འགྱངས་གནང་དགོས་བྱུང་སོང་།

གསོལ་ཇའི་བར་སེང་རྗེས་གྲོས་ཚོགས་ནང་གནད་དོན་དེའི་སྐོར་བཀའ་ཤག་གིས་གསལ་བཤད་གནང་སྐབས་སྲིད་སྐྱོང་མཆོག་གིས། ཉིན་གུང་རྒྱབ་ཀྱི་གྲོས་ཚོགས་མ་འཚོགས་སྔོན་དུ་ཡོངས་གླིང་སློབ་གྲྭ་དང་འབྲེལ་བའི་ཐོག་ནས་གླེང་སློང་ཞིག་བྱུང་བ་རེད། དེ་བཞིན། དགའ་ལྡན་ཕོ་བྲང་གི་སྐོར་ལ་གླེང་སློང་བྱུང་ཡོང་བའི་སྐབས་སུ་རང་བཞིན་གྱིས་བཀའ་ཤག་ལ་འགན་ཞིག་ཡོང་གི་ཡོད་པ་རེད། འོན་ཀྱང་། དུས་དེར་ཞུ་ཚོད་ཐུག་མ་སོང་། བཀའ་ཤག་གི་ངོས་ནས་ཞུས་བཞག་པ་ཡིན་ན། ཡང་གནས་ཚུལ་མགོ་ནོར་ཐེབས་ན་སྐྱོན་ཆེ་རུ་ཆགས་པ་དང་གནས་ཚུལ་མང་པོ་ཞིག་ལྷག་པའི་ཉེན་ཁ་ཡོད་སྟབས་གང་ཡང་ཞུས་མེད། ཡིན་ན་ཡང་། ང་ཚོས་ཉིན་གུང་གསོལ་ཚིགས་ཀྱི་བར་སེང་གི་སྐབས་ཞིབ་འཇུག་བྱས་དུས་གཞི་རྩའི་བཀུར་འོས་སྤྱི་འཐུས་ཀྱིས་གསུངས་བཞག་པ་དང་འདྲ་བོ་ཆགས་ཡོང་གི་འདུག དེའི་སྐོར་གྱི་སྐུ་པར་མཇལ་ཡོང་དུས་ཤེས་རིག་བཀའ་ཟུར་ནས་གཟེངས་རྟགས་གནང་བསྡད་ཡོད་པ་དང་། དེ་ནས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ནས་ཐང་ཀ་ཞིག་གནང་བཞིན་འདུག དེ་ཚོ་རྟོགས་རྗེས་ཉིན་གུང་གསོལ་ཚིགས་སྐབས་སུ་དགའ་ལྡན་ཕོ་བྲང་ལ་ཞལ་པར་ཕུལ་བ་ཡིན། མཛད་སྒོ་དེའི་སྐབས་སུ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཞིག་ཕེབས་འདུག དྲུང་ཆེ་སྒེར་ནས་ཕེབས་པ་ཡིན་ནམ་གཞུང་འབྲེལ་གྱིས་ཕེབས་པ་ཡིན་བཀའ་འདྲི་ཞུས་པར། ཁོང་ཚོས་གོ་བསྡུར་གྱིས་སྐར་མ་ ༥ ཡི་རྗེས་སུ་ཞལ་པར་འབུལ་གྱི་ཡིན་གསུངས་སོང་། སྐར་མ་ལྔའི་རྗེས་སུ་ཞལ་པར་འབྱོར་སྐབས་གཞི་རྩའི་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཚོར་མགྲོན་ཤོག་ཕུལ་འདུག འོན་ཀྱང་གཞུང་འབྲེལ་གྱིས་ཕེབས་མེད་པ་དང་། མཛད་སྒོ་དེར་ཕེབས་མཁན་དྲུང་ཆེ་ཁོང་སྒེར་ངོས་ནས་ཕེབས་འདུག་མ་གཏོགས། དགའ་ལྡན་ཕོ་བྲང་གི་ཚབ་བྱས་ཏེ་ཕེབས་པ་མ་རེད་ཅེས་གསལ་པོ་ཞེ་དྲགས་གསུང་གི་འདུག དེར་བརྟེན། ཁོ་རང་སྒེར་ངོས་ནས་ཕེབས་པ་ཡིན་སྟབས། དེ་ནི་དགའ་ལྡན་ཕོ་བྲང་དང་འབྲེལ་བ་རྩ་བ་ནས་མི་འདུག དགའ་ལྡན་ཕོ་བྲང་དང་འབྲེལ་བ་ཡོད་གསུངས་པ་དེར་འབྲེལ་ཡོད་བཀུར་འོས་སྤྱི་འཐུས་ནས་དགོངས་སེལ་དང་ཕྱིར་འཐེན་གནང་ན་ཡག་ཤོས་རེད་འདུག་ཅེས་བཀའ་ཤག་གི་དགོངས་ཚུལ་དེ་རང་ཡིན། ཞེས་གསུངས་སོང་།

དེའི་རྗེས་འབྲེལ་ཡོད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས། དེ་རིང་ཞོགས་པ་ནང་སྲིད་ལས་ཁུངས་ཀྱི་ས་ཁང་དང་འབྲེལ་ནས་སྐད་ཆ་ཁ་ཤས་ཤིག་ཞུས་པ་རེད། སྐད་ཆ་དེའི་ནང་ལོགས་ལ་སྤྱི་རྒྱུ་སྒེར་བདག་བྱེད་མཁན་གང་ཟག་སྒེར་ལ་སྲོང་བཙན་གྱི་གཟེངས་རྟགས་ཕུལ་མཁན་དེ་དགའ་ལྡན་ཕོ་བྲང་ངོས་ནས་ཡིན་པའི་མ་རངས་པའི་སྐད་ཆ་ངས་གྲོས་ཚོགས་ནང་བཤད་པ་རེད། དེའི་མཇུག་ཏུ་ཉིན་གུང་གི་ཞལ་ལག་བར་སེང་སྐབས་སུ་ང་ལ་ཚོགས་གཙོ་རྣམ་པ་གཉིས་ཀྱིས་ཡར་ལས་ཁུངས་ནང་ཤོག་ཟེར་གྱི་འདུག ཡར་བཅར་བའི་སྐབས་སུ་ཚོགས་གཙོ་རྣམ་པ་གཉིས་ཀྱིས་དགའ་ལྡན་ཕོ་བྲང་གིས་གཟེངས་རྟགས་དེ་སྤྲད་ཡོད་པ་མ་རེད། ཁྱོད་རང་གིས་དེ་འདྲ་གསུངས་པ་དེ་ཕྱིར་འཐེན་བྱེད་དགོས་རེད་མ་གཏོགས་གྲོས་ཚོགས་ཚོགས་ཐུབ་ཀྱི་མི་འདུག་ཅེས་གསུངས་སོང་།

སྲོང་བཙན་གྱི་གཟེངས་རྟགས་གནང་སྐབས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ཕེབས་ནས་སྤྱན་རས་གཟིགས་འགྲོ་འདུལ་ཕྱག་བཞི་པའི་ཞལ་ཐང་དེ་འདྲ་ཞིག་ཁ་བཏགས་མཉམ་དུ་གནང་བསྡད་པ་དེ་ལ་ངས་ངོས་འཛིན་ཞུས་ཡིན། གལ་སྲིད་དགའ་ལྡན་ཕོ་བྲང་གིས་གནང་མེད་ན་གསལ་བཤད་གནང་ཡོང་གི་རེད། དེ་འདྲའི་གནང་ཡོང་ན་ངས་ལམ་སང་ཕྱིར་འཐེན་བྱ་རྒྱུ་གྲ་སྒྲིག་ཨང་གསར་ཡོད་སྐབས་དེར་ཞུས་པ་ཡིན། དེ་ཞུ་དུས་ཚོགས་གཙོས་སྒེར་ངོས་ནས་བཅར་སྲིད་པ་རེད་གསུངས་སོང་། སྲིད་པ་རེད་ཟེར་ན་ག་བ་ཡོང་གི་རེད། དེ་འདྲ་ཡིན་ན་གཞུང་འབྲེལ་གྱིས་ཡང་བཅར་སྲིད་པ་རེད་ཞུས་པ་ཡིན། ཉིན་གུང་གི་ཞལ་ལག་རྗེས་ཚོགས་གཙོ་ཚོགས་གཞོན་དང་སྲིད་སྐྱོང་གསུམ་འཛོམས་ཏེ་ང་མར་ཤོག་གསུངས་སོང་། མར་ཕེབས་དུས་ད་ལྟ་སྲིད་སྐྱོང་ལགས་ཀྱིས་གསུངས་པ་གནང་བཞིན་རེད། ཁོང་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་ནས་ཕེབས་པ་མིན་པར་སྒེར་ངོས་ནས་ཕེབས་པ་ཡིན་འདུག་པས། ངའི་སྐད་ཆ་ཕྱིར་འཐེན་བྱས་པ་ཡིན། ཞེས་དང་། དགའ་ལྡན་ཕོ་བྲང་གི་ཕྱག་ལས་གནང་མཁན་ཚོ་ག་ས་གང་དུ་སོང་སྟེ་སྤྱི་ཚོགས་ལ་རྡབ་གསིག་མ་ཐེབས་པ་དགོས་སྐོར་དང་། ༧གོང་ས་མཆོག་ལ་མཚད་སྨད་ཞུས་མྱོང་མེད་ལ་ཞུ་རྩིས་ཀྱང་མེད་སྐོར་བརྗོད་སོང་།

མཇུག་ཏུ། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསལ་བཤད་གནང་དོན། དེ་རིང་ང་ཚོ་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་ཐོག་ནས་དྲི་བ་དྲི་ལན་བྱས་སྐབས་འཕྲོས་ཏེ། བཀུར་འོས་སྤྱི་འཐུས་ཤིག་གིས་དགའ་ལྡན་ཕོ་བྲང་གི་མཚན་འབོད་ཞུས་པ་དང་། ལྷག་པར་དུ་༧གོང་ས་མཆོག་གི་མཚན་སྨྲས་པ་དེ་འདྲ་བྱུང་སོང་། ད་ལྟ་ཚོགས་སྐྱོང་ཚོགས་གཙོ་ཡིན་ཡང་སྐབས་དེར་བརྙན་འཕྲིན་བལྟས་བསྡད་ཡིན། ལས་རིམ་རྣམ་གཞག་བཏོན་པའི་ཐོག་ནས་དེ་འདྲ་བྱུང་དུས་ད་ག་འདྲ་ཡོང་གི་ཡིན་ནམ་སྙམ་པའི་སེམས་འཚབ་བྱུང་སོང་། ཁ་སང་ཚོགས་གཙོས་དབུ་འབྱེད་ཀྱི་མཛད་སྒོའི་གཏམ་བཤད་ཐོག་ཏུ་ཞུས་ཡོད་བསམ་སོང་། རྩ་བའི་ཚོགས་སྐྱོང་གནང་མཁན་ལ་ནུས་པ་དང་ཤེས་འཇོན་གང་ཡང་ཡོད་པ་མ་རེད། དེར་བརྟེན། བཀུར་འོས་སྤྱི་འཐུས་རྣམ་པས་ཡིད་ཆེས་དང་ཆ་འཇོག་ག་ཚོད་བྱེད་ཀྱི་ཡོད་མེད་ཚོད་ཐུག་གི་མི་འདུག འོན་ཀྱང་། གྲོས་ཚོགས་ནང་གླེང་སློང་དང་གྲོས་བསྡུར་ག་རེ་བྱེད་ཀྱི་ཡིན་ཡང་། རྒྱུ་མཚན་དང་ཁུངས་ལུང་ལྡན་པ་ཞིག་ཡོད་པའི་ཐོག་འགན་འཁུར་དགོས་རེད། དེ་འདྲའི་འགན་འཁུར་མ་ཐུབ་པའི་གནས་སྟངས་སླེབས་པ་ཡིན་ན། ད་ལྟའི་དཀའ་རྙོག་འདི་དེ་རིང་གཅིག་པུ་མ་རེད། མ་འོངས་པ་ཡང་ཡོང་སྲིད་པར་བརྟེན། ཚང་མས་དགོངས་པ་བཞེས་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད། ཅེས་དང་། ངས་གྲོས་ཚོགས་འདི་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་ཐུབ་པའི་སྒྲིག་འཛུགས་རླབས་ཆེན་ཞིག་རེད་སྐོར་ཞུས་ཡོད་ལ། དེ་ངའི་ངོས་ནས་ངོས་འཛིན་ཆ་ཚང་ཞུ་བཞིན་ཡོད། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་ཐད་ཀར་འབྲེལ་བ་ཡོད་པའི་སྒྲིག་འཛུགས་ཤིག་ཆགས་བསྡད་ཡོད་པ་རེད། དེ་གང་ཟག་སྒེར་གཅིག་གི་སྒྲིག་འཛུགས་ཤིག་མ་རེད། གལ་སྲིད་དེ་འདྲ་ཡིན་ན། ང་ཚོས་གཅིག་གིས་གཅིག་ལ་ཁ་སྐྱེལ་ཡ་དང་ལག་པ་ཕྱིས་ཡ་དེ་འདྲའི་གནས་ཚུལ་བཟོ་ཐུབ་ཀྱི་རེད། དེར་བརྟེན། ང་ཚོའི་བཀུར་འོས་སྤྱི་འཐུས་རྣམ་པས་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་རིང་བཀུར་འོས་སྤྱི་འཐུས་ཤིག་གིས་དགའ་ལྡན་ཕོ་བྲང་དང་༧གོང་ས་སྐྱབས་མགོན་ཆེན་པོའི་མཚན་འབོད་ཞུས་པའི་གནད་དོན་དེ་དེབ་ཐེར་ནས་ཕྱིར་འཐེན་བྱེད་ཀྱི་ཡིན། ཞེས་གསུངས་སོང་།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༩/༢༢

Leave a Reply

12 thoughts on “གྲོས་ཚོཊ་ནང་ཁུངས་ལུང་ལྡན་པའི་སྐད་ཆ་བཤད་རོཊ།

  1. ཀརྨ་བཟོད་པ།

    དེང་གྲོས་ཚོགས་ཀྱི་ཚོགས་མི་ནང་ནས་ཀྱང་རྒྱ་ཡིས་ལས་དོན་སྒྲུབ་མཁན་ཡོད་པ་འདྲ་བློ་ཕམ་ཆེ། ལྷག་པར་སྒེར་ནད་འདོན་ས་སྤྱི་འཐུས་གྲོས་ཚོགས་འདི་མ་རེད། བཀའ་རྒྱུད་ཚང་གི་ཞབས་འདྲེན་རང་རེད་བློ་ཕན་ཆེ། པར་ཞིག་ལ་བརྟེན་ནས་སྙོན་འཛུགས་འདི་འདྲ་བྱེད་པ་ནི་སྤྱི་འཐུས་ཞིག་གིས་རྣམ་སྤྱོད་རེད་དམ། ཁྱེད་ལ་ཤེས་ཡོན་འདི་ཙམ་ལས་མེད་ན་གྲོགས་ཚོགས་ནས་དགོངས་ཞུ་བྱས་ན་འགྲིག སྲོང་བཙན་ཕུལ་འབྱུང་གཟེངས་རྟགས་ཕུལ་མཁན་ཆོལ་གསུམ་དྭངས་བླངས་མི་མང་ཡིན་པ་ཡོངས་བསྒྲགས་ཆགས་ཟིན་པས་ཀུན་ཤེས་ཡིན་ཡང་སྒེར་འཁོན་སྙིང་ནད་ཕྲག་དོགས་གིས་རང་རྒྱུད་འཁྲུལ་བ ཡིན་པ་མཁྱེན་པར་མཛོད་ཅིག།།།

  2. འཇིགས་མེད་དབང་ཕྱུག་

    འཇིགས་མེད་དབང་ཕྱུག་ ལྟས་ངན་་ངེས་བཀའ་རྒྱུད་ཚང་ཞབས་འདྲེན་ དགོས་དགེ་་འདུན་སྡེ་པའི་ཞབས་འདྲེན་ ཡང་དགོས་གྲོས་ཚོགས་ནང་གི་ཞབས་འདྲེན་བཙན་བྱོན་སྤྱི་ཚོགས་འདི་ཐུག་པ་འཀྲུག་འཀྲུག་བྱེད་མཁན་ གྲྭ་པའི་གཡའ་ཡི་མ་འགོས་པ་ ཆོས་པའི་གཟུགས་སུ་ཆོས་མིན་སྣ་ཚོགས་སྤྱོད་མཁན་གྱི་བྱེད་གཏེ་ བརྟན་པ་ཡར་འཕེན་ཁྱོད་ རྒྱལ་བའི་བླ་བྲང་དགའ་ལྡན་ཕོ་བྲང་ལ་་གཞི་མེད་སྨྱོན་འཛུགས་ཁུང་མེད་ལུང་མེད་ཀྱི་སྐད་ཆ་་མང་སོང་ད་་ མི་ངན་ཁྱོད་ལ་ཆོལ་ཁ་ཐེན་ཁྱེར་དང་ཆོས་ལུགས་ཕན་ཚུན་འགལ་བ་བཟོ་བྱེད་ཀྱི་གཏམ་ངན་ཁོ་ན་མ་ཏོགས་གཞན་ཆོལ་ཁ་དང་ཆོས་ལུགས་རང་མི་རིགས་ལ་ཕན་པའི་སྐད་ཆ་ག་རེ་བཤད་རྒྱུ་ཡོད་ ད་ལྟ་བར་དགོངས་ས་མཆོག་དང་རང་གཞུང་ལ་སྨན་པའིབྱ་བ་་ག་རེ་སྒྲུབ་ཞག་རྒྱུ་ཡོད་ ད་དུང་ཁ་བདེ་པོ་དང་ སེམས་ཤུགས་ཡོད་འདོག་འདོག། སྔ་ཕྱི་བར་གསུམ་དུ་མི་མང་ནང་ཁུལ་འཀྲུག་ཤིང་སློང་བྱེད་ཁོ་ན་མ་གཏོགས་བྱ་བ་་ཡག་པ་ག་རེ་བྱས་ཡོད། སྐུར་འོས་སྤྱི་མཐུས་ཞིག་ལ་སྤྱི་རྒྱུ་རྒེར་བདག་བྱས་སོང་ཞེས་མ་ཉེས་ཁ་ཡོག་དེ་ལ་ཁུང་ལུང་གང་ཡོད་གསལ་པོ་བཟོ་དགོས་ གལ་སྲིད་སྤྱི་རྒྱུ་རྒེར་བདག་ཡིན་ན་ད་ལྟ་བར་རང་གཞུང་ནས་གང་ཡང་བྱེད་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ་ སྲིད་སྐྱོང་འབུམ་རམས་པ་མཆོག་ནས་མ་མཁྱེན་པ་ཡིན་ནམ་་ གང་རྟར་རྒྱུ་མཚན་གསལ་པོ་མི་མང་ལ་བཤད་དགོས་ ད་ལྟ་བར་སྦྱི་རྒྱུ་རྒེར་བདག་ཞེས་་ཁ་ནས་བཤད་པ་ཙམ་མ་གཏོགས་རྒྱུ་མཚན་ཁ་གསལ་གང་ཡང་མེད་པ་གང་ཡིན་ནམ། རྟན་པ་ཡར་ཕེན་ལགས་བཀའ་རྒྱུད་པའི་སྐུ་ཚབ་ངོ་མ་མཚོན་པ་ཞིག་གནང་རོགས་ གྲོས་ཚོགས་ནང་ཁྱོད་རྒེར་གྱི་གནད་དོན་གླིང་ས་མ་རེད་ མི་དམངས་དང་གྲོས་ཚོགས་འདི་ག་དུས་ཡིན་ནའི་ཕུ་འཀྲུག་མདའ་འཀྲུག་མ་བཟོ་རོགས་ སྐུར་འོས་སྤྱི་མཐུས་དེ་ལ་ཕྲ་དོག་དང་ང་རྒྱལ་ཟུར་ཟ་དམའ་འབེབས་ཚིག་ངན་ག་ཚོད་བྱས་ཀྱང་ད་དུང་དེ་ལས་ལྡོག་ཏེ་ཁོང་གི་བྱས་རྗེས་དང་གཟི་བརྗིད་་སྙན་གྲགས་ནི་ཕྱོགས་ཀུན་ལ་ཁྱབ་པ་ནི་ཉི་ཤར་སྦར་མོས་མི་འཁེབས་པའི་དཔེ་དང་གཅིག་མཚུངས་རེད་། ཁོང་ལ་གཟེངས་སུ་མཐོན་པའི་བྱ་དགའ་གཟི་བརྗིད་ལྡན་པ་དེ་དགའ་ལྡན་ཕོ་བྲང་ནས་ཕུལ་བ་ཡིན་ནའང་འདྲ་ རང་གཞུང་ནས་འཕུལ་བ་ཡིན་ནའང་འདྲ་ ཚོགས་པ་གང་ཡང་རུང་བ་ཞིག་གི་འཕུལ་བ་ཡིན་ནའང་འདྲ་ གང་ལྟར་གཟེངས་རྟགས་འཕུལ་་འོས་པའི་མི་སྣ་གལ་ཆེན་ཞིག་དགོངས་མཆོག་དང་བློ་ཟུར་བོར་གནས་པའི་མི་མང་ཡོངས་ནས་མཁྱེན་གསལ་རེད་ ཁྱོད་དེ་ལ་མི་དགའ་བའི་རྣམ་རྒྱུར་དང་ཕྲ་དོག་བྱས་པ་ནི་ཆོས་ཉམས་ལེན་མི་ཤེས་པའི་རྙིང་ནད་རང་གི་བཟོས་པ་ཞིག་རང་རེད་ དེ་ལས་གྲྭ་སར་འཕེབས་ནས་ཆོས་པ་རྣམ་དག་ཞིག་གནང་ཤོག་