བདག་གི་ཡུ་གུར་བའི་“མི་རིགས་རིང་ལུགས”ཀྱི་འདུ་ཤེས་ཅི་ལྟར་བྱུང་ངམ།

༼དུམ་ཚན་བཞི་པ༽

ཁུ་ཧྲོ་ཧྲི་ལིས་བརྩམས།
ལྷ་མོ་མཚོས་བོད་སྒྱུར་བྱས།

བདག་གི་ནི་མི་རིགས་ཡོངས་སུ་མཛེས་སྡུག་ལྡན་པ་ཞིག་མ་རེད།

སློབ་ཆེན་གྱི་སྐབས་སུ་བདག་རང་གི་མི་རིགས་ཀྱི་ལས་དབང་ལ་ཤེས་རྟོགས་གསར་པ་སྐྱེས། ཆེས་སྔ་བ་དེ་༢༠༠༧ ལོའི་ཟླ་བ་༥ བའི་ནང་ལ། བདག་གི་དྲན་བསྡད་པ་ནི་youTube and Face bookཚང་མ་བེད་སྤྱོད་བྱེད་ཐུབ་ཀྱིན་ཡོད། ཐེངས་ཤིག་ལ་དྲ་ཐོག་ན་ཡོད་པའི་སྐབས་སུ། གློ་བུར་དུ་མི་ཞིག་གིས་ང་ཚོ་ལ་མཐུད་རྒྱབ་པ་དང་། དེ་ནི་རེ་པུ་ཡའི་(Rabiyaནི་༡༩༤༦ལོར་ཤིན་ཅང་སྐྱེས་བའི་བུད་མེད་ཚོང་པ། ཆབ་སྲིད་སྨྲ་བ། མི་རིགས་རིང་ལུགས་པ་ཞིག་ཡིན། ཤིན་ཅང་ནང་ཨ་མའི་བྱམས་བརྩེའི་བཟོ་གྲྭ་བསྐྲུན་པ་དང་དོན་རྐྱེན་དེ་ལས་བཙོན་ལ་བཅུག་པ་དང་། ཕྱིས་སུ་ཨ་རིར་སྨན་བཅོས་བྱེད་དུ་ཕྱིན་པ་དེང་རབས་ལོ་རྒྱུས་ཐོག་མི་སྣ་གལ་ཆེན་དང་གོང་ས་མཆོག་ལ་ཞལ་མཇལ་གནང་ཡོད་པ་རེད། སྒྱུར་པ་པོའི་མཆན།)བུད་མེད་ཀྱི་གཏམ་བཤད་རེད་འདུག དེའི་སྐབས་སུ་ང་ཚོ་ཧང་སངས་སུ་བཅུག་སོང་། ཡུ་གུར་གྱི་སློབ་ཕྲུག་ཁྱུ་གཅིག་དྲ་ཁང་ན་འདུག དྲ་ངོས་ཚང་མ་ན་དོན་དག་དེ་འདུག་ལ། ཁོ་མོས་གཏམ་བཤད་ནང་”ཤར་ཏུར་གི་སུ་ཐན་” གྱི་ཚིག་དེ་བཤད་སོང་། དེ་ནི་ང་ཚོ་ལ་མཚོན་ན་ཧ་ཅང་ཧང་སངས་དགོས་པ་ཞིག་རེད། ཧ་ལམ་དབུགས་ཀྱང་འགག་འགྲོ་བའི་ཚོད་རེད་ལ་སེམས་ཚོར་ཆེན་པོ་སྐྱེས། ང་ཚོས་ཚིག་དེ་སྔོན་ཐོས་མྱོང་མེད། དེ་དུས་ཚིག་དེ་གོ་བ་ལ་ཚོར་བ་ཡ་མཚན་སྐྱེས། གཏམ་བཤད་ཚར་བ་དང་ང་ཚོས་བགྲོ་གླེང་བྱ་རྒྱུ་དེ་ནི་ངེས་པ་ཞིག་རེད། ལ་ཤས་ཀྱི་ཁོ་མོ་ངར་བ་རེད་ཟེར་བ་དང་། འགའ་ཞིག་གིས་ཁོ་མོ་ལ་ང་ཚོའི་མི་རིགས་ཀྱི་ཚབ་མཚོན་བྱེད་པའི་འཇོན་ནུས་མེད་ཟེར།

ད་ལྟ་ཕྱིར་འདང་རེ་རྒྱབ་ན། དེ་དུས་ང་ཚོས་ཆབ་སྲིད་ཟེར་བ་རྩ་བ་ཉིད་ནས་ཤེས་ཀྱི་མི་འདུག་ལ། ཤེས་བྱ་ཡང་ཅི་ཡང་ཐོབ་མི་འདུག་པས་ཡ་མཚན་སྐྱེས་པ་རེད། ད་དུང་ཕུ་ནུ་ཚོས་ཁོ་ར་ཤུ་སོ་ལ་ཀྲན་(༡༩༨༠ ལོའི་ནང་གི་ཤིན་ཅང་གི་སྐད་གྲགས་ཆེ་བའི་གཞས་པ་ཡིན་པ་དང་། ཕྱིས་སུ་ཆབ་སྲིད་ཀྱི་གནད་དོན་ལས་བཙོན་འཇུག་དང་ཐ་མ་མིའི་ཡུལ་ལ་འགྲིམས་དགོས་པ་རེད) གྱི་གཞས་བཙལ་འོང་བ་དང་། དེ་ནི་མི་རིགས་རིང་ལུགས་ཤུགས་ཆེ་བའི་གཞས་ཤིག་རེད་ལ། ཚིག་ཚང་མའི་དོན་ནི་”དེ་རིང་། ང་ཚོས་རང་དབང་གི་ལམ་ལ་བརྩོན་པ་བྱེད་དགོས་པ་དང་། ག་ས་གང་དུ་རང་དབང་གི་མར་མེ་སྤར་རོགས་” ཞེས་པ་དེ་འདྲ་རེད། ང་ཚོས་ཉལ་ཁང་ནང་གཞས་དེ་སྐད་ཆེན་པོས་ཕྱི་ལ་བཏང་བ་དང་ཚོར་བ་དེ་ནི་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་རེད། ཐེངས་རེར་རྐང་རྩེད་སྤོ་ལོའི་འགྲན་བསྡུར་མ་བྱས་གོང་གཞས་དེར་ཉན་པ་དང་། ད་གཟོད་ཧ་ལམ་རང་གི་མི་རིགས་ཡོངས་ཀྱི་ཆེད་དུ་སྤོ་ལོ་རྩེ་བཞིན་པའི་ཚོར་བ་སྐྱེས་འོང་ལ་ངར་ཤུགས་ཀྱང་རྒྱས་ཡོང་།

ཟུངས་ཁྲག་ཚ་བོ་དང་མཉམ་དུ་བདག་གིས་ཀྱང་”ས་གནས་གསུམ་གྱི་གསར་བརྗེས་”(༡༩༤༤ ལོའི་ཟླ་བ་༩ བའི་ནང་། ཨུ་རུ་སུའི་རྒྱབ་སྐྱོར་འོག ཤིན་ཅང་གི་ཅིན་ལུས། ཐ་ཁྲུན། ཨ་ཧྲན་ས་ཁུལ་གསུམ་ནས་གོ་མིན་སྲིད་གཞུང་གི་མི་རིགས་གསར་བརྗེ་དང་དྲག་གནོན་ལ་ངོ་རྒོལ་བྱས་པ་མ་ཟད། ཤར་ཏུར་གི་སུ་ཐན་སྤྱི་མཐུན་རྒྱལ་ཁབ་དང་སྲིད་གཞུང་བཙུགས།)འཚོལ་འགོ་བརྩམས་པ་ཡིན། དུས་ཚོད་དེའི་ལོ་རྒྱུས་ཡིག་ཆ་ཁག་ལ་བལྟས་པ་ཡིན། ལོ་དེའི་གུང་གསེང་སྐབས་བདག་ཁྱིམ་དུ་ལོག་པ་དང་། དམིགས་བསལ་གྱི་སྤོ་བོ་དང་ཨ་ཕ་ལ་ང་ཚོ་ཡུ་གུར་མི་རིགས་ལ་ཡང་ཤར་ཏུར་གི་སུ་ཐན་གྱི་ལོ་རྒྱུས་ཀྱི་དུམ་བུ་དེ་ལྟ་བུ་ཡོད་མེད་དྲིས་བར། ཨ་ཕས་བདག་གི་མགོ་ལ་བྱིལ་བྱིལ་བྱས་པ་དང་། བྱིས་པ་ཡག་པོ་འདུག་ག། ཁྱེད་ཀྱིས་དེ་ཚོ་སློབ་སྦྱོང་བྱ་དགོས་པ་ཤེས་འདུག་ཟེར། དེ་བས་ཨ་ཕས་བདག་ལ་རྩ་སྒྲོན་ས་སྤེན་རུའི(རྩ་སྒྲོན་ས་སྤེན་རུ་ནི་༡༩༣༧ ལོར་སྐྱེས། ཡུ་གུར་མི་རིགས་ཀྱི་རྩོམ་རིགས་ལོ་རྒྱུས་ཁྲོད་གལ་གནད་ཆེ་བའི་རྩོམ་པ་པོ་ཞིག་རེད། ཁོང་གི་ཚབ་མཚོན་བརྩམས་སྒྲུང་ནི་ལོ་རྒྱུས་བརྩམས་སྒྲུང་༼ཕ་ཡུལ།༽ དང་ས་གནས་གསུམ་གྱི་གསར་བརྗེས་སྔ་རྗེས་ཀྱི་ལོ་རྒྱུས་ཞིབ་འབྲི་བྱས་འདུག) བརྩམས་སྒྲུང་༼ཕ་ཡུལ་༽ཞེས་པ་བཙལ་ནས་འོང་བ་དང་།བདག་ལ་དེབ་དེ་ཚོ་ཀློག་ཏུ་བཅུག  བརྩམས་སྒྲུང་དེ་ཚོ་ཧ་ཅང་ཡག་པོ་འདུག་ལ་དེ་ནི་ང་ཚོའི་མི་རིགས་ཀྱི་ལོ་རྒྱུས་སྙན་རྩོམ་ཅིག་དང་མཚུངས།

མི་རིགས་རིང་ལུགས་ཀྱི་བརྩེ་དུང་རྩེ་མོར་འཕྱུར་འོང་བའི་སྐབས་སུ། བདག་ལ་རྡུང་རྡེག་ཐེངས་གཅིག་ཐེབས། ཕུ་ནུ་ཚོ་མཉམ་དུ་འཛོམས་ནས་ཆང་འཐུང་། ཚང་མས་ངེས་པར་དུ་ཆང་རིན་འདྲ་མཉམ་གྱིས་སྟེར་དགོས་མོད། ཕུ་ནུ་རེ་འགས་སྒོར་མོ་མེད་ཟེར་བ་དང་བདག་ལ་སྔོན་ལ་སྤྲོད་དུ་བཅུག བདག་གིས་ཀྱང་སྔོན་ལ་སྤྲད་པ་ཡིན། ཉིན་གཉིས་པ་དེ་ལ། སུས་ཀྱང་སྒོར་མོ་རང་འགུལ་གྱིས་ཚུར་སློག་ཏུ་མི་འོང་ལ། བདག་སློབ་གླིང་མི་འདྲ་བ་ནང་སོང་ནས་ཁོ་ཚོ་བཙལ་ནས་སྒོར་མོ་ཚུར་ལེན་རྒྱུར་ངོ་ཚ་སོང། མི་རེ་འགས་རྩེད་མོའི་ཚུལ་དུ་ཡ་ཡོ་ངང། འེ། ཡར་འར་ཁུན་ཅང་(ཅང་ནི་ཡུ་གུར་གྱི་ཕོའི་མིང་མཐར་སྤྱད་པའི་ཚིག་གཅིག་དང་གུས་ཞབས་མཚོན་པ་རེད་) སྒོར་རྡོག་དེ་ཚོ་དོན་ལ་ཁྱེད་རི་བོ་བརྒལ་ནས་སླེབས་རིན་འདུག་གམ་ཟེར། ལ་ཤས་ཀྱི་ཉ་ཉོག་ངང་ད་དུང་སྒོར་མོ་མེད་ཟེར།

བདག་དམིགས་བསལ་གྱི་བློ་ཕམ་པ་དང་། ཚོར་སྣང་ཞིག་ལ་མི་ནི་ཧ་ཅང་བདག་འཛིན་ཅན་ཞིག་རེད་སྙམ་བྱུང་། དེའི་སྐབས་སུ་ཨ་ཕས་ཟླ་རེའི་ཟས་རིན་ཁོང་གི་དངུལ་ཁང་ལས་བདག་ལ་གཏོང་བཞིན་ཡོད་། སྒོར་མོ་ལམ་སང་མེད་པས། ཨ་ཕ་ལ་སླར་ཡང་སྒོར་མོ་དགོས་ཟེར་མ་ཕོད། ད་རུང་ཨ་ཕས་ང་ཚོས་ཆང་འཐུང་བ་ཤེས་ན་བློ་ཕམ་ཡོང་རྒྱུར་ཞེད་སྣང་སྐྱེས། དེ་འདྲའི་ངང་ནས་ཟླ་མཇུག་ལ་སླེབས་པའི་སྐབས་སུ་བདག་ལ་དཔལ་འབྱོར་ཐད་དཀའ་ངལ་ཆེན་པོ་འཕྲད། བདག་གིས་རྩིས་ཤིག་རྒྱབ་ཚེ་ཉིན་རེར་ཟས་ཐུན་རེ་ལས་མེད་པ་རེད།

ཉིན་གུང་འཛིན་གྲྭ་གྲོལ་བ་དང་བདག་ཉལ་ཁང་དུ་ལོག་སྟེ་ཆུ་ཞིག་འཐུང་རྗེས་ཅུང་ཙམ་ཉལ་ནས་ལུས་སྟོབས་གསུབ་ཚགས་བྱས་པ་ཡིན། དུས་ཡུན་རིང་པོ་ལ་ལྟོག་སྡུག་མྱངས་དགོས་པ་ནི་མིས་ཆེས་བརྗེད་ཐབས་མེད་པ་ཞིག་རེད་ཨང་། ཐོག་མར་མིའི་ཕུང་པོ་སྐམ་རིད་དུ་གྱུར་བ་དང་ཕྱིས་སུ་རྣམ་ཤེས་ག་ལེར་མེད་འགྲོ་བ་རེད། དེ་ནི་ཧ་ཅང་དཀའ་ཁག་ཆེ་བའི་ཚོར་བ་ཞིག་རེད། བདག་གིས་ཧ་ལམ་སྤོ་ལགས་ནས་མི་ཚེ་གང་བོར་གུང་ཁྲན་ཏང་གི་བཀའ་དྲིན་བསམ་པ་དེར་ཤེས་ཚོར་ཐུབ་པ་བྱུང་། དམག་འཁྲུག་གི་ཟང་ཟིང་ནང་། “ཐ་ན་ཟས་ཐུན་ཅིག་མེད་པའི་” དུས་ཀྱི་གྲོད་ཁོག་མི་རྒྱག་པའི་སྐབས་དེར་འདི་ནི་དངོས་ནས་ཆེས་ཆེ་བའི་བཀའ་དྲིན་ཅིག་རེད། ཁྱེད་ལ་ཟ་མ་སྤྲད་པའི་མི་དེ་ནི་ནམ་ཡང་བརྗེད་མི་རུང་།

དེའི་སྐབས་སུ། བདག་ལ་ཟ་མ་སྤྲད་པའི་མི་མངོན་འོང་སོང་། དེ་ནི་བདག་དང་འཛིན་གྲྭ་གཅིག་པའི་བུ་མོ་ཞིག་རེད། ང་ཚོའི་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ཁོ་མོ་ཧེ་ཧེ་རེད། ཁོ་མོས་ང་རང་ཉིན་མང་པོར་ཟ་ཁང་ལ་ཟ་མ་ཟ་བར་འོང་མེད་པར་ཤེས་པ་དང་བདག་ལ་ཅི་ཞིག་བྱས་པ་དྲིས་སོང་། བདག་གིས་དྲང་མོར་བཤད་མ་སྤོབས། ཁོ་མོ་གྲུང་ཤ་དོད་པ་དང་ཧ་ལམ་ཚོད་དཔག་ཐུབ་སོང་། ཁོ་མོས་བདག་ཟ་མ་ཟ་བར་མགྲོན་བྱས་ཀྱང་བདག་གིས་དེ་བས་ག་ལ་ནུས། མགྲོན་བྱེད་མཁན་དེ་ནི་ངེས་བར་དུ་ཕོ་ཁྱོ་ག་ཞིག་ཡིན་དགོས་ལ་བུ་མོ་ལ་སྒོར་མོ་སྤྲོད་དུ་འཇུག་སྲོལ་ག་ལ་ཡོད།

ཉིན་གཉིས་པའི་མཇུག་འབྲས་དེ་ལ། ཁོ་མོས་བདག་ལ་ཁ་པར་བཏང་བ་དང་། བདག་ཉལ་ཁང་གི་འོག་ལ་ཁྱུག་ཙམ་ཡོང་དགོས་པ་དང་ཁོ་མོས་དེར་སྒུག་བསྡད་ཡོད་ཟེར། བདག་འོག་ལ་སོང་བའི་སྐབས་སུ་ཁོ་མོས་བདག་ལ་ཟས་སྣོད་ཅིག་ཕྱིན་པ་དང་། “འདི་ནི་བདག་གིས་ཐེངས་དང་པོར་ཉལ་ཁང་གི་ཟ་མ་ལྟོས་པ་ཡིན་ལ། དོན་དག་གཞན་ཅི་ཡང་མེད། ཁྱེད་ཀྱིས་བྲོ་བ་མྱོངས་དང་། བདག་ལ་བསམ་འཆར་བཤད་རོགས། ཁྱེད་ཀྱིས་བསམ་བློ་མང་པོ་མ་གཏོང་རོགས། ཞིམ་པོ་མེད་ན་གཡུག་ཤོག་” ཟེར། བཤད་ཚར་བ་དང་འཛུམ་མདངས་དང་བཅས་ལོག་ཕྱིན་སོང་། བདག་ལ་ཁ་གྲགས་པའི་དུས་ཚོད་ཀྱང་སྤྲད་མ་སོང་། བདག་ཉལ་ཁང་དུ་ལོག་ནས་ཁ་ཆེན་པོ་ཆེན་པོ་ཟོས་པ་དང་། བདེ་བ་དེའི་ཚོར་སྣང་ནི་སྐད་ཆའི་ལམ་ནས་བརྗོད་ཐབས་བྲལ་བ་ཞིག་རེད། ཟླ་བ་འདིའི་ཟླ་མཇུག་ལ་མ་སླེབས་པར་དུ་བདག་གིས་མུ་མཐུད་ནས་ཟས་ལ་ཚོད་འཛིན་བྱས་པ་ཡིན། ནམ་རྒྱུན་བདག་དང་མཉམ་དུ་ཆང་འཐུང་བའི་ཕུ་ནུ་སུ་ཞིག་གིས་བདག་ལ་སེམས་ཁྲལ་དང་རོགས་རམ་བྱས་མ་སོང་།

བདག་ལ་གློ་བུར་དུ་ཚོར་བ་ཞིག་སྐྱེས་པ་ནི་མ་གཞི་ནས་ང་ཚོས་མི་རིགས་འདི་ཡང་དེ་འདྲའི་ཡོངས་སུ་ཡང་དག་པ་ཞིག་མ་རེད་སྙམ་བྱུང་། མི་འདི་ཚོ་ཡོངས་སུ་མཛེས་པའི་ཡུལ་མི་དང་གཉེན་ཉེ་ཀྱང་མ་རེད། དེའི་སྟེང་ལ་དེ་དུས་བདག་གིས་༼བདག་གི་མིང་ལ་ཁུ་ཧན་༽ཞེས་པའི་ཀློག་བརྙན་དེར་བལྟས་པ་དང་། གློག་བརྙན་དེས་”༩༡༡ ”རྗེས་ཀྱི་ཁ་ཆེར་ཨ་རི་ནང་འཕྲད་པའི་དཀའ་ངལ་འདྲ་མིན་རེད། མི་སྣ་གཙོ་བོ་དེས་ཁ་ཆེ་ཡོད་ཚད་དྲག་སྤྱོད་པ་མིན་པའི་བདེན་དཔང་ཅི་ལྟར་བྱེད་བཞིན་པ་སྟོན་པ་དེ་རེད། གློག་བརྙན་ལ་བལྟས་པ་དང་བདག་གིས་གནས་ལུགས་ཤིག་རྟོགས་པ་ནི་འཛམ་གླིང་ན་མི་ཡག་སྡུག་གཉིས་ཀ་ཡོད་པ་དེ་རེད། བདག་གིས་ཡང་ཡང་བསམ་བློ་གཏོང་བའི་སྐབས་སུ་བདག་སྔོན་ཆད་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེ་བ་དང་། ནམ་རྒྱུན་རྒྱ་རིགས་ལ་ལྟ་སྟངས་བཟུང་ཡོད། ཤེས་མེད་ཚོར་མེད་ངང་། རང་ཉིད་ཀྱིས་ཀྱང་རྒྱ་རིགས་ལ་ལྟ་སྟངས་དེ་ཡོངས་སུ་རྫོགས་པ་ཞིག་རེད་མི་འདུག རྒྱ་རིགས་ལ་མཚོན་ན་མི་རིགས་གཞན་ཐམས་ཅད་ནི་རང་དང་”མི་གཅིག་པའི་” སྡེ་ཞིག་ཆགས་ཡོད་པ་རེད།

ཕྱིས་སུ་བདག་གིས་ཤེས་རྟོགས་བྱུང་བ་ནི། དོན་དངོས་ཐོག་ཤིན་ཅང་གི་གནད་དོན་ཕལ་ཆེ་བ་ནང་ཁུལ་དང་འདྲ་མཚུངས་སུ་འདུག དཔེར་ན་མི་མང་དང་སྲིད་གཞུང་བར་གྱི་འགལ་ཟླ། ཡུ་གུར་གྱི་མི་མང་པོས་རྒྱ་རིགས་རང་ཉིད་ཀྱི་སྲིད་གཞུང་དང་། གུང་ཁྲན་ཏང་ཡིན་པ་རེད། ནང་ཁུལ་དུ་ཡང་གཅིག་མཚུངས་ཀྱི་སྤྱི་ཚོགས་འགལ་ཟླ་ཡོད་པ་དང་དེ་ནི་མི་རིགས་གནད་དོན་ལ་འགྱུར་འགྲོ་བཞིན་འདུག

མི་རིགས་དབྱེར་མེད་ཀྱི་བརྩེ་དུང་།

བདག་ལ་ཟ་མ་སྟེར་མཁན་གྱི་ཧེ་ཧེ་བུ་མོ་དེ་ནི་ཀན་སུའུ་ནས་ཡིན་པ་དང་། མ་འགྱངས་པར་ངེད་གཉིས་ལ་ཁ་བརྡ་མང་དུ་ཕྱིན། ངེད་གཉིས་གྲོགས་པོ་ཡག་ཤོས་ཤིག་ཏུ་གྱུར། ང་ཚོས་མཉམ་དུ་ཟ་མ་ཟོས། ཁྲོམ་ལ་ཉུལ། གློག་བརྙན་ལ་བལྟས། ང་ཚོས་དགའ་རོགས་ཚོས་མྱངས་བཞིན་པའི་འཚོ་བ་དེ་ཆ་ཚང་བར་མྱངས། ང་ཚོས་མཛེས་སྡུག་ལྡན་པའི་ཕྱིར་དྲན་མང་པོ་བཞག་ཀྱང་ང་ཚོ་དགའ་རོགས་ངོ་མ་ཞིག་ལ་འགྱུར་མ་ཐུབ།

རྒྱུ་མཚན་ནི་ཧ་ཅང་ལས་སླ་བོ་རེད། མི་རིགས་ཀྱི་གནད་དོན་རེད། བདག་ནི་ཡུ་གུར་དང་ཁོ་མོ་ཧེ་ཧེ་རེད། ད་ལྟའི་གནས་སྟངས་གི་འོག་ལ་ཡུ་གུར་གྱི་བུ་མི་རིགས་གཞན་གྱི་བུ་མོ་དང་མཉམ་དུ་དགའ་བོ་བྱེད་རྒྱུ་དེའི་མཇུག་འབྲས་ནི་ཧ་ཅང་དཀའ་ལས་ཁག་པོ་ཞིག་རེད། གཞན་ཡང་ཐུའུ་འར་ཅུ་མི་རིགས། དཔེར་ན་ཧ་ས་ཁའི་རིགས། བོའུ་སུ་པན་ཁུའི་རིགས། ད་དུང་གཞན་མང་པོ་ལ་བཤད་རྒྱུ་མང་པོ་འདུག སྤྱིའི་མི་ཆ་ནས་ང་ཚོའི་གདོང་དབྱིབས་གཅིག་པ་ཡིན་ཀྱང་། བདག་དང་ཁོ་མོའི་མི་རིགས་གཉིས་ཀྱི་བར་ལ་ངེས་པར་བདམས་གསེས་ཤིག་དགོས་པ་རེད།

སྤྱིར་ང་ཚོ་ཕན་ཚུན་ལ་འབྲལ་ཐབས་མེད་ཀྱང་། ང་ཚོས་མི་མང་ཁྲོད་དགའ་རོགས་བྱེད་ཐུབ་ཀྱི་མེད། ལམ་དུ་འགྲོ་བའི་སྐབས་སུ་རྒྱང་རིང་གི་ས་ན་ཡུ་གུར་གྱི་མི་ཡོད་པ་མཐོང་ཚེ། ཁོ་མོ་ལམ་སང་བདག་གི་རྒྱབ་ཏུ་ཡིབ་པ་དང་བདག་ངོ་མི་ཤེས་པ་ལྟར་རྣམ་པ་སྟོན་གྱི་ཡོད། ད་ལྟ་ལྟོས་ཡོང་ན། དེའི་སྐབས་སུ་བདག་ནི་ཧ་ཅང་རང་འདོད་ཆེ་བ་དང་ཐ་ཤལ་ཞིག་རེད། བརྩེ་དུང་འདིའི་ཆེད་དུ་བདག་གཉིད་མ་ཁུག་པ་དང་། ཞེ་སྡང་། སྡུག་པོ་མང་པོ་མྱངས་ཚར་ལ། ཁོ་མོས་བདག་ལ་གཤེ་གཤེ་ཡང་བཏང་སོང་། ང་ཚོས་བསམ་བློ་གཏོང་དགོས་པ་དེ་དངོས་བོའི་སྟེང་གི་འཚོ་བ་སྟེ་ཁང་པ་ཅི་འདྲ་ཞིག་ཉོ་རྒྱུ་སོགས་མ་ཡིན། ཡིན་ཡང་ང་ཚོའི་མདུན་ན་ལྷག་པའི་བཀག་འགོག་ནི་དཀའ་ལས་མང་བ་དང་རྒྱང་ཐག་རིང་བ་ཞིག་རེད།

སློབ་ཆེན་ལོ་རིམ་བཞི་བའི་དུས་ནི་ཟབ་སྦྱོང་གི་དུས་ཡིན། ང་ཚོས་ཕ་ཡུལ་དུ་ཟབ་སྦྱོང་བྱེད་རྒྱུའི་བདམས་གསེས་བྱེད་ཆོག་པ་རེད། མ་ཟད་སློབ་གྲྭའི་ཉེ་འཁོར་ནས་ཀྱང་གསབ་སྦྱོང་བྱེད་ཆོག ཁོ་མོས་བདག་ལ་ཐུག་ཆེད་དུ། འོན་ཏེ་དེའི་སྐབས་སུ་བདག་གཡོལ་ཐབས་བྱས་པ་ཡིན་ལ་བརྩེ་དུང་གོ་རིམ་འདི་མཇུག་སྡུད་འདོད་པས་ཕ་ཡུལ་ནས་ཟབ་སྦྱོང་བྱེད་རྒྱུ་ཐག་བཅད་པ་ཡིན།

དེའི་སྐབས་སུ་ཡང་བདག་ཤིན་ཅང་ནས་སྐྱིད་པོ་མི་འདུག་ལ། རྟག་པར་གྲོགས་པོ་ཚོ་དང་མཉམ་དུ་ཆང་འཐུང་བ་ཡིན། ཆང་འཐུང་བ་མང་དྲག་པ་རེད། ཕྱིའི་ཉིན་ཞོགས་པར། ཉལ་ཁང་གཅིག་པའི་ཡུལ་ཕྱོགས་གཅིག་པ་ཞིག་གིས་ཕྱག་འཚལ་བཞིན་འདུག་ལ། འོན་ཏེ་བདག་ཆང་སྡུག་གིས་སྐྱུག་བྲོ་བ་དང་ཁོའི་ཕྱག་གདན་བཙོག་པར་བཟོས་སོང་། བདག་གིས་ཅི་ཞིག་བྱས་ཟིན་པ་ཤེས་པ་དང་ཞེད་ཐག་ཆོད་ནས་འདར་ཟིག་རྒྱབ་པ་དང་ཆང་ནི་ནག་ཉེ་ཅན་ཞིག་ཡིན་པར་ཚོར། དེ་བས་བདག་གི་མི་གཙང་བ་གཞན་གྱི་ཕྱག་གདན་སྟེང་ལ་སྐྱུག བདག་གིས་འཁྲུས་ཁང་ནས་ངོ་གདོང་ཡང་ཡང་འཁྲུས་ནས་རིག་པ་གསལ་དུ་བཏང་རྗེས ་ཕྱིར་འོང་ནས་འགྱོད་བཤགས་བྱས། བདག་རང་ཉིད་ལ་ཁྲོ་བ་དང་མདང་ནུབ་མཉམ་དུ་ཆང་འཐུང་བའི་སྤུན་ཟླ་ཚོ་དང་ལྷན་དུ་དམ་ཚིག་ཐེངས་གཅིག་བསྒྲགས་པ་ཡིན། བདག་གིས་དེ་རིང་ནས་ཆང་འཐུང་གིན་མིན་ལ། ཁྱེད་ཚོས་ཆང་མ་འཐུང་ན་གྲོགས་པོ་ཡིན་ཐབས་མེད་ཟེར་ཚེ།ང་ཚོ་ཁ་གྱེས་པ་ཡིན་ཟེར་བ་དང་། དབུགས་ལྷེབ་ལྷེབ་ངང་ནང་ལ་ལོག་པ་ཡིན། དུས་དེ་ནས་བཟུང་བདག་གིས་སླར་ཡང་ཆང་འཐུང་མེད།

སློབ་ཆེན་ལོ་རིམ་བཞི་བའི་སློབ་སྐབས་ཐ་མ་ལ། བདག་ལམ་སང་སློབ་གྲྭར་ཕྱིར་ལོག་པ་དང་བུ་མོར་ཐུག་པར་ཕྱིན། དགོང་མོ་དེར། ང་ཚོས་ཟ་ཁང་ནས་མཉམ་དུ་ཟ་མ་ཟས། བདག་གི་འཆར་གཞིར་བརྩེ་དུང་འདི་མཇུག་སྡུད་རྩིས་བྱས་པ་དང་། མ་འོངས་པར་མོ་རང་མི་ཚེ་སྐྱིད་པོ་ཡོང་བར་བཤད་པའི་སྐབས་སུ་མོ་གློ་བུར་དུ་སྐད་ཆེན་པོས་ངུས་པ་དང་བདག་གི་ལུས་ཀྱི་བ་སྤུ་ཡོངས་ལངས་སུ་བཅུག མོ་ངུས་པ་དང་བདག་གིས་ཀྱང་བཟོད་ཐབས་མེད་པར་གྱུར། ང་ཚོས་ཐོག་མར་ཁ་བྲལ་རྒྱུའི་སྐོར་ལ་སྐད་ཆ་མི་བཤད་པར་མཉམ་དུ་སློབ་སྦྱོང་ཡག་པོ་བྱེད་རྒྱུ་ཁ་ཏན་བྱས་པ་ཡིན།

ཉིན་ཐ་མ་དེའི་སྤྱིར་བཏང་གི་སྡུག་བསྔལ་ཞིག་ལ་བརྟེན་ནས། བདག་གིས་རང་གི་ངོ་གདོང་གི་གཡོ་བརྫུན་གྱི་པགས་པ་ཚང་མ་བཀོག་པ་ཡིན། བདག་གིས་སླར་ཡང་ཡུ་གུར་གྱི་སློབ་གྲོགས་ཚོ་དང་མི་གཡོལ་བར་བྱས་པ་ཡིན། མ་ཟད་བདག་གིས་ཁོ་མོ་ཡུ་གུར་གྱི་སློབ་གྲོགས་ཚོ་འཛོམས་སར་འཁྲིད་པ་ཡིན། ཁོ་མོ་བློ་འགུལ་ཐེབས་པ་དང་ཐ་མ་དེར་བདག་གིས་ཁོ་མོ་དང་ལྷན་དུ་མི་ཚེའི་སྐྱེལ་གྱི་རེད་བསམ་པའི་ཚོར་བ་སྐྱེས་འདུག་ལ། ཁོ་མོས་ཡུ་གུར་གྱི་སྐད་ཀྱང་སྦྱངས་འགོ་བརྩམས། དེ་ནི་བདག་གི་འཚོ་བ་དང་ཁ་ཐག་ཉེ་བར་གཏོང་ཆེད་དུ་རེད། བདག་གི་སྤུན་ཟླ་ཚོས་ཐོག་མར་རང་བཞིན་ཞིག་ལ་མཐོང་ཐུབ་ཀྱིན་མེད་པ་དང་། ཏོག་ཙམ་མི་མཛེས་བར་མཐོང་བ་དང་རྗེས་སུ་ཁོ་ཚོས་ཀྱང་ངེས་ལེན་བྱས་སོང་།

བདག་གི་སྤུན་ཟླ་ཚོས་ད་དུང་མོ་ལ་ཡུ་གུར་གྱི་མིང་དིལ་ཧུ་མར་Dilhumar) ཞེས་བཏགས་སོང་། ཁོ་མོ་མིང་དེར་ཧ་ཅང་དགའ་སྣང་སྐྱེས། ཕལ་ཆེར་ད་དུང་ཡང་ཁོ་མོས་མིང་དེ་དྲན་བསྡད་ཡོད་ངེས། རྗེས་སུ་སྤུན་ཟླ་ཚོས་རང་དགར་གྱིས་བདག་ལ་ངེད་གཉིས་མཉམ་དུ་འགྲིག་དགོས་པར་སྐུལ་སློང་གི་རྣམ་འགྱུར་ཡང་བསྟན་སོང་། ཡིན་ན་ཡང་། ཁོའི་རྒྱུ་མཚན་ལ་”མི་རིགས་རིང་ལུགས་ཀྱི་བརྩེ་དུང་” ཧ་ཅང་ཤུགས་ཆེ་བར་འདུག  ཁོས་”བུ་ཞིག་གིས་མི་རིགས་གཞན་དང་མཉམ་དུ་གཉེན་བསྡེབས་པ་ལས། བུ་མོ་ཞིག་རང་གི་རིགས་སུ་བསྒྱུར་བ་དང་། རང་རིགས་རྒྱ་བསྐྱེད་པར་ཕན་པ་རེད་” ཟེར་བར་བདག་གིས་འཛུམས་མདངས་ཤིག་ལས་ལན་མ་སྤྲད།

གང་ལྟར་ཀྱང་། འདི་ལྟ་བུའི་བདེ་སྐྱིད་ཀྱི་དུས་དེ་ཧ་ཅང་ཡུན་ཐུང་བ་ཞིག་རེད་ཨང་། སློབ་མཐར་ཕྱིན་པ་ལ་གདོང་དེ་ངེས་བར་དུ་གཏུགས་དགོས་འདུག  མེ་འཁོར་འབབ་ཚུགས་ནས་ཁ་བྲལ་བའི་སྐབས་སུ། བདག་ཐོག་མར་མེ་འཁོར་ལ་བསྡད། མེ་འཁོར་འགུལ་བ་དང་། ཁོ་མོ་མེ་འཁོར་དང་ལྷན་ཏུ་རྒྱུག། རྒྱུག་ཞོར་ངུ་ཞོར་བྱས།

སློབ་མཐར་ཕྱིན་པ་དང་ང་ཚོས་ཕན་ཚུན་ལ་འབྲེལ་བ་མི་བྱེད་པར་ཚོད་ལྟ་བྱས་པ་ཡིན། ཡིན་ཡང་འབྲེལ་བ་མ་བྱས་པར་བཟོད་མི་ཐུབ་པར་འདུག དེ་དུས་བདག་ནང་ཁུལ་གྱི་བཟོ་གྲྭ་ཞིག་ན་ཡོད། ཁོ་ཚོས་ཐོ་འར་ཅུར་དང་མཉམ་འབྲེལ་བྱེད་འདོད་པ་རེད། ཤིན་ཅང་གི་ས་ཆུ་འཕྲོད་སྨན་དང་བསྟུན་ནས་བདག་ཤིན་ཅང་ལ་མངགས་སོང་། བདག་གི་ལས་ཀ་ནི་སྐད་སྒྱུར་དང་འབྲེལ་ལམ་ཡིན། བདག་དང་ལས་གྲོགས་ཨུ་རུ་མོ་ཆུ་ལ་ལས་ཐོག་ཏུ་ཕྱིན་པ་དང་། བྱ་བཞག་ལམ་ལྷོང་ཡོང་དཀའ་བས་ཡུན་རིང་འགོར།

དེའི་སྐབས་སུ་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བར་འདུག ཁོ་མོས་གློ་བུར་དུ་བདག་ལ་འབྲེལ་བ་བྱས་པ་དང་ཁོ་མོའི་ཕ་མ་གཉིས་ཤིན་ཅང་ལ་ལྟ་སྐོར་ཞིག་བྱེད་འདོད་ཡོད་པ་དང་བདག་ཁོ་ཚོ་དང་ལྷན་དུ་འགྲོ་ཐུབ་མིན་དྲིས་སོང་། བདག་གིས་ཇི་ལྟར་མི་ཐུབ་ཟེར་ཕོད་དམ། བདག་གིས་ཇི་ལྟར་མི་ཐུབ་པར་བཟོད་བསྲན་བྱེད་དགོས་སམ།

ཕྱིར་ཕ་ཡུལ་དུ་ལོག་རྗེས། བདག་གིས་བློ་སྤོབས་དང་བཅས་ཨ་ཕ་ལགས་སུ་དོན་དེ་གླེང་བ་ཡིན། བདག་གིས་བསྟུན་མར་”བདག་གིས་འདི་ནི་མི་སྲིད་པ་ཞིག་ཡིན་པ་ཤེས་ཡོད་”་ ཅེས་ཐེངས་ཁ་ཤས་བསྐྱར་ཟློས་བྱས་པ་ཡིན་ལ། ལུས་ཡོངས་འདར་ཟིག་རྒྱག་གྱིན་འདུག བརྩེ་དུང་གི་ལོ་རྒྱུས་དེ་བཤད་པ་དང་། ཨ་ཕ་སེམས་འགུལ་ཐེབས། ཁོང་གིས་འཁྱག་སིབ་སིབ་ངང་བདག་ལ་དབྱེ་ཞིབ་བྱས་སོང་།

ཨ་ཕས་”གལ་སྲིད་ཁྱེད་རང་མོ་དང་མཉམ་དུ་འདུག་འདོད་ཡོད་ཚེ། ཐོག་མ་དེར་བདག་ལ་དུས་ཚོད་ངེས་ཅན་ཞིག་དགོས་པ་དང་། བདག་དང་ཁོ་མོ་གཉིས་ཀྱང་ཐུག་དགོས་ལ། དེ་ནས་ང་ཚོས་ང་ཚོའི་ཁྱིམ་རྒྱུད་ཆེན་མོ་འདིས་མོ་དང་ལེན་བྱེད་པར་ཚོད་ལྟ་བྱེད་དགོས། འདི་ནི་དམག་འཁྲུག་ཆེན་པོ་ཞིག་དང་འདྲ། ཐ་མ་དེར་ཁྱེད་རང་ལ་བསམ་བློ་ནང་འཆར་གཞི་ཡོད་པ་དང་། ང་ཚོས་དང་ལེན་མ་བྱས་ན་ཁྱེད་གཉིས་རང་རང་གི་འཚོ་བ་སྐྱེལ་ཆོག་པ་དང་། འདི་དག་ནི་ཁྱེད་ཀྱིས་བརྩེ་དུང་ལ་ཕུལ་བའི་རིན་ཐང་ཡིན་ཕྱིར། ཐ་མའི་ཐག་གཅོད་ངེས་བར་དུ་ཁྱེད་ལ་ཡོད་དགོས་” ཟེར།

ང་ཚོས་མང་པོ་གླེང་ཚར་བའི་ཐ་མ་དེར། བདག་གིས་བརྩེ་དུང་འདི་མཇུག་སྡུད་པར་ཐག་བཅད་པ་ཡིན། དེའི་སྐབས་སུ་བདག་ཡུ་གུར་གྱི་མི་རིགས་ཡོངས་དང་ཁ་བྲལ་བར་བཟོད་པའི་ཐབས་ཤེས་མི་འདུག བདག་གི་ཚོར་བ་ལ། ཁོ་མོ་ལ་དགའ་བ་ལས། བདག་རང་གི་ཁྱིམ་མི་དང་མི་རིགས་ལ་དེ་བས་མང་པར་དགའ་བ་ཡོད་པ་ཚོར། ཨ་ཕས་བདག་ལ་ཁོ་མོ་ལ་སྣེ་ལེན་ཡག་པོ་བྱེད་དགོས་པར་སྐུལ་མ་གནང་བྱུང་། དེའི་སྐབས་སུ་བདག་གིས་ལས་ཀ་བྱས་མ་ཐག་ཡིན་པས་བསོག་དངུལ་མེད་ལ། གལ་སྲིད་ཨ་ཕའི་རོགས་རམ་མེད་ཚེ་བདག་གིས་མགྲོན་པོར་སྣེ་ལེན་བྱེད་ཐབས་བྲལ།

ཨ་ཕ་དང་ཨ་ཁུའི་རོགས་རམ་འོག།བདག་གིས་ནུས་ཤུགས་ཡོད་ཚད་བཏོན་ནས་ཁོ་མོ་ནང་མི་གསུམ་ལ་སྣེ་ལེན་ཡག་པོ་ཞུས་པ་ཡིན། ཕ་ཡུལ་གྱི་མཛེས་ལྗོངས་མང་པོ་བསྟན་པ་དང་ཟས་དང་འགྲིམ་འགྲུལ་དང་། ད་དུང་བདག་གི་ཁྱིམ་ལ་མགྲོན་བསུ་བྱས་པ་ཡིན། ཁོ་མོའི་ཕ་མ་གཉིས་ཀྱང་བདག་ལ་དགའ་བོ་ཡོད་པ་མཐོང་སོང་། བདག་གིས་རང་ལ་ད་དུང་དུས་ཚོད་དགོས་པར་བསམ་བཞིན་བྱས་པ་དང། གལ་སྲིད་ང་ཚོས་ཐ་མའི་ཐག་གཅོད་དེ་བྱས་ཟིན་པ་ཡིན་ན་ཁོ་མོའི་ཨ་མས་ས་གནས་ཀྱི་ཁང་གླ་ཡང་དྲིས་སོང་། ཡིན་ཡང་བདག་གིས་ཁོ་ཚོའི་གདོང་ལ་ལྟ་ཕོད་མ་ནུས།

གྱེས་བྲལ་གྱི་སྐབས་སུ། བདག་གིས་ཨ་ཁུའི་རླང་འཁོར་བཏང་སྟེ་ཁོ་ཚོ་མེ་འཁོར་འབབ་ཚུགས་སུ་བསྐྱལ་བ་ཡིན། ཁ་གྱེས་པ་དང་ཕྱིར་ལོག་པའི་སྐབས་སུ། ཁོ་མོས་བདག་ལ་འཕྲིན་ཐུང་ཞིག་བྲིས་ནས་བཤད་རྒྱུར་ཁོ་མོས་ཨ་མས་བདག་ལ་རླང་འཁོར་རྒྱབ་ན་ཡིག་གཤུབ་ཅིག་བཞག་ཡོད་ཟེར། བདག་ལམ་སང་ཕྱིན་ནས་བལྟས་པ་ན། ཨོ། ཁོ་མོའི་ཨ་མས་སྒོར་སྟོང་ཕྲག་ཁ་ཤས་བཞག་འདུག  ད་དུང་བདག་ལ་འཕྲིན་ཡིག་ཞིག་ཀྱང་བྲིས་འདུག སྒོར་མོ་ནི་བདག་གིས་ཁོ་ཚོ་ལ་བཏང་བ་དེའི་ཚབ་ཡིན་པ་དང་། ཁོ་ཚོས་བདག་གི་ཁ་ངོ་ཆེ་བ་ཤེས་འདུག་ལ་ཁོ་ཚོར་སྒོར་མོ་བཀོལ་བར་མི་འཇུག་པ་ཤེས་འདུག དེ་བས་གདོང་གཏུགས་ནས་བདག་ལ་འགྲོ་གྲོན་དྲིས་མ་སོང་།ཨ་མའི་འཕྲིན་དེས་བདག་གིས་བུ་མོ་ལ་ལོ་ཤས་རིང་ལྟ་སྐྱོང་བྱས་པར་ཐུགས་རྗེ་ཆེ། ཕྱིས་སུ་དོན་དག་ཅི་འདྲ་ཅིག་ཡིན་ཡང་ཁྱེད་ལ་སྨོན་འདུན་ཞུས་པ་ཡིན་ཞེས་བཤད་འདུག

བདག་གི་སེམས་པ་ཡོངས་སུ་འཁྲུག་སོང་། བདག་ཆབ་སྲིད་དང་རང་ལྟ་ཆོག་འཛིན་གྱི་ལྟ་བ་སོགས་ལ་ཁོང་ཁྲོ་ཟ་གི་འདུག ཚོར་སྣང་ཞིག་ལ་ལྟ་བ་འདི་དག་གིས་མི་རིགས་འདི་ལྟ་བ་འཁྲེགས་འཛིན་དང་རང་གི་འདུ་ཤེས་ཇེ་མཁྲེག་ཏུ་བཏང་བར་ཚོར།

དེ་ནི་མི་རིགས་གཞན་དང་འདྲེས་འདྲིས་བྱེད་པར་རང་ཉིད་སྲུང་སྐྱོབ་དང་རང་ཉིད་རིགས་གཞན་ལ་འགྱུར་བར་དོགས་ཏེ་བདག་སྐྱོང་བཟང་བོ་བྱེད་དགོས་པ་དང་། རང་གི་མི་རིགས་བརྩེ་དུང་ལ་རྨ་བཟོ་བར་ཞེད་སྣང་སྐྱེས་བཞིན་དུ་གནས་དགོས། ད་ལྟ་ལྟོས་ཡོང་དུས། བདག་གིས་རང་ཉིད་ཀྱི་རང་ཁོ་ནའི་རང་འདོད་དང་བརྩེ་བ་དང་བྲལ་བ་ལ་བཟོད་བསྲན་བྱེད་ཐབས་བྲལ།

ཨ་རིར་སླེབས་པ་དང་ཡུ་གུར་ནི་ཅི་ཞིག་རེད་དམ།

སློབ་ཆེན་གྱི་ལོ་ཡུན་ཐ་མའི་ཕྱེད་ཀར། བདག་རིམ་བཞིན་གློག་བརྙན་ལ་དགའ་སྣང་སྐྱེས་པ་དང་། དེ་དང་མཉམ་དུ་ཨ་རིའི་རིག་གཞུང་ལ་ཡང་སྤྲོ་སྣང་སླེབས། བདག་དབྱིན་སྐད་ལ་སྔར་བས་ཀྱང་སྤྲོ་སྣང་ཆེར་ཕྱིན། ལྷག་པར་དུ་ཨོ་པ་མ་ཨ་རིའི་སྲིད་འཛིན་ཐོབ་པའི་གཏམ་བཤད་དེས་བདག་ལ་སྐུལ་མ་ཤུགས་ཆེན་པོ་ཐོབ།

བདག་གིས་ཨ་རིའི་གློག་བརྙན་གྲངས་མང་པོ་བལྟས་པ་ཡིན། ༼བཙོན་ཁའ་གཏོལ་བ་༽གློག་བརྙན་གྱི་རིགས་ཅི་ཞིག་ཡིན་ཡང་ལྟ་བཞིན་ཡོད། བདག་ཆེས་དགའ་བའི་གློག་བརྙན་དེ་༼ཕའི་བསླབ་བྱ་༽ཞེས་པ་དེ་ཡིན། བདག་གིས་གློག་བརྙན་འཛིན་གྲྭ་བདམས་པ་ཡིན། རང་ངོས་ནས་ཀྱང་གློག་བརྙན་ཕབ་ལེན་བྱས་པ་ཡིན། བདག་ལ་ཨང་གི་༩༦ ཐོབ་པ་རེད། དུས་དེ་ནས་བཟུང་བདག་སློབ་མཐར་ཕྱིན་པ་དང་གློག་བརྙན་གྱི་སྐོར་ལ་ལས་ཀ་བྱས་ན་སྙམ་པ་བྱུང་། བདག་གི་ཆེས་ཆེ་བའི་ཕུགས་འདུན་ནི་གློག་བརྙན་འཁྲབ་འཁྲིད་པ་ཞིག་བྱེད་རྒྱུ་དེ་ཡིན་ལ། ཡུ་གུར་གྱི་སྐོར་ལ་གློག་བརྙན་བཟོ་རྒྱུ་དེ་ཡིན།

བདག་ཨ་རིའི་རིག་གཞུང་ལ་དགའ་བ་དང་། ཨ་རིའི་གློག་བརྙན་ནང་གི་མི་སྤྱོད་རིང་ལུགས་(Humanitarianism)དང་། དཔའ་བོའི་རིང་ལུགས་སོགས་ལ་དགའ་སྣང་སྐྱེས། ཡུ་གུར་མི་རིགས་ཀྱིས་གཞན་གྱི་རིག་གནས་ནང་འདྲེན་མི་བྱེད་པ་མ་ཡིན་པར། དེ་ལས་བཟློག་སྟེ། བདག་གི་བསམ་པ་ལ་ཡུ་གུར་སྤྱི་ཚོགས་ནི་ཕྱིའི་རིག་གནས་ཀྱི་དངོས་པོ་ལ་བརྩེ་དུང་ཆེ་བ་དང་། ཕྱིའི་རིག་གནས་རྐང་རྩེད་སྤོ་ལོ་ལྟ་བུ་ང་ཚོས་རྩེད་འཇོར་རོལ་བཞིན་ཡོད། དཔེར་ན་ཨུ་རུ་སུའི་རིག་གཞུང་ལ་ལྟ་སྟངས་རྒྱ་ཆེ་བར་ཡོད། ཡིན་ཡང་རྒྱའི་རིག་གནས་ཀྱི་ནུས་ཤུགས་དེས་ང་ཚོ་ལ་ཤུགས་རྐྱེན་དེ་འདྲ་ཐེབས་མེད། ང་ཚོས་རྟག་པར་རིག་གསར་དང་བྲེ་ལྟོག དེང་གི་སྲིད་གཞུང་གི་ལྐོག་བཟའ་རུལ་སུང་གི་བྱེད་ལས་སོགས་དྲན་བཞིན་ཡོད་ལ། འདི་དག་ཚང་མ་ནི་རྒྱ་མིས་འཁྱེར་འོང་བ་རེད། འདིས་ང་ཚོ་ལ་ཕྱིར་འབུད་དང་རྒྱང་འགྱེད་ཀྱི་སེམས་ཁམས་ཞིག་སྟེར།

རྒྱའི་རིག་གནས་དང་བསྡུར་ན། དེང་སྐབས་ཡུ་གུར་བ་ཚོས་ནུབ་ཕྱོགས་ཀྱི་རིག་གནས་ནང་འདྲེན་མང་བ་བྱེད་ཀྱིན་ཡོད། ཤིན་ཅང་ནང་། ཡུ་གུར་ཚོས་ཕན་ཚུན་ནང་ཁུལ་ཁ་བརྡ་བྱེད་པའི་སྐབས་སུ་ཡུ་གུར་གྱི་སྐད་ནང་དུ་དབྱིན་སྐད་ཁ་ཤས་བེད་སྤྱོད་བྱེད་བཞིན་ཡོད་ལ། དེ་ལྟར་ན་གཞན་གྱིས་ཁྱེད་རང་གྲུང་ཤ་དོད་པོ་དང་རང་གཤིས་ཡོད་པར་ཚོར། ཡིན་ཡང་རྒྱ་སྐད་འདྲེས་པར་བཤད་ན་གཞན་གྱིས་ཁྱེད་ལ་འཕྱ་བར་བྱེད། “ཡུ་གུར་གྱི་མི་ཨེ་ཡིན་ནམ། ཐ་ན་རང་གི་ཕ་སྐད་ཀྱང་སྨྲ་མི་ཤེས་སམ་” ཞེས་འདྲི་བ་རེད།

སློབ་ཆེན་མཐར་ཕྱིན་པའི་རྗེས་སུ་བདག་གི་ལས་ཀ་ཡང་དེ་འདྲའི་ལེགས་འགྲུབ་མ་བྱུང་བས། ཤིན་ཅང་ནང་ལས་ཀ་བྱེད་པའི་གོ་རིམ་ཁྲོད། རིག་གནས་དང་དྲིལ་བསྒྲགས་ཕྱོགས་ཡོངས་དང་འབྲེལ་བསྡད་ཡོད་པས་མཇུག་འབྲས་ཀྱིས་བདག་ཡིད་ཐང་ཆད་པར་བཟོས། ཧ་ཅང་ལས་སླ་བའི་བྱ་བ་དེ་ནི་ཁོ་ཚོས་ཕར་འཐེན་ཚུར་འཐེན་བྱས་པ་དང་། ཕན་ཚུན་ལ་སྐྱོན་བརྗོད་བྱེད། རེད་ཟེར་ཀྱང་མི་འགྲིག་ལ། མ་རེད་ཟེར་ཀྱང་མི་འགྲིག་པར་ཁ་ནས་སྙན་པའི་ཚིག་ཁོ་ན་སྨྲ་ནས་སྡོད་བར་བྱེད། བཟོ་གྲྭའི་ལས་བྱེད་མང་པོས་ཆང་མང་པོ་འཐུང་དགོས་པ་དང་མཇུག་འབྲས་ཅི་ཡང་མེད། ཟླ་བ་ཁ་ཤས་འགོར་ཡང་ད་དུང་བཟོ་གྲྭའི་ཆོག་མཆན་གྱི་ལས་ཀ་འགྲུབ་མི་སྲིད། བཟོ་གྲྭས་ང་ཚོར་”ཕྱིར་ལོག་སོང་ཆོག་”ཟེར། རིག་གནས་ཀྱི་དཀའ་ངལ་མངོན་གསལ་དོད་པོ་”རྒྱ་རིགས་ཆེན་པོ་”དེས་ཡིད་ཐང་ཆད་དུ་བཅུག

བདག་གིས་སླར་ཡང་ཀྲོ་ཧྥི་(དབྱེན་ཡིག་གི་ཚུད་རྒྱུགས་ཞིག་ཡིན་པ་དང་འདིར་ཚུད་ན་ཨ་རིར་སློབ་སྦྱོང་བྱེད་དུ་འགྲོ་ཆོག་པ་རེད )ཡིག་རྒྱུགས་གཏོང་བར་སེམས་ཐག་བཅད་པ་དང་། ཨ་རི་ལ་སློབ་སྦྱོང་བྱེད་པར་འགྲོ་འདོད་སྐྱེས། སྟབས་ལེགས་ནས་བདག་ཨ་རིའི་སློབ་ཆེན་ཞིག་གིས་གསར་འགྱུར་སྡེ་ཚན་ནས་སློབ་སྦྱོང་གི་གོ་སྐབས་སྤྲད། དེ་བས་ཀྱང་སྟབས་ལེགས་པ་ཞིག་ལ། བདག་སློབ་ཆེན་ན་སྡོད་པའི་སྐབས་སུ་བདག་གི་རྣམ་འགྱུར་ལེགས་པ་དང་། དགེ་རྒན་དང་སློབ་གྲྭས་བདག་ལ་སློབ་སྦྱོང་གི་གྲུབ་འབྲས་ཀྱང་རྩེར་ཐོན་ཡིན་པའི་ངོས་སྦྱོར་ཡི་གེ་སྤྲད། དེས་བདག་གི་ཕྱིར་སྐྱོད་ལག་འཁྱེར་ལས་སླ་བོ་ངང་བཟོ་ཐུབ་པ་བྱུང་།

བཟོ་གྲྭའི་ལས་ཀ་ཤོར་བ་དང་བདག་ཡུལ་ལ་ལོག་པའི་གནས་ཚུལ་དེ་བདག་གིས་དགའ་རོགས་དིལ་ཧུ་མར་Dilhumar) ལ་བཤད་པར། ཁོ་མོ་ཧངས་སངས་པ་དང་། བདག་གི་ཕུགས་བསམ་སྟེ་ཨ་རིར་སློབ་སྦྱོང་ལ་འགྲོ་བཞིན་པ་དེར་དགའ་སྣང་སྐྱེས་པ་དང་སེམས་ཁྲལ་དང་སྡུག་བསྔལ་ཡང་བྱེད་བཞིན་འདུག

བདག་ཤིན་ཅང་ལ་སླེབས་ནས་ཡུན་རིང་མ་སོང་། བདག་གིས་འཇིགས་ཡེར་བའི་གནས་ཚུལ་ངོ་མ་དེ་གོ་ཐོས་བྱུང་། ཁོ་མོས་གློ་བུར་དུ་བདག་ལ་འཕྲིན་ཐུང་ཞིག་བསྐུར་འོང་བ་དང་ཁོ་མོ་གཉེན་བསྒྲིགས་རྒྱུ་ཟེར། ཁོ་མོའི་ནང་མི་ཡོངས་ཤིན་ཅང་ལ་ཡོང་བ་ནས་བཟུང་ཁོ་ཚོས་ང་ཚོ་མཉམ་དུ་སྡོད་མི་ཐུབ་པ་ཤེས་པ་དང་། ཁོ་མོའི་ཕ་མས་མོའི་འཆང་ས་ལ་གོ་སྒྲིག་བྱས་འདུག ཁོ་མོས་བདག་ལ་ཕོ་དེ་མོ་ལས་ལོ་ཏོག་ཙམ་ཆེ་ཡང་མི་ཡག་པོ་ཞིག་འདུག་ཟེར། ཁོ་ཚོ་ལམ་སང་གཉེན་བསྒྲིགས་རྒྱུ་ཡིན་པར་བཤད་སོང་། ཁོ་མོ་གཉེན་བསྒྲིགས་ཀྱི་ཉིན་དང་པོ་དེ་ལ་ཁོ་མོའི་ཁེ་ཁེ་ QQ ཡི་རྣམ་པ་བསྒྱུར་འདུག་ལ། ”དཀོན་མཆོག་བདག་ལ་གཟིགས་རོགས། ཐེངས་འདིར་བདག་ལ་བདེ་སྐྱིད་ངོ་མ་ཐོབ་པར་སྨོན་”ཞེས་བྲིས་འདུག་པར། བདག་གི་སེམས་པ་གས་ཆགས་སུ་བཏང་སོང་། དེར་བརྟེན། ལོ་ངོ་གཉིས་སྔོན་ལ། བདག་ཨ་རིར་སླེབས་པ་དང་། ཚང་མ་བདག་ལ་གསར་པ་ཡིན་པ་དང་བདག་གི་བརྩེ་དུང་གི་སེམས་ཁམས་ཀྱང་མཇུག་བསྡུས་སོང་།

ཕྱིའི་ཡུལ་ནས་འབྲེལ་འདྲིས་བྱེད་རྒྱུ་ཧ་ཅང་མང་། ཐོག་མར་འཛམ་གླིང་འདིའི་སྟེང་ན་ཡུ་གུར་ཤེས་པའི་མི་ནི་ཧ་ཅང་ཉུང་། ང་ཚོ་ཤིན་ཅང་ན་ཡོད་པའི་སྐབས་སུ། མི་ཚང་མས་ཐ་གཅིག་ཏུ་རང་གི་ལོ་རྒྱུས་དང་རིག་གཞུང་ལ་ང་རྒྱལ་སྐྱེས་པ་དང་། ཐ་ན་འཛམ་གླིང་ཧྲིལ་པོས་ང་ཚོ་ཤེས་བཞིན་ཡོད་པར་སྙམ་ཡོད། ཨ་རི་ལ་སླེབས་པ་དང་། བདག་གིས་དེ་ལྟར་མ་ཡིན་པ་གཞི་ནས་ཤེས་བྱུང་། བོད་ཀྱི་རིག་གནས་དང་བསྡུར་ན་ང་ཚོ་ནི་ཧ་ཅང་ཁུ་སུམ་སུམ་ངང་གནས་འདུག

བདག་གིས་ཨ་རིའི་གྲོགས་པོ་མང་པོ་དང་མཉམ་དུ་གླེང་མོལ་བྱེད་པའི་སྐབས་སུ་ཁོ་ཚོས་བདག་གང་ནས་འོང་བར་འདྲི་བ་དང་། བདག་གིས་རང་ཀྲུང་གོ་ནས་ཡོང་ཟེར་དུས། མི་མང་པོས་རྩེད་མོའི་ཚུལ་དུ་བདག་ནི་ཁོ་ཚོའི་བག་ཆགས་ནང་གི་ཀྲུང་གོ་བ་དང་མི་འདྲ་བར་བཤད་བྱུང་། བདག་གིས་ང་རང་ནི་གྲངས་ཉུང་མི་རིགས་དང་ང་རང་ནི་ཡུ་གུར་རིགས་ཡིན་པར་བཤད་དུས། འོན་ཏེ་ཡུར་གུར་ UYGHUR ཚིག་དེ་ཐོན་མ་ཐག་ཏུ། ཨ་རིའི་མིའི་ཐོག་མར་ཐོན་ཡོང་བའི་ཚིག་དེ་ནི་ “ཡུ་གུར། འདི་ཅི་ཞིག་རེད་” UYGHUR  WHAT IS THAT ཟེར་བར། དེའི་སྐབས་སུ་བདག་དོགས་མི་བདེ་བར་གྱུར་བ་དང་། བདག་གིས་ཨ་རིའི་གྲོགས་པོ་ཚོ་ལ་”ཁྱེད་ཚོས་བོད་པ་ཤེས་ཀྱི་ཡོད་དམ་”ཞེས་འདྲི་རྒྱུ་ཁོ་ན་དེ་ཡིན། ཁོ་ཚོས་YES ཟེར་ངེས་ལ། དེ་དུས་བདག་གིས་”ང་ཚོ་ནི་བོད་ཀྱི་ཉེ་འགྲམ་ན་ཡོད་པ་དང་། ང་ཚོའི་གནད་དོན་ཡང་ཁོ་ཚོ་དང་གཅིག་པ་ཡིན་” ཞེས་བཤད་ཀྱི་ཡོད།

ཨ་རིའི་མི་མང་ལ་ང་ཚོ་ཡུ་གུར་ལ་ཤེས་རྟོགས་ཡོང་ཆེད་དུ། བདག་དང་ཡུ་གུར་གྲོགས་པོ་ཁ་ཤས་ཀྱིས་ཐ་ན་གླེན་རྟགས་ཚ་བོའི་བྱ་བ་ཡང་ལས་མྱོང་། དཔེར་ན། ང་ཚོ་ཀུ་ཤུའི་གློག་ཀླད་ཚོང་ཁང་ཆེན་པོ་ལ་ཕྱིན་ནས། གློག་ཀླད་མང་པོའི་ནང་གི་ཝེ་ཀེ་རིག་མཛོད་WIKIPEDIA ཁ་ཕྱེས་ཏེ་ནང་དུ་”ཡུ་གུར་” བླུགས་རྗེས་ག་ལེར་ཁུ་སིམ་སིམ་ཕྱིར་ཐོན་པ་ཡིན། མི་ལ་ཤས་ཡོང་ནས་གློག་ཀླད་བཀོལ་དུས་ཁོ་ཚོས་ལྟ་ངེས་པ་དང་མི་རེ་གཉིས་ཀྱིས་ཀྱང་”ཡུ་གུར་མི་”དང་”ང་ཚོའི་ཕ་ཡུལ”ལ་ཤེས་རྟོགས་ཡོང་བ་ཇེ་མང་ལ་སོང་མེད་དམ་སྙམ་བྱུང་།

དུས་ཡུན་འདིའི་ནང་ལ་བདག་ཨ་རིའི་རིག་གནས་དང་། ང་ཚོའི་ཆོས་ལུགས། རང་ཉིད་ཀྱི་”མི་རིགས་རིང་ལུགས་”ཀྱི་སེམས་འདུན་སོགས་ལ་ལྟ་སྟངས་ཕྱོགས་ཡོངས་ཀྱི་གསར་པ་ཞིག་སྐྱེས། དཔེར་ན། བདག་གིས་དབྱེ་ཞིབ་ཀྱི་ལྟ་བ་སྦྱངས་པ་དང་། ལས་སླ་བོ་ངང་ཕྱོགས་སུ་མི་ལྷུང་བ་དང་། བདག་གིས་གུ་དོགས་པའི་མི་རིགས་ཀྱི་སེམས་འདུན་འཁྱེར་ནས་འཛམ་གླིང་དང་སྤྱི་ཚོགས་སྟེང་གི་གནད་དོན་མང་པོ་ལ་མི་ལྟ་བར་ཤེས་པ་དང་། བདག་གིས་རིམ་བཞིན་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཤེས་པ་དང་། བདག་གིས་ད་ལྟ་བདག་གི་མི་རིགས་རིང་ལུགས་ཀྱི་ལྟ་བ་སྔར་བས་བདེ་ཐང་དང་སྔར་བས་ཡང་དག་པར་གྱུར་བར་ཡིད་ཆེས་ཡོད། བདག་སྔར་བས་མི་ཞིག་དང་དོན་རྐྱེན་ཞིག་ཁྱེད་ཀྱི་མི་ཚེའི་ནང་བྱུང་བར་རྒྱུ་རྐྱེན་ཞིག་ཡོད་པར་ཤེས། བདག་གིས་གློག་བརྙན་བཟོ་བའི་ཕུགས་བསམ་འགྱུར་མེད་ལ། ཉིན་ཞིག་ལ་བདག་གིས་རང་གི་མི་རིགས་ཀྱི་ཆེད་དུ་བྱ་བ་ལེགས་པོ་ཞིག་སྒྲུབ་རྒྱུ་དེ་ཕུགས་བསམ་ཉེག་གཅིག་ཡིན། གྲང་ཀྲད་༼ལྷོ་ཕྱོགས་གཟའ་མཇུག་དུས་དེབ༽ནི་སྔོན་གསར་འགོད་པ་དང་། དེང་སྐབས་རང་དབང་གི་གསར་འགོད་པ་དང་། ནུའུ་ཡོའུ་ནང་གནས་སྡོད་བྱས་ཡོད།

མཇུག་རྫོགས་སོ།།

མ་ཡིག་གི་འབྲེལ་ཐག https://cn.nytimes.com/china/20140703/cc03mystory/?mcubz=0

བསྐྱར་བཅོས།: ༢༠༡༧/༠༩/༢༩

Leave a Reply