བོད་ཀྱི་མཁའ་དབུཊ་གཙང་མ་རྒྱ་ནག་ནང་བཙོངས།

རྒྱ་ནག་ནང་མཁའ་རླུང་འབག་བཙོག་ཆེན་པོ་ཐེབས་པར་བརྟེན་བོད་མཐོ་སྒང་གི་མཁའ་དབུགས་གཙང་མ་རྒྱ་ནག་ནང་འཚོང་བཞིན་ཡོད་འདུག

ཁ་སང་ཧྲང་ཧེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ས་ཟི་ལིང་དུ་ཡོད་པའི་རྒྱ་རིགས་བུ་མོ་སྤུན་མཆེད་གཉིས་ཀྱིས། དྲ་རྒྱའི་སྟེང་མཁའ་དབུགས་གཙང་མ་བཙོང་སའི་ཁེ་ལས་ཞིག་གཉེར་ཏེ། བོད་མཐོ་སྒང་གི་མཁའ་དབུགས་གཙང་མ་འགྱོག་ཤོག་ཁུག་མ་ཆུང་ཆུང་གང་ལ་རྒྱ་སྒོར་ ༡༥ རེ་བྱས་ནས་འཚོང་གི་ཡོད་འདུག

བུ་མོ་སྤུན་དེ་གཉིས་ཀྱིས་ད་བར་བོད་མཐོ་སྒང་གི་མཁའ་དབུགས་གཙང་མ་འགྱོག་ཤོག་ཁུག་མ་༡༠༠ ལྷག་བཙོངས་ཡོད་པ་དང་། བོད་མཐོ་སྒང་གི་མཁའ་དབུགས་འཚོང་བའི་དགོས་དམིགས་ནི། དངུལ་གྱི་ཆེད་དུ་མ་ཡིན་པར་རྒྱ་ནག་ནང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་དོ་སྣང་ཡོང་ཆེད་དུ་ཡིན་སྐོར་ཁོ་རང་གཉིས་ཀྱིས་འགྲེལ་བརྗོད་བྱས་ཡོད་པ་རེད།

ཁོ་གཉིས་ཀྱི་ཁེ་ལས་དྲ་རྒྱའི་སྟེང་། སྐུ་ཉིད་ལ་རི་མགོའི་མཁའ་དབུགས་དགོས་སམ་ཡང་ན་རི་གཤོངས་ཀྱི་མཁའ་དབུགས་དགོས། ཞེས་འཛད་སྤྱོད་པར་གདམ་ག་ཁག་གཉིས་སྤྲད་ཡོད་པ་དང་། ཝི་པཱོ་དྲ་རྒྱའི་སྟེང་མི་མང་པོ་ཞིག་གིས་ཁོ་གཉིས་ཀྱིས་འགྱོག་ཤོག་ཁུག་མ་བེད་སྤྱོད་བཏང་སྟེ་ཁོར་ཡུག་ལ་གནོད་སྐྱོན་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། ཡང་ཝི་པཱོ་སྟེང་མི་གཞན་ཞིག་གིས། མཁའ་དབུགས་ནི་སའི་གོ་ལར་བདག་གི་ཡོད་སྟབས། ཁོ་གཉིས་ཀྱིས་མཁའ་དབུགས་རང་ཉིད་ཀྱི་རྒྱུ་ཆ་བྱས་ཏེ་ཚོང་རྒྱག་པ་ནི་ཁྲོམ་རར་མགོ་སྐོར་གཏོང་བ་རེད་ཅེས་སོགས་བྲིས་ཡོད་པ་རེད།

ཧྲང་ཧེ་གསར་ཁང་གི་གནས་ཚུལ་ནང་། ད་ལོའི་ལོ་མགོ་ནས་བཟུང་རྒྱ་ནག་ཞི་ཨན་ནགས་ཚལ་སྡེ་ཁག་གིས། རྒྱ་ནག་ཧྲན་ཞི་ཞིང་ཆེན་གྱི་ལྷོ་ཕྱོགས་རི་བརྒྱུད་ཀྱི་མཁའ་དབུགས་གཙང་མ་ལྕགས་སྣོད་(ལྕགས་ཊིན)གང་ལ་རྒྱ་སྒོར་ ༡༨ རེ་བྱས་ཏེ་བཙོང་གི་ཡོད་པ་དང་། ཚོང་ལས་དེས་སྲིད་གཞུང་ལ་ཡོང་འབབ་རྒྱ་སྒོར་ཁྲི་ ༢༠ བསགས་ཐུབ་ཡོད་སྐོར་བརྗོད་འདུག

གསར་འགྱུར་བརྒྱུད་ལམ་ཁག་གཞན་གྱི་གནས་ཚུལ་ལྟར་ན། ཁོར་ཡུག་སྲུང་སྐྱོབ་ལ་འཐུས་ཤོར་ཕྱིན་པའི་རྒྱལ་ཁབ་མང་པོའི་ནང་མཁའ་དབུགས་གཙང་མ་ཉོ་ཚོང་བྱེད་པ་ནི་རྒྱུན་ལྡན་ཞིག་ཆགས་ཡོད་པ་དང་། སྔོན་ཐོན་ཅན་གྱི་རྒྱལ་ཁབ་དབྱིན་ཇི་དང་། ཁེ་ན་ཌ། དེ་བཞིན། ཨོ་སི་ཊོ་ལི་ཡ་སོགས་ལ་མཁའ་དབུགས་དཀའ་ངལ་སྔོན་འགོག་ཆེད་མཁའ་དབུགས་གཙང་མ་འཚོང་གི་ཡོད་པ་མ་ཟད། རྒྱ་ནག་གི་ཕྱུག་བདག་ཚོས་ཁེ་ན་ཌ་དང་དབྱིན་ཇིའི་རྒྱལ་ཁབ་ནས་མཁའ་དབུགས་གཙང་མ་ལྕགས་སྣོད་(ལྕགས་ཊིན)གང་ལ་ཨ་སྒོར་ ༡༡༥ སྤྲད་དེ་ཉོ་བཞིན་ཡོད་འདུག

རྒྱ་ནག་ནང་མཁའ་དབུགས་འབག་བཙོག་ཤུགས་ཆེན་བྱུང་རྗེས། ལྗང་མདོག་འཛུགས་སྐྲུན་གྱི་ལས་གཞི་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད་ཀྱང་ཁོར་ཡུག་འབག་བཙོག་དང་མཁའ་དབུགས་འབག་བཙོག་གི་དཀའ་ངལ་མུ་མཐུད་འཕྲད་ཀྱི་ཡོད་སྟབས། བོད་མཐོ་སྒང་གཙོས་པའི་མཁའ་དབུགས་གཙང་མ་ཡོད་པའི་ས་ཆ་ནས་དབུགས་གཙང་རྒྱ་ནག་ནང་འཚོང་འགྲེམས་བྱེད་བཞིན་ཡོད་པ་འདི་ནི། རྒྱ་ནག་གཞུང་གིས་མཁའ་དབུགས་ཚོང་གཉེར་གྱི་ཁྲལ་རྒྱག་པའི་གོམས་སྟབས་དང་པོ་དེ་ཆགས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༠༩/༢༩

Leave a Reply

One thought on “བོད་ཀྱི་མཁའ་དབུཊ་གཙང་མ་རྒྱ་ནག་ནང་བཙོངས།

  1. བཙན་རྒྱལ་རྒྱ་དམར་གྱིས་བོད་མཐོ་སྒང་སྣོད་ཀྱི་འཇིག་རྟེན་ལས་རིག་གནས་གསར་བརྗེ་ཞེས་པའི་ནག་ཐིག་གི་ལོ་རྒྱུས་སྐབས་སུ་བོད་མཐོ་སྒང་ནས་གསུང་རྟེན་རྩ་གཏོར་དང་། སྐུ་རྟེན་དང་ཐུགས་རྟེན་སོགས་མཆོད་རྟེན་རིན་ཚད་འབྲལ་བ་བགྲང་གིས་མི་ལངས་པ་དང་མཐའ་ན་མི་ཚང་གི་རྟ་སྒ་གསེར་ཤན་མ་ཚུན་ཆད་བཀོག་སྟེ་དགྲ་ཇག་ཆོམ་རྐུན་རྒྱ་དམར་གྱིས་རྒྱ་ནག་ཏུ་ཕྱིར་འདྲེན་གཙང་བཟོ་ཟིན། དེ་རྗེས་ས་འོག་གཏེར་ཁ་སྣ་མང་དང་ནགས་ཚལ། རང་འབྱུང་ཆུ་དང་བཅས་པ་མ་ལྷག་པར་རྒྱ་ནག་ཏུ་རྐུ་ཇག་རྒྱག་ཟིན་པ་རེད། ད་ཆ་རང་འབྱུང་མཁའ་རླུང་ཙམ་ལྷག་བསྡད་ཡོད་པ་དེ་ཡང་ཕྱིར་འདྲེན་བྱེད་པ་མ་ཚད་ད་དུང་རྒྱ་མོ་དེས་ཁྱེད་ཚོ་ལ་རི་མགོའི་མཁའ་དབུགས་དགོས་སམ། ཞེས་རྒྱ་མི་ཁྱེད་ཚོ་བོད་མཐོ་སྒང་དུ་མཁའ་རླུང་གཙང་མ་ཡོད་པས་དེར་འགྲོ་དགོས་པའི་གསལ་བརྡ་འཁྱོག་བཤད་ཀྱི་ཚུལ་དུ་སྒྲོག་པ་དེ་མཐོ་སྒང་དུ་འཚོ་གནས་བོད་མི་རྣམས་ལ་ཉེན་བརྡ་ཞིག་གཏོང་བ་མིན་ནམ་སྙམ།