སྐྱེས་པ་ཉེར་གསུམ་གྱིས་བུད་མེད་གཅིག་ལ་བཙན་གཡེམ་བཏང་།

རྒྱ་གར་བྱང་ཁུལ་གྱི་བྷེ་ཁཱ་ནིར་གྲོང་ཁྱེར་ནང་རྒྱལ་ས་ལྡི་ལི་ནས་ཡིན་པའི་བུད་མེད་ཅིག་ལ་སྐྱེས་པ་ ༢༣ གྱིས་རེས་བསྐོར་ཏེ་ཆུ་ཚོད་ ༢༦ རིང་བཙན་གཡེམ་བཏང་ཡོད་འདུག

དེ་རིང་རྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱ་གར་བྱང་རྒྱུད་ཀྱི་རཱ་རྗི་སི་ཐན་ (Rajasthan) མངའ་སྡེའི་གྲོང་ཁྱེར་བྷེ་ཁཱ་ནིར་ (Bikaner) ནང་རྒྱལ་ས་ལྡི་ལི་ནས་ཡིན་པའི་བུད་མེད་ཅིག་ལ་སྐྱེས་པ་ ༢༣ རེས་མོས་ཀྱིས་བཙན་གཡེམ་བཏང་ཡོད་པ་དང་། ཕྱི་ཚེས་ ༢༦ ཉིན་བྷེ་ཁཱ་ནིར་གྲོང་ཁྱེར་ཉེན་རྟོག་པས་བཙན་གཡེམ་གཏོང་མཁན་མི་ ༦ འཛིན་བཟུང་བྱས་ཡོད་ཀྱང་། སྐྱེས་པ་གཞན་དག་ད་སྔ་འཇུ་བཟུང་བྱེད་ཐུབ་མེད་པ་རེད།

བུད་མེད་དེས་ཉེན་རྟོག་པར་བརྗོད་པ་ལྟར་ན། ཁོ་མོ་རྒྱལ་ས་ལྡི་ལི་ནས་ཡིན་པ་དང་ད་ལྟ་རང་ལོ་ ༢༨ ཡིན་ཞིང་། ཕྱི་ཚེས་ ༢༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༣ ཡས་མས་ཤིག་ལ་ཁོ་མོ་ཚོང་ལས་ཤིག་གི་ཆེད་དུ་བྷེ་ཁཱ་ནིར་གྲོང་ཁྱེར་མཐའ་ཁུལ་ནས་གྲོང་ཁྱེར་དབུས་ཁུལ་དུ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ལ་སྒུག་སྡོད་སྐབས། རླངས་འཁོར་ཞིག་ཁོ་མོའི་འཁྲིས་སུ་བསྡད་དེ་ཁོ་མོ་ས་གནས་གང་དུ་འགྲོ་ཡི་ཡོད་མེད་དྲིས་པར། བུད་མེད་དེས་ཁོ་མོ་གྲོང་ཁྱེར་དབུས་ཁུལ་དུ་འགྲོ་ཡི་ཡོད་ཅེས་བརྗོད་ཡོད་པ་དང་། རླངས་འཁོར་ནང་གི་སྐྱེས་པ་གཉིས་ཀྱིས་ཁོ་གཉིས་ཀྱང་གྲོང་ཁྱེར་དབུས་ཁུལ་དུ་འགྲོ་མཁན་ཡིན་པས་མཉམ་དུ་སོང་ཆོག་ལུགས་བཤད་ཀྱང་། བུད་མེད་དེས་དང་ལེན་མ་བྱས་པས། སྐྱེས་པ་དེ་གཉིས་ཡོང་ནས་ཁོ་མོ་བཙན་གྱིས་རླངས་འཁོར་ནང་བཅུག་སྟེ་ཁྲིད་ཡོད་པ་དང་། ལམ་བར་དུ་སྐྱེས་པ་དེ་གཉིས་ཀྱིས་ཁོ་མོར་རླངས་འཁོར་ནང་བཙན་གཡེན་བཏང་རྗེས། ཁོ་གཉིས་ཀྱི་གྲོགས་པོ་མི་དྲུག་ལ་སྐད་བཏང་ནས་ཁོ་མོར་མུ་མཐུད་བཙན་གཡེམ་བྱས་ཡོད་འདུག དེའི་རྗེས་སྐྱེས་པ་དེ་ཚོས་བུད་མེད་དེ་གྲོང་ཁུལ་གྱི་གཞུང་ལས་ཁང་ཞིག་ཏུ་ཁྲིད་ཡོད་པ་དང་། དེ་གར་སྐྱེས་པ་མང་པོ་རེས་བསྐོར་ཏེ་ཕྱི་ཚེས་ ༢༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ བར་ཏེ་ཆུ་ཚོད་ ༢༦ རིང་བཙན་གཡེམ་བཏང་རྗེས་གྲོང་ཁྱེར་གྱི་མཐའ་ཁུལ་ཞིག་ཏུ་གཡུགས་ཡོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པས། རྒྱ་གར་ནང་ལོ་རེར་བུད་མེད་ ༧༢༠༠ ལྷག་ལ་བཙན་གཡེམ་གཏོང་གི་ཡོད་པ་དང་། དེའི་གྲས་ཀྱི་བུད་མེད་མང་ཤོས་ཀྱིས་ཁོ་མོ་ཚོར་བཙན་གཡེམ་བྱས་པའི་གནས་ཚུལ་ས་གནས་རིམ་པའི་ཉེན་རྟོག་པར་ཞུས་ཀྱང་། ཉེན་རྟོག་པས་གནད་དོན་དེ་ལ་ཞིབ་བཤེར་མ་བྱས་པར། བཙན་གཡེམ་ཐེབས་པའི་བུད་མེད་ཚོར་ཚུལ་མིན་གྱི་ལྟ་ཚུལ་འཛིན་པ་དང་མཐོང་ཆུང་བྱེད་ཅིང་། རྒྱ་གར་ནི་རྒྱལ་སྤྱིའི་སྟེང་བུད་མེད་ལ་བཙན་གཡེམ་གཏོང་བའི་རྒྱལ་ཁབ་ཨང་ ༧ པ་དེ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

རྒྱ་གར་དབུས་ཉེན་རྟོག་ཁང་གི་ཞིབ་བཤེར་ཡིག་ཆ་ལྟར་ན། རྒྱ་གར་ནང་ཉིན་རེར་ཆ་སྙོམས་བུད་མེད་ ༦ ཙམ་ལ་གཙན་གཡེམ་ཐེབས་ཀྱི་ཡོད་པ་དང་། དེ་ཡང་ཕྱི་ལོ་ ༢༠༡༥ ལོར་བུད་མེད་ ༢༡༩༩ དང་། ༢༠༡༦ ལོར་བུད་མེད་ ༢༡༥༥། ༢༠༡༧ ལོར་བུད་མེད་ ༡༤༠ ལྷག་ལ་བཙན་གཡེམ་བཏང་ཡོད་པ་དང་། དེའི་གྲས་ཀྱི་བུད་མེད་མང་ཤོས་རྐྱེན་འདས་སུ་གྱུར་བ་དང་། བུད་མེད་ཁག་ཅིག་བཙན་གཡེམ་གཏོང་མཁན་གྱིས་དམར་གསོད་བྱས་པ། བུད་མེད་ཁག་ཅིག་དབང་བོ་སྐྱོན་ཅན་ཆགས་ཡོད་འདུག བཙན་གཡེམ་ཐེབས་པའི་བུད་མེད་དེ་དག་གི་གྲས་ནས་ལོ་ཆུང་ཤོས་རང་ལོ་ ༡༠ དང་ཆེ་ཤོས་ལོ་ ༦༩ ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༩/༣༠

Leave a Reply

One thought on “སྐྱེས་པ་ཉེར་གསུམ་གྱིས་བུད་མེད་གཅིག་ལ་བཙན་གཡེམ་བཏང་།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    དུས་རབས་ཉེར་གཅིག་མི་རྣམས་གདོན་གྱི་་བསླུས་།
    འདོད་ཆགས་དམར་པོ་འབྱུང་བའི་མེ་ལས་ཚ་།
    ངོ་ཚ་ཁྲེལ་གཞུང་མི་མངོན་ནམ་མཁར་ཡལ་།
    ཁྲིམས་དང་སྒྲིག་གཞི་ཤོག་སྟེང་ནུས་མེད་ལྷག་།
    སྒོ་གསུམ་རང་དབང་བྲལ་བའི་བུད་མེད་ལ་།
    སྙིང་རྗེའི་ཡུལ་ལས་གཞན་དུ་སྐྱོབས་མཁན་སུ་།