ལུས་སེམས་སྲོག་གི་བགྲོ་གླེང་ཚོཊ་ཆེན་ཐེངས་ལྔ་བ་དབུ་འཛུཊ་གནང་།

བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་གིས་རྒྱལ་སྤྱིའི་སྒང་ཡིན་ནའང་རྒྱུན་གནས་སྔོན་འགོག་བྱེད་པ་ནི་ནད་བཅོས་ཐབས་སམ་སྨན་བཅོས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པས་སྨན་རྩིས་ཁང་ནས་ལུས་སེམས་སྲོག་གི་ནད་གཞི་སྔོན་འགོག་ཐོག་བགྲོ་གླེང་ཚོགས་ཐུབ་པར་དགའ་པོ་ཞེ་དྲགས་བྱུང་སྐོར་གསུངས་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ། ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་ལྔ་བ་དབུ་འཛུགས་དང་སྦྲགས། ཟླ་འདིའི་ཕྱི་ཚེས་ ༦ ནས་ཉིན་གཉིས་རིང་ཨ་རིའི་ཧར་ཝཊ་གཙུག་ལག་སློབ་གཉེར་ཁང་གི་སྨན་གྱི་སློབ་གླིང་དུ།  འཛམ་གླིང་རྒྱ་ནག་སྨན་གྱི་མཐུན་ཚོགས་ཟེར་བ་ཞིག་གི་གོ་སྒྲིག་འོག  བོད་ལུགས་གསོ་རིག་གི་ལུས་སེམས་བདེ་ཐང་། ཐུན་མོང་གི་གསོ་ཐབས་འཚོལ་བ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་འཚོགས་འཆར་ཡོད་པའི་སྐོར་ལ་གསར་འགོད་གསར་བསྒྲགས་ཤིག་སྤེལ་སོང་། ཚོགས་ཆེན་དབུ་འཛུགས་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་གི་དབུས་ནང་དོན་དང་གསོ་བ་རིག་པ། རྩིས་དང་ནུབ་ཕྱོགས་པའི་ཚན་རིག་གི་ལམ་ནས་སེམས་ཁམས་ནད་གཞི་སྔོན་འགོག་སྐོར་ལ་གསུང་བཤད་གནང་མཁན་དང་། སེ་ལ་ཀུལ་བོད་ཁྱིམ་ནས་ཚན་རིག་སློབ་མ་ ༤༠། དེ་བཞིན་བོད་ཀྱི་སྨན་རྩིས་ཁང་གི་དབུ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༢༥༠ ལྷག་ཅིག་འཛོམས་འདུག

བགྲོ་གླེང་ཚོགས་ཆེན་དབུ་འཛུགས་ཀྱི་ཐོག་མར་བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་གི་སྡེ་ཚན་ནས་ཚོགས་ཆེན་ཐེངས་ལྔ་བའི་དམིགས་ཡུལ་ངོ་སྤྲོད་གྲུབ་རྗེས། སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་མཆོག་གིས། དཔེ་དེབ་དེ་དག་ནི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པའི་གསུང་བཤད་བོད་དེབ་གཅིག་དང་།  ནད་རིགས་སྔོན་འགོག་གི་དེབ་བདུན། སྨན་རྫས་ཉམས་ཞིབ་སྡེ་ཚན་གྱི་སྨན་རམས་པ་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་དེབ་གཅིག  དེ་བཞིན། སྨན་རྩིས་ཁང་གི་འཛིན་སྐྱོང་ནས་སྨན་རྩིས་ཁང་བཙུགས་ཏེ་ལོ་ངོ་ ༡༠༠ འཁོར་བའི་དུས་དྲན་གྱི་དེབ་གཉིས་པ་བཅས་དབུ་འབྱེད་གནང་སོང་།

ལུས་སེམས་སྲོག་གི་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ཀྱིས།  དེ་རིང་གི་ཚོགས་ཆེན་འདི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་ལྔ་བ་ཡིན། འདས་པའི་ཚོགས་ཆེན་ཐེངས་བཞི་ཚོགས་པའི་བརྒྱུད་རིམ་ནང་རིག་གཞུང་འདྲ་མིན་གྱི་ལེགས་བྱང་བརྗེ་རེས་དང་། ཉམས་མྱོང་སྤེལ་རེས། བསམ་ཚུལ་དང་ལྟ་ཚུལ་གླེང་རེས་གནང་སྟེ་གྲུབ་འབྲས་གང་འཚམས་ཐོབ་ཡོད་ཅེས་བཤད་ཆོག  བགྲོ་གླེང་རིམ་པའི་ནང་འགྲོ་བ་མིའི་སེམས་ཁམས་བདེ་ཐབས་དང་། དེ་འབྲེལ་ཤེས་བྱའི་གོ་རྟོགས་གོང་སྤེལ་གཏོང་རྒྱུ་དམིགས་འབེན་དུ་བཟུང་ནས་ཚོགས་ཡོད་ལ། ཚོགས་ཆེན་རེ་རེིའི་སྐབས་ཀྱི་གསུང་བཤད་ཁག་ཕྱོགས་བསྡུས་ཀྱིས་དེབ་ཕྲེང་རྒྱས་བསྡུས་གཉིས་རེ་བོད་དབྱིན་གཉིས་ཀའི་ནང་དཔར་འགྲེམ་བྱེད་བཞིན་ཡོད། འདི་ལོ་ཡང་འགྲོ་བ་མིའི་སེམས་ནད་སྔོན་འགོག་བྱེད་ཐབས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་ཁག་གཉིས་གོ་སྒྲིག་ཞུ་ཡི་ཡོད། སྤྱིར་སེམས་ནད་ཀྱི་རིགས་མང་པོ་ཞིག་མི་རབས་དང་ཚེ་རབས་མང་པོའི་གོང་ནས་འགྲོ་བ་མིའི་སེམས་བག་ཆགས་དང། རིགས་རྫས་ནང་ཁྱབ་པའི་གཅོང་ནད་ཅིག་ཡིན་སྟབས། ལས་སླ་བོར་རྒྱུན་གཅོད་ཐུབ་པ་ཞིག་མིན་ཀྱང་ད་ལྟའི་གནས་བབ་འདི་ལས་ཤུགས་ཆེ་རུ་དང་། སྡུག་ཏུ་མི་འགྲོ་བའི་སྔོན་འགོག་གི་བྱེད་ཐབས་ཤིག་ཡོད་ན་ངེས་པར་བྱེད་དགོས་པ་དང་། བྱེད་འོས་པ་ཡིན་སྟབས་བརྗོད་གཞི་འདིའི་སྟེང་བགྲོ་གླེང་ཚོགས་བསྐོང་བྱས་པ་ཡིན་ལ།  ཉིན་གསུམ་གྱི་བགྲོ་གླེང་རིང་སེམས་ནད་གང་ནས་འབྱུང་བའི་རྒྱུ་རྐྱེན་གང་དང་གང་ཡིན་པ་དང་། རྒྱུ་རྐྱེན་དེ་ཚོ་མ་འོངས་པར་སྔོན་འགོག་བྱེད་པའི་ཐབས་ལམ་གང་དང་གང་ཡོད་གསལ་རྟོགས་ཡོང་བའི་རེ་བ་ཆེན་པོ་ཡོད། ཅེས་བརྗོད་སོང་།

དེའི་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་གིས།  ང་རང་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐོག་ཡོང་བ་ཐེངས་གཉིས་པ་དེ་ཡིན། ཚོགས་ཆེན་ཐེངས་བཞི་བའི་ཐོག་བཤད་པ་ལྟར་དམིགས་བསལ་གང་ཡང་བཤད་རྒྱུ་མེད།  རྒྱུ་མཚན།  ང་ལས་ལྷག་པ་དེ་རིང་འདིར་འཛོམས་པའི་སྨན་རྩིས་ཁང་གི་དགེ་སློབ་སྨན་པ་རྣམ་པ་དང་།  ས་གནས་འདྲ་མིན་ནས་ཕེབས་པའི་ཆེད་ལས་མཁས་པ་རྣམ་པས་མཁྱེན་གྱིན་ཡོད་པ་རེད་དེ།  དེ་རིང་རྟེན་འབྲེལ་གྱི་ཚུལ་ཏུ་ཚིག་འགའ་ཞུས་རྒྱུ་ཡིན། དེང་སང་རྒྱལ་སྤྱིའི་སྒང་ལུས་སེམས་སྲོག་གི་དཀའ་ངལ་དེ་ལོ་རེ་ལོ་རེ་དང་། ཟླ་རེ་ཟླ་རེ་ཟེར་ན་རེད། ཉིན་རེ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དཀའ་ངལ་དེར་དོ་སྣང་བྱེད་དགོས་པ་དེའང་ཉིན་རེ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། དེ་འདྲ་ཡིན་དུས་དཔེར་ན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྙན་ཐོའི་ནང་བལྟས་ཡོང་དུས། འཛམ་གླིང་ནང་མི་ས་ཡ  ༤༠༠ མ་ཟིན་ཙམ་ཞིག་ལ་སེམས་ཁམས་ཀྱི་ཐོག་ནས་ནད་གཞི་འདྲ་མིན་ཕོག་བསྡད་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པའི་གནས་ཚུལ་བཀོད་འདུག་ལ། ལྷག་པར་དུ་མི་གྲངས་དེའི་ནང་གི་མི་བཅུ་འདས་གྲོངས་སུ་ཕྱིན་པ་ཡིན་ན། མི་ལྔ་ལོ་ཚོད་མ་ཟིན་པར་སེམས་ཁམས་མ་བདེ་བར་གྲོངས་འགྲོ་བཞིན་ཡོད་པ་རེད། དེ་འདྲ་ཡིན་དུས་སེམས་ཁམས་ཀྱི་འཕྲོད་བསྟེན་ཡག་པོ་མེད་པ་དེས་སྤྱི་ཚོགས་ནང་དཀའ་ངལ་འཕར་མ་ཞིག་སྤྲོད་བཞིན་ཡོད། དེ་ཡང་དཔལ་འབྱོར་དང་། སྤྱི་ཚོགས་ཀྱི་བདེ་འཇགས། གཞན་འཕྲོད་བསྟེན་གྱི་གནས་བབ་སྤྱིའི་ཐོག་ཡིན་ནའང་། དཀའ་ངལ་ཞིག་འཕྲད་བཞིན་ཡོད་པ་དེ་ཚོར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས། ང་ཚོའི་སྤྱི་ཚོགས་ནང་འཕྲོད་བསྟེན་ཐོག་སྔོན་འགོག་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་བ་ལྟར། དེ་རིང་ང་ཚོའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་ལྔ་བ་འདི་ཡང་སེམས་ཁམས་ཀྱི་ནད་གཞི་སྔོན་འགོག་ཆེད་ཚོགས་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྒང་ཡིན་ནའང་རྒྱུན་གནས་སྔོན་འགོག་བྱེད་པ་ནི་ནད་བཅོས་ཐབས་སམ་སྨན་བཅོས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་སྟབས། དེ་རིང་འདིར་ལུས་སེམས་སྲོག་གི་ནད་གཞི་སྔོན་འགོག་ཐོག་བགྲོ་གླེང་ཚོགས་ཐུབ་པར་དགའ་པོ་ཞེ་དྲགས་བྱུང་། ཞེས་གསུངས་སོང་།

ཨ་རིར་འཚོགས་འཆར་ཡོད་པའི་བགྲོ་གླེང་ཚོགས་འདུ་དང་འབྲེལ་བའི་སྨན་རྩིས་ཁང་གི་བསྒྲགས་ཡིག་དེའི་ནང་དུ། རྒྱ་དམར་གཞུང་གིས་བར་ལམ་བོད་སྨན་བདག་ཐོབ་ཐད་རྒྱལ་སྤྱིའི་ནང་འབད་བརྩོན་བྱེད་པ་དང་། བོད་རིགས་སྨན་པ་འཇིགས་མེད་ཕུན་ཚོགས་ལགས་བེད་སྤྱོང་གཏོང་བ། བཞུགས་སྒར་སྨན་རྩིས་ཁང་ལ་གསང་བ་བྱ་རྒྱུ་མ་ཟད། ཚོགས་འདུར་གདན་ཞུ་གཏམ་བཤད་གོ་སྒྲིག་བྱས་ན་འགྲིག་མིན་སོགས་ཨ་རིའི་འབྲེལ་མཐུད་པར་བཀོད་མངགས་བྱ་སྟངས་ལ་ཞིབ་སྐབས་རྒྱ་དམར་གྱི་སྲིད་བྱུས་ངན་པ་ཞིག་འོག་གྲབས་བྱེད་ཀྱི་ཡོད་པ་རེད། ཚོགས་འདུ་འདི་བོད་ཀྱི་སྲོལ་རྒྱུན་སྨན་གྱི་རིགས་གནས་ཡར་རྒྱས་གཏོང་ཕྱོགས་རྐྱང་པ་ཡིན་པ་དང་། རྒྱ་དམར་གཞུང་གིས་བོད་རིགས་སྨན་པ་འཇིགས་མེད་ཕུན་ཚོགས་ལགས་བརྒྱུད་འཕྲལ་ཕུགས་དམིགས་ཡུལ་གཞན་ཇི་ཡོད་རིམ་བཞིན་རྟོགས་པ་བྱ་དགོས་པར་བརྟེན། དགག་བྱ་ལས་དགོས་པ་གལ་ཆེར་འཛིན་ཏེ་ཚོགས་འདུ་དེར་བཞུགས་སྒར་སྨན་རྩིས་ཁང་ནས་གཞུང་འབྲེལ་སྨན་པ་གཉིས་ཆེད་གཉེར་ཞུས་པའི་ཐོག་ལས་ཐོག་སྨན་པ་གང་མང་ཕོགས་མེད་དགོངས་ཞུའི་ཐོག་བསྐྱོད་འཐུས་བཀའ་འཁྲོལ་གནང་བ་དང་། ཨ་རི་དང་། ཡུ་རོབ་ཁུལ་གྱི་སྨན་རྩིས་ཁང་གི་སྨན་པ་ཟུར་པ་གང་མང་ཕེབས་ཐབས་སྐོར་གནས་འབྲེལ་ཞུས་ཡོད། བོད་ནས་སྤུན་ཟླ་སྨན་པ་མང་དག་ཅིག་དངོས་སུ་ཕེབས་རྒྱུ་ཡིན་པ་རྣམས་དང་བཟང་ཕྱོགས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་ཐུབ་པའི་རེ་བ་ཞུ་གི་ཡོད།  ཅེས་བཀོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༠༤

Leave a Reply

One thought on “ལུས་སེམས་སྲོག་གི་བགྲོ་གླེང་ཚོཊ་ཆེན་ཐེངས་ལྔ་བ་དབུ་འཛུཊ་གནང་།

  1. དེ་རིང་ཚོག་འདུ་ཚོག་པ་ལ་དགའ་བསུ་ཡོད། ཡིན་ན་ཡང་འདིར་གར་ནེ་པ་ལི་ཁུལ་ལ་བོད་རིག་མང་པོ་གནས་སྡོད་བྱས་ས་་་ས་ཁུལ་ཞིག་རེད་ཏེ་འཕྲོད་བསྟན་དང་སྔོན་འགོག་ཅི་ཡང་བོད་མི་སྒྲིག་འཛུག་གི་སྤེལ་མ་སོང་་་་