༄༅། ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ།

བསམ་གླིང་ཚེ་རིང་ལྷ་མོོ།

༸འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་འགྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ནི་མདོ་རྒྱུད་བསྟན་བཅོས་དུ་མ་ནས་ལུང་བསྟན་པའི་རང་ཅག་ཁ་བ་གངས་ཅན་པའི་མགོན་སྐྱབས་དཔུང་གཉེན་དུ་བྱོན་པ་ཞིག་དང་། བདག་ཅག་གངས་ཅན་པ་རྣམས་ནི་སངས་རྒྱས་གང་ཉིད་ཀྱི་འདུལ་བྱ་འཁྲུལ་མེད་ལགས་པ་འདིར་མང་དུ་འབྲི་མི་དགོས་པར་བྱའོ།

དེ་ལྟར་ལགས་ན་འཇིག་རྟེན་ལྷ་མི་འདྲེ་གསུམ་ཙམ་མ་ཟད། འགྲོ་བ་རིགས་དྲུག་གི་རྣམ་ཞག་ཇི་འདྲ་ཞིག་ཡིན་ནའང་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་གང་ཉིད་ལས་ལྷག་པའི་ཡིན་མིན་ཐག་གཅོད་ཀྱི་སྤུ་རིས་འབྱེད་པའི་ནུས་པ་གཞན་སུ་དང་གང་ལའང་མེད་པ་ལགས་སོ། སྤུ་རིས་འབྱེད་གནང་མཛད་དེ་བདག་ཅག་གངས་ཅན་པ་ཡོངས་ལ་ལམ་སྟོན་མཛད་པ་འདིའང་༸སངས་རྒྱས་ཉག་ཅིག་གི་མཛད་པ་འཕྲིན་ལས་ཀྱི་ཡ་རྒྱལ་ཞིག་ཡིན་ལ། སངས་རྒྱས་ཉག་ཅིག་གི་སྐུའི་ཐུགས་འགན་ཡང་ཡིན་པ་ལགས་སོ།

ད་ལྟའི་དུས་འདིར་སྐྱེ་བོ་མང་པོ་རྫས་ཚོན་གྱི་བསྐལ་བའི་ཡོ་ལང་དང་རྣམ་གཡེང་འདུ་འཛིའི་ཁྲོད་དུ་གནས་པས། ལམ་དཀར་ནག་ཁྲ་གསུམ་གང་དུ་བགྲོད་པའི་རྣམ་དཔྱོད་དང་ཡང་མི་ལྡན་པས། སྐྱེ་བོ་མང་དག་ཅིག་ཅི་བྱ་གཏོལ་བྲལ་དུ་གྱར་པ་དང་། སྐྱེ་བོ་ཁ་ཅིག་ནི་ཅི་བརྟོལ་དང་རྒྱ་ཚོམ་དུ་འཇུག་པར་བྱེད་པ་སོགས་ལས། བདག་ཅག་ཁ་བ་གངས་ཅན་པ་རྣམས་ལ་ནི་ཚེ་རབས་ཀུན་ཏུ་ནས། བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་སངས་རྒྱས་༸འཕགས་པ་སྤྱན་རས་གཟིགས་མིའི་རྣམ་པར་རོལ་བ། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོས་བྱིས་པ་སྐྱོང་ལུགས་ལྟར་གྱི། ཟ་ལུགས། འགྲོ་ལུགས། གོན་ལུགས། ལྟ་ལུགས། མངོན་མཐོ་ལྷ་དང་མིའི་མགོ་འཕང་ནས། མཐར་ཐུག་སངས་རྒྱས་ཀྱི་མགོ་འཕང་རིན་པོ་ཆེ་མ་ཐོབ་བར་གྱི་ལམ་སྟོན་རབ་དང་རིམ་པར་མཛད་པ་ཡང་། བདག་ཅག་རྣམས་ལ་ཐུགས་བརྩེ་བ་ཆེན་པོའི་གཟིགས་པས་མ་ཁྱབ་པ་མེད་པ་ཞིག་རང་ལས་མ་འདས་སོ།

ཡང་སྒོས་ཆོས་སྐྱོང་བའི་སྲུང་མ་དང་འབྱུང་པོ་དམ་སྲིའི་བར་གྱི་དབྱེ་འབྱེད་ཀྱང་རྒྱལ་དབང་དོན་གྱི་བདག་པོའི་ལམ་སྟོན་མཛད་པ་ལས་ལྷག་ཅིག་ས་སྟེང་འདི་ན་མེད་ལ། ༸གང་སྐུ་མངོན་པར་བཞད་པས་ལམ་སྟོན་མཛད་པ་ཡང་། བདག་ཅག་སེམས་ཅན་ཀུན་ལ་ཐུགས་བརྩེ་བའི་དག་ཉིད་ཀྱིས་ལམ་སྟོན་མཛད་པ་ཁོ་ན་ལགས་སོ། ལམ་སྟོན་དེ་དག་ལས་གཞན་དུ་གྱུར་བའི་སྐྱེ་བོ་འགའ་རེ་ཤར་ལྷོ་ནུབ་བྱང་གང་དུ་ལོག་གྱར་འདོད་པ་རྣམས་ལ་ནི། སུས་ཀྱང་ཤར་ལྷོ་ནུབ་བྱང་དུ་ལོག་གྱར་གནང་རོགས་ཞུ་མཁན་མེད་ལ། བཙན་འགོག་བྱེད་མཁན་དེ་བས་ག་ལ་ཡོད། བོད་པའི་སྤྱི་ཚོགས་ནང་སྡོད་མཁན་དག་ལ་ནི་སྤྱི་འགྲེ་སྤྱི་མཚུངས་ཀྱི་ཐོབ་ཐང་སུས་ཀྱང་འཕྲོག་མཁན་མི་འདུག་ལ། དགོན་པ་གྲྭ་ཚང་དང་མཐུན་རྐྱེན་ཁག་ནི་མི་ཚང་བ་མེད་པ། ཡང་དག་པའི་བསྒོ་འགྲེམས་ཀྱི་ལམ་ནས་གནང་འདུག་པས་ལེ་ལན་འཁྲི་ས་གང་ཡང་ལྷག་མེད་དོ།

བོད་འབངས་མི་ཉུང་བ་ཞིག་འཛམ་གླིང་ས་ཕྱོགས་གང་སར་སྲན་མ་ཐོར་བ་ལྟར་གནས་པ་ནི། རྒྱ་ནག་དམར་པོའི་དབང་ཤུགས་བོད་ཁ་བ་ཅན་ལ་སླེབས་ནས་རང་ཡུལ་གངས་ཅན་ཞིང་ཁམས་སུ་གནས་ཐབས་བྲལ་ནས་ཕྱིར་ཐོན་པ་དང་། དེ་ནས་དེང་གི་དུས་སུ་ནི་རང་རང་གི་ཚེ་སྲོག་གི་འཇིག་པར་ཡང་ཇི་མི་སྙམ་པར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་འཚང་འདོད་བྱེད་པ་ནི་རང་རང་གི་དཔལ་འབྱོར་དང་། དམིགས་ཡུལ། མདོར་ན་ལས་དབང་གི་ཁ་སྒྱུར་ཞིག་གིས་ཕྱིར་གྱར་བ་ལས། གཞན་སུ་གང་ལའང་ཁག་དཀྲི་བྱ་ཡུལ་མེད་པ་ས་རིས་ཐང་གསལ་ལགས་སོ།

༸འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་གང་ཉིད་ཀྱིས་ཆོས་མ་ཡིན་པ་འགོག་པར་བྱེད་པ་ནི་འཛམ་གླིང་ཞི་བདེའི་དེད་དཔོན་མཆོག་གི་སྐུ་ཡི་ཐུགས་འགན་དོར་དུ་མེད་པ་ཞིག་ཡིན་པས། ཆོས་དང་ཆོས་མིན་གྱི་ལམ་སྟོན་འཛམ་གླིང་གང་སར་གནང་བ་ནི། གང་གི་ཐུགས་བརྩེ་བ་ཆེན་པོས་འཛམ་གླིང་མི་མང་ལོག་ལམ་ནས་སྒྲོལ་བར་མཛད་ཆེད་དང་། ནང་པ་སངས་རྒྱས་པའི་བསྟན་པར་རྨ་མི་འབྱུང་བའི་དགོས་པ་དུ་མར་གཟིགས་པ་ཞིག་ལས། གང་ཟག་སུ་ཞིག་གི་ཆེད་དུ་འཛམ་གླིང་མི་མང་ལོག་ལམ་དུ་འགྲོ་རུ་འཇུག་པ་ནི། ནང་པའི་སངས་རྒྱས་པའི་བླ་མ་མཐོ་ཤོས་ཤིག་དང་། བོད་ཁ་བ་ཅན་པའི་མགོན་སྐྱབས་ཤིག། ལྷག་པར་འཛམ་གླིང་ཞི་བདེའི་དེད་དཔོན་ཞིག། ཐམས་ཅད་མཁྱེན་པ་༸འཕགས་པ་སྤྱན་རས་གཟིགས་ཀྱིས་ནི་དེ་མུར་འཇོག་གནང་མཛད་ག་ལ་རུང་། ལྷག་པར་དུ་ཆོས་མ་ཡིན་པ་འགོག་པར་བྱེད་པ་ནི་༸སངས་རྒྱས་ཤཀྱ་ཐུབ་པའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པར་བྱེད་པའི་དགོས་པ་རྒྱུ་མཚན་རབ་དང་རིམ་པའི་དབང་གིས་ཡིན་ངེས་ལ། ནང་པ་སངས་རྒྱས་ཀྱི་བླ་མ་འཛམ་གླིང་གི་ཉི་མ་ལྟ་བུ་ཁོང་གི་ཐུགས་འགན་འབའ་ཞིག་ཀྱང་ལགས་སོ།

བདག་ཅག་ཁ་བ་གངས་ཅན་པ་རྣམས་ལ་ཚེ་འདི་ཕྱི་གཉིས་ཀྱི་ལམ་སྟོན་ཞིབ་ཅིང་ཕྲ་བ་གནང་བ་ཙམ་དུ་མ་ཟད། ཆབ་སྲིད་ཀྱི་ཆ་ནས་ཀྱང་བོད་ནང་གི་གཉན་ཕྲང་ཅན་གྱི་དུས་ཚོད་དང་ལྷག་པར་དུ། ༡༩༥༩ ལོ་ནས་བཟུང་བཙན་བྱོལ་གྱི་བོད་གཞུང་དེ་འཛིན་སྐྱོང་སྤེལ་གསུམ་དང་། ཆབ་འབངས་ཀྱི་བདེ་རྩ་གང་ཅིའི་ཐུགས་འགན་བཞེས་པ་ཙམ་དུ་མ་ཟད། བོད་ཀྱི་གནའ་བོའི་རིག་གཞུང་དང་དེང་རབས་ཀྱི་ཤེས་ཡོན་གང་ཅིར་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཀྱི་མཛད་འཕྲིན་ཉི་མ་བཞིན་བསྐྱངས་གནང་ཡོད་པ་དེང་དུས་ཉི་ཤར་སྦར་མོས་བཀག་མི་ཐུབ་པ་ལྟར་གསལ་ལྷང་ངེར་ཡོད་ལ། ལྷག་པར་དུ་དེང་དུས་བོད་ཀྱི་བདེན་པའི་རྩ་དོན་དེ་དག་འཛམ་གླིང་མི་མང་གིས་གསལ་ལྷང་ངེར་མཁྱེན་པ་དང་། རྒྱབ་སྐྱོར་གནང་བ་དེ་དག་ནི་༸མགོན་པོ་གང་གི་བཀའ་དྲིན་ཉག་ཅིག་ལས་མ་འདས། དེང་དུས་དུས་རབས་ཉེར་གཅིག་གི་གོམ་སྟབས་ལ་བརྟེན་ནས། འཛམ་གླིང་སྐྱེ་འགྲོ་སྤྱི་དང་མཚུངས་པར་བསྐྱོད་དགོས་པའི་བཀའ་སློབ་སྤྱི་བོར་ཕེབས་པ་ནི་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཞིག་ཡིན།

ཡང་སྒོས་༸འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བས་དུས་གསུམ་གསལ་བར་གཟིགས་ཤིང་། དགོས་པ་རྒྱུ་མཚན་ཇེ་སྙེད་ཅིག་དང་རྒྱུ་དང་རྐྱེན་གྱི་རྟེན་འབྲེལ་དུ་མ་ཞིག་གི་དབང་གིས་གཉིས་ཕན་དབུ་མའི་ལམ་སྟོན་གནང་བ་ནི། བདག་ཅག་གངས་ཅན་པ་ཡོངས་ལ་ལོང་བར་མིག་སྦྱིན་པ་དང་། འོན་པར་རྣ་ཡི་དབང་པོ་བསྩལ་བ། མདོར་ན་ཕུང་པོ་ལྔ་ཡི་དབང་པོ་བྱ་བྱེད་ལས་རུང་དུ་བསྒྱུར་བ་གནང་ནས། འཛམ་བུ་གླིང་གི་བདེ་སྐྱིད་དང་ཁྱད་པར་ཁ་བ་གངས་ཅན་པའི་འཕྲལ་ཕུགས་ཀྱི་བདེ་སྐྱིད་དང་། དགོས་མཁོ་དུ་མར་བཟིགས་ནས་བཀའ་དྲིན་ཅན་གྱི་ལམ་སྟོན་ཞིག སྲིད་པ་གསུམ་དུ་བཙལ་ཀྱང་རྙེད་དུ་མེད་པ་ཞིག་གནང་བ་ཡིན་པས་ལག་གཉིས་ཀྱི་ཐལ་མོ་སྙིང་ཁར་སྦྱར་ནས་བཀའ་དྲིན་བླ་ལྷག་ཏུ་ཆེ་བར་ཞུ་འོས་སོ། །

བསྐྱར་བཅོས།: ༢༠༡༧/༡༠/༠༥

Leave a Reply

One thought on “༄༅། ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    གངས་སེང་དཀར་མོའི་གཡུ་རལ་རྒྱས་པ་འདི་།
    གངས་ཕྲུག་ས་ཡ་དྲུག་གི་བསོད་ནམས་རེད་།
    གཡུ་འབྲུག་སྔོན་མོའི་ངར་སྐད་གྲགས་པ་འདི་།
    འཇིག་རྟེན་སྐྱེ་འགྲོ་མཐར་ལམ་འདྲེན་པ་རེད་།