ཕྱིར་འཕུད་བཏང་བའི་སྲིད་བློན་གཞུང་འཛིན་ཚོཊ་པའི་ཚོཊ་གཙོར་བསྐོས།

པཱ་ཀི་སི་ཐན་ནང་ཁྲིམས་གཞི་གསར་པ་གཏན་འབེབས་བྱས་ཏེ་ཕྱིར་འཕུད་བཏང་ཟིན་པའི་སྲིད་བློན་ཤཱེ་རེ་ཧྥི་གཞུང་འཛིན་སྲིད་དོན་ཚོགས་པའི་ཚོགས་གཙོར་བདམས་འདུག

པཱ་ཀི་སི་ཐན་གྲོས་ཚོགས་ཀྱིས་མང་མོས་ཐོག་དེ་སྔོན་སྲིད་སྟེགས་ནས་ཕྱིར་འཕུད་བཏང་ཟིན་པའི་མིས་ཆབ་སྲིད་ཚོགས་པ་གང་རུང་གི་མགོ་འཁྲིད་བྱེད་ཆོག་པའི་ཁྲིམས་གསར་གཏན་འབེབས་བྱས་ཏེ།  ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཕྱིར་འཕུད་བཏང་ཟིན་པའི་སྲིད་བློན་ནཱ་ཝེ་ཙི་ཤཱེ་རེ་ཧྥི་(Nawaz Sharif)གཞུང་འཛིན་སྲིད་དོན་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱུང་ཡོད་པ་དང་། མ་འོངས་ལོ་ ༤ ནང་ཤཱེ་རེ་ཧྥི་ཡིས་གཞུང་འཛིན་སྲིད་དོན་ཚོགས་པའི་སྣེ་འཁྲིད་རྒྱུ་ཡིན་འདུག

ཁ་སང་རྒྱ་ནག་ལྷོ་རྒྱུད་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢༨ ཉིན་པཱ་ཀི་སི་ཐན་གྱི་ཆེས་མཐོའི་ཁྲིམས་ཁང་གིས།  པཱ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝེ་ཙི་ཤཱེ་རེ་ཧྥི་ཡིས་རང་ཉིད་ཀྱི་དཔལ་འབྱོར་ཡོང་བབ་ཀྱི་འབྱུང་ཁུངས་ཁུངས་སྐྱེལ་མ་བྱས་སྟབས། སྲིད་བློན་ནས་གནས་དབྱུང་བཏང་བ་མ་ཟད། གཞུང་འཛིན་སྲིད་དོན་ཚོགས་པའི་ཚོགས་གཙོའི་གོ་གནས་བླངས་ཏེ་ལོ་ངོ་ ༡༠ རིང་གཞུང་གཏོགས་ལས་ཁུངས་ཁག་ནང་འཛུལ་ཞུགས་བྱེད་མི་ཆོག་པ་བཟོས་ཡོད་ཀྱང་། ཤཱེ་རེ་ཧྥི་ཡི་དབང་ཤུགས་འོག་ཁོའི་གཞུང་འཛིན་ཚོགས་པའི་ཚོགས་མི་ཁཱ་ཆིན་ཨ་བྷ་སི་(Shahid Khaqan Abbasi)་སྲིད་བློན་དུ་བསྐོ་བཞག་བྱས་ཡོད་པ་དང་། ཨ་བྷ་སི་ནི་ཤཱེ་རེ་ཧྥི་ཡི་ཡིད་ཆེས་ཟབ་པའི་བློ་མཐུན་གྲོགས་པོ་ཞིག་ཡིན་འདུག

གཞུང་འཛིན་སྲིད་དོན་ཚོགས་པའི་འོས་བསྡུ་ཚོགས་ཆུང་གི་འགན་འཛིན་ཇཱ་ཧྥར་ཨིལ་བྷོལ་(Jafar Iqbal)ལགས་ཀྱིས།  ཚོགས་པ་དེའི་འགན་འཛིན་ལྷན་ཚོགས་ནས་ཤཱེ་རེ་ཧྥི་བསྐྱར་དུ་ཚོགས་པའི་ཚོགས་གཙོར་བསྐོ་བཞག་བྱས་པ་ཡིན་སྐོར་བརྗོད་ཡོད་པ་དང་། དེ་བཞིན་པཱ་ཀི་སི་ཐན་གྱི་ནང་སྲིད་བློན་ཆེན་ཨ་ཟན་ཨི་བྷེལ་(Ahsan Iqbal)ལགས་ཀྱིས།  ནཱ་ཝེ་ཙི་ཤཱེ་རེ་ཧྥི་ནི་པཱ་ཀི་སི་ཐན་གྱི་དཔལ་འབྱོར་ཡར་རྒྱས་ཀྱི་མཚོན་རྟགས་ཡིན།  ཞེས་བརྗོད་ཡོད་པ་དང་།

འོས་བསྡུའི་སྐབས་སུ་གཞུང་འཛིན་སྲིད་དོན་ཚོགས་པའི་ནང་ཤཱེ་རེ་ཧྥི་ལ་ཁ་གཏད་འོས་ལངས་བྱེད་མཁན་གཅིག་ཀྱང་མེད་པར་ཐད་གར་ཚོགས་གཙོར་འདེམས་ཐོན་བྱུང་ཡོད་པ་དང་། སྐབས་དེར་ཤཱེ་རེ་ཧྥི་ཡིས།  ཆབ་སྲིད་ཀྱི་ཟིང་རྙོག་ཁྲོད་མི་ཁག་ཅིག་གིས་ང་གོ་གནས་མང་པོ་ཞིག་ནས་ཡང་དང་བསྐྱར་དུ་ཕྱིར་འཕུད་གཏོང་ཐབས་བྱས་ཡོད་ཀྱང་། ཁྱེད་ཚོས་ང་ཡང་དང་བསྐྱར་དུ་ཆབ་སྲིད་ཀྱི་གར་སྟེགས་སྟེང་བཞག་པ་རེད། ཅེས་གཞུང་འཛིན་སྲིད་དོན་ཚོགས་པའི་ཚོགས་མི་ཚོར་བརྗོད་ཡོད་འདུག

གསར་འགོད་པ།  སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༠༥

Leave a Reply