རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་མཁན་ཞིག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟཊ་ཐོབ།

ད་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ཚོགས་པ་(ICAN)ཞེས་པར་ཐོབ་ཡོད་པ་གསལ་བསྒྲགས་གནང་འདུག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༤༦ སྟེང་། རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ཚོགས་པ(International Campaign to Abolish Nuclear Weapons)ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་གསལ་བསྒྲགས་གནང་ཡོད་པ་དང་། ནོར་ཝེ་ནོ་བྷེལ་གཟེང་རྟགས་ལྷན་ཚོགས་ཀྱིས། འཛམ་གླིང་ན་རྡུལ་ཕྲན་མཚོན་ཆའི་ཐོག་རྩོད་རྙོག་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད་པའི་སྐབས་འདིར་ནོ་བྷེལ་ཞི་བདེའི་གཟེང་རྟགས་འདི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ཚོགས་པར་སྤྲད་པ་ཡིན།  ད་ལྟ་འཛམ་གླིང་རྒྱལ་ཁབ་ཁག་མང་པོས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་ཀྱིས་ཕན་ཚུན་ལ་འཇིགས་སྐུལ་བྱས་ཏེ། འཛམ་གླིང་འདི་ཉེན་ཁ་ཅན་ཞིག་ཏུ་བསྒྱུར་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་ཁག་ཅིག་གིས་རྡུལ་ཕྲན་མཚོན་ཆའི་ནུས་ཤུགས་ཡར་རྒྱས་བཏང་སྟེ་དེང་རབས་ཅན་དུ་བསྒྱུར་གྱིན་ཡོད་སྟབས།  དེས་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་ལ་རྡུལ་ཕྲན་མཚོན་ཆ་བཟོ་ཐབས་ཀྱི་ཉེན་ཁ་བསླངས་འདུག  ཅེས་བརྗོད་ཡོད་པ་རེད།

ཨ་རིའི་(AP)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༧ པའི་ནང་འཛམ་གླིང་རྒྱལ་ཁབ་ ༡༢༢ ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་མཚོན་ཆ་བཀག་འགོག་བྱེད་པའི་གྲོས་ཆོད་ལ་ངོས་ལེན་གྱིས་ཚོགས་འདུ་ཞིག་ཚོགས་ཡོད་ཀྱང་། སྐབས་དེར་རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱལ་ཁབ་ཨ་རི་དང་། རྒྱ་ནག  ཨུ་རུ་སུ། དབྱིན་ཇི།  དེ་བཞིན། ཧྥ་རན་སི་བཅས་ཚོགས་འདུར་གཡོལ་ཏེ་མཉམ་ཞུགས་བྱས་མེད་པ་རེད།

ཨ་རི་དང་བྱང་ཀོ་ཡའི་བར་རྡུལ་ཕྲན་མཚོན་ཆའི་ཐོག་རྩོད་རྙོག་བྱུང་དང་འབྱུང་བཞིན་ཡོད་པ་དང་།  དེ་བཞིན། ཨ་རི་དང་ཨེ་རན་བར་ཕྱི་ལོ་ ༢༠༡༥ ལོའི་རྡུལ་ཕྲན་མཚོན་ཆའི་གྲོས་ཆོད་ངེས་གཏན་མེད་པར་གྱུར་ཏེ། རྒྱལ་ཁབ་གཉིས་བར་རྡུལ་ཕྲན་མཚོན་ཆའི་ཐོག་རྩོད་རྙོག་འབྱུང་གི་ཡོད་པའི་སྐབས་འདིར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ཚོགས་པ་དེར་སྤྲད་ཡོད་འདུག

ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱི་མགྲིན་ཚབ་པས།  ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་གནས་ཚུལ་འདི་བརྒྱུད་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་།  དམིགས་བསལ་རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱལ་ཁབ་ཁག་གིས།  རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ཚོགས་པ་འདི་ལ་རོགས་རམ་དང་དྲན་གསོ་བྱས་ཏེ། ཁོ་ཚོས་མུ་མཐུད་དམིགས་ཡུལ་བཞིན་རྡུལ་ཕྲན་མཚོན་ཆ་རྩ་མེད་ཡིན་པའི་འཛམ་གླིང་ཞིག་བསྐྲུན་པར་ང་ཚོས་རེ་བ་རྒྱག་གི་ཡོད།  ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༠༦

Leave a Reply

One thought on “རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་མཁན་ཞིག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟཊ་ཐོབ།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    མི་གི་ལས་དབང་འདོད་པའི་འོག་ཏུ་འཚོ་།
    སྐབས་རེ་རྡུལ་མཚོན་བཟོ་མཁན་ལ་གཟེངས་རྟགས་།
    སྐབས་རེ་རྡུལ་མཚོན་མེད་པ་བཟོ་མཁན་ལ་གཟེངས་རྟགས་།
    ཧཧཧཧཧ