བོད་མིའི་ཐང་ཁྲོམ་ཞིག་ལ་མེ་སྐྱོན་བྱུང་།

རྒྱ་གར་ནུབ་ཕྱོགས་སུ་ཡོད་པའི་བོད་མིའི་ཐང་ཁྲོམ་ཚོང་ར་ཞིག་ལ་མེ་སྐྱོན་བྱུང་སྟེ་ཚོང་ཁང་ལྔ་ལ་གནོད་སྐྱོན་བཟོས་ཡོད་འདུག

དེ་རིང་ཞོགས་པའི་ཆུ་ཚོད་༥:༣༠ སྟེང་རྒྱ་གར་གྱི་མཱ་ཧཱ་ར་ཤི་ཊ་ར་མངའ་སྡེའི་ནཱ་ཤིག(Nashik)ས་གནས་བོད་མིའི་ཐང་ཁྲོམ་ཚོང་རར་མེ་ཤོར་ཏེ་ཚོང་ཁང་ལྔ་ལ་གནོད་སྐྱོན་བྱུང་ཡོད་པ་དང་། ས་དེར་མི་ཚོགས་ཆེན་པོ་ཡོད་ཀྱང་མི་ལ་རྨས་སྐྱོན་བྱུང་མེད་སྐོར་བརྗོད་འདུག

ས་གནས་ཉེན་རྟོག་ཁང་གི་སྤྱི་ཁྱབ་འགན་འཛིན་ར་ཝིན་ཌིར་ཀུ་མར་སི་གྷལ་(Ravinder Kumar Singal)ལགས་ཀྱིས་གསར་འགོད་པར། རླངས་ཐབ་འགས་འཐོར་གྱིས་མེ་སྐྱོན་བྱུང་ཡོད་པའི་དོགས་གཞི་ཡོད་ཀྱང་། མུ་མཐུད་རྩད་གཅོད་བྱེད་བཞིན་ཡོད་ལ། དོན་རྐྱེན་ཁྲོད་དུ་མི་ལ་གནད་འཚེ་གང་ཡང་ཐེབས་མེད་ནའང་། འགས་འཐོར་དང་མེ་ཡི་འབར་ཤུགས་ཀྱིས་ཉེ་འཁོར་གྱི་གྱང་ར་ཁག་ཅིག་ལ་གཏོར་སྐྱོན་ཐེབས་ཡོད་སྟབས། ཡུལ་མི་ཚོར་འཇིགས་སྣང་ཆེན་པོ་བསླངས་ཡོད་སྐོར་བརྗོད་འདུག

ཡང་ཁོང་གིས། ་བོད་པ་ཚོས་ཐང་ཁྲོམ་སྟོན་ཡུལ་དེ་གྲོང་ཁྱེར་གྱི་ནང་ལོག་ཅིག་མིན་པ་དང་། ཉེ་འཁོར་དུ་རྒྱ་ནག་གི་ཟ་མ་འཚོང་མཁན་དང་ཚོང་ཁང་ཆུང་ཆུང་རིགས་མང་པོ་ཞིག་ཡོད་པས་དོན་རྐྱེན་བྱུང་བ་དང་ཉེན་རྟོག་པ་སླེབས་ནས་རྩད་གཅོད་བྱས་ཡོད་ཀྱང་། རླངས་ཐབ་འགས་འཐོར་མ་གཏོགས་རྒྱུ་རྐྱེན་གཞན་གང་ཡང་རྙེད་མེད་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༡༠/༠༧

Leave a Reply

One thought on “བོད་མིའི་ཐང་ཁྲོམ་ཞིག་ལ་མེ་སྐྱོན་བྱུང་།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    བོད་མི་ཚོ་དགུན་དུས་ཟླ་བ་གསུམ་བཞིའི་རིང་གནས་ཡུལ་ལུང་པའི་ས་ཁུག་ལུང་ཁུག་ཚང་མར་བོད་མི་བལ་ཚོང་མ་སླེབས་པའི་ས་ཆ་མེད་ན་དབུས་བོད་མིའི་སྒྲིག་འཛུགས་དང་བལ་ཚོང་སྒྲིག་འཛུགས་བཅས་ནས་བལ་ཚོང་ཚོར་ལམ་སྟོན་སློབ་གསོ་གནང་ནས་མེ་རྐྱོན་དང་རྐུ་ཇག་སོགས་ལ་དཱོགས་ཟོན་དགོས་པའི་ལམ་སྟོན་ཡང་ནས་ཡང་དུ་གནང་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།