ས་གནས་མགོ་འཛིན་ནི་གཞུང་མང་གཉིས་བར་གྱི་ཟམ་པ་ལྟ་བུ་ཡིན།

དྷ་ས་ས་གནས་མགོ་འཛིན་ལས་ཁུངས་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་བོ་ལྔ་བཅུ་འཁོར་བའི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས་ང་ཚོར་ཕྱི་དགྲ་དང་ནང་དགྲ་གཉིས་ཡོད་པའི་ནང་ནས་ནང་དགྲ་སྡུག་བ་ཡོད་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ།   དྷ་ས་ས་གནས་མགོ་འཛིན་ལས་ཁུངས་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་།  ཧི་མ་ཅལ་གཱང་རཱ་རྫོང་གི་རྫོང་དཔོན་བཱར་མཱ་(C.P Verma)ལགས། དེ་བཞིན་བཀའ་བློན་རྣམ་པ་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱི་གཙོས་སྤྱི་འཐུས་རྣམ་པ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན།  དྷ་ས་བོད་ཁྱིམ་གྱི་དགེ་སློབ་རྣམས་དང་། དྷ་སའི་སེར་སྐྱ་མི་མང་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་དང་། ས་གནས་རང་བདེན་ཚོགས་ཆུང་གཉིས་ནས་དྷ་སའི་མི་མང་གི་ཚབ་བྱས་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་བཀའ་དྲིན་ཆེ་ཞུའི་སྟོན་པའི་ཞལ་ཐང་ཞིག་འབུལ་ལམ་ཞུས་ཡོད་པ་སྒྲོག་སྤྱངས་གནང་སོང་བ་དང་། དེ་ནས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གི་མཆོག་གིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་ཆེད་དུ།  ཧི་མ་ཅལ་མངའ་སྡེ་གྲོང་ཁྱེར་ཡར་རྒྱས་བློན་ཆེན་སི་རྡི་ཤཱར་མ་(Sudhir Sharma)ལགས་སུ་ཐང་ག་ཞིག་དང་།  དྷ་ས་ས་གནས་མགོ་འཛིན་ཟུར་བ་རྣམས་ལ་སྐུ་རྟེན་རེ་བཅས་གནང་སོང་། དེའི་རྗེས་བོད་ཆོལ་ཁ་གསུམ་གྱི་གཙོས་དྷ་སའི་སྐྱིད་སྡུག་ཚོགས་པ་ལྔ་དང་། ས་གནས་རྒྱ་གར་ཡུལ་མི་དང་བལ་བོའི་ཡུལ་མི།  དེ་བཞིན།  བོད་ཀྱི་ཟློས་གར་ཚོགས་པས་གཙོས་དྷ་སའི་ཉེ་འཁོར་སློབ་གྲྭ་ཁག་དྲུག་བཅས་ནས་གཞས་སྣ་འཁྲབ་གཟིགས་འབུལ་ཞུས་སོང་།

དེ་ཡང་མཛད་སྒོའི་ཐོག་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་ནས་ལས་བསྡོམས་སྙན་སྒྲོན་ཞུ་སྐབས། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་དབུས་པའི་བོད་མི་ཁྲི་ཚོ་བརྒྱད་དགུ་ཡས་མས་ཤིག་རྒྱ་ནག་གི་བཙན་འཛུལ་ལ་གཡོལ་ཕྱིར་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ཏེ། ཐོག་མར་མ་སི་རེར་གཞི་རྟེན་བྱས་ཤིང་། དེའི་རྗེས་རྒྱ་གར་གཞུང་དང་བཀའ་མོལ་བྱུང་བ་བརྒྱུད་དྷ་རམ་ས་ལར་གནས་སྤོར་བྱས་ཡོད་པ་དང་། སྐབས་དེར་དྷ་རམ་ས་ལར་བོད་མི་ ༥༠༠ ནས་ ༦༠༠ ཙམ་ཞིག་ལས་མེད་ཅིང་།  ཁོ་ཚོས་ད་ལྟའི་བྷག་སུ་དང་ཟློས་གར་ལམ་བར་གྱི་ཤིང་ནགས་ནང་གུར་ཕུབ་སྟེ་བསྡད་པ་ནས་གཞི་ཆགས་ཡོད་པ་དང་། དེ་བཞིན།  དྷ་ས་ས་གནས་མགོ་འཛིན་ལས་ཁུངས་དེ་ཕྱི་ལོ་ ༡༩༦༧ ལོར་བདེ་སྲུང་ཡན་ལག་དང་གཅིག་ལྕོགས་ཀྱིས་གསར་འཛུགས་གནང་ཡོད་པ་དང་། སྐབས་དེར་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་སུ་དམིགས་བསལ་ལས་བྱེད་མེད་པར་བརྟེན། སྐབས་དེར་བརྒྱ་དཔོན་རྣམས་ཀྱིས་མཐུན་འགྱུར་རོགས་རམ་ཆེན་པོ་གནང་ཡོད་པ་མ་ཟད།  སྐུ་ངོ་བློ་བཟང་རྒྱལ་མཚན་ལགས་ཀྱིས་སྐབས་དེའི་ས་གནས་མགོ་འཛིན་དང་བདེ་སྲུང་གི་འགན་འཛིན་གཅིག་ལྕོགས་གནང་བ་ནས་བཟུང་ཕྱི་ལོ་ ༢༠༡༧ བར་དུ་གཞུང་བསྐོས་དང་མི་མང་གིས་འོས་འདེམས་གནང་བའི་ས་གནས་མགོ་འཛིན་གྲངས་ ༢༡ ཙམ་བྱུང་ཡོད་པ་རེད། ཅེས་དང་། དྷ་ས་ས་གནས་མགོ་འཛིན་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་ཞིང་། ༧གོང་ས་མཆོག་གི་བཀའ་དགོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་བཞིན་རང་ནུས་གང་ཡོད་ཀྱིས་ས་གནས་མི་མང་གི་བདེ་སྡུག་ལ་གཟིགས་རྟོག་དང་ཡུལ་མིར་སྔར་ལྷག་འབྲེལ་ལམ་ཡར་རྒྱས་བཏང་ཡོད་སྐོར་བརྗོད་སོང་།

དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས།  དེ་སྔོན་དྷ་རམ་ས་ལར་ཚོང་ཁང་གཅིག་མ་གཏོགས་མེད་ཀྱང་།  ༧ གོང་ས་མཆོག་དྷ་རམ་ས་ལར་ཕེབས་པ་ནས་བཟུང་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་མ་ཟད། ད་ལྟ་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་(Shimla)ལས་བརྒལ་ཏེ་དྷ་རམ་ས་ལ་གྲོང་ཁྱེར་ཅན་དུ་བསྒྱུར་བཞིན་ཡོད་པ་དང་། དྷ་རམ་ས་ལ་ཡར་རྒྱས་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི་༧ གོང་ས་མཆོག་ཡིན་པ་སྨོན་མེད་རེད་ལ།   དེའི་སྟབས་ཀྱིས་བོད་མི་ཚོས་ས་གནས་ཡུལ་མི་གཙོས་བྱས་པའི་རྒྱ་གར་མི་མང་ལ་མཐུན་སྒྲིལ་དང་། སྤྱོད་ལམ་ཡག་པོ་སྟོན་རྒྱུ་དེ་གལ་ཆེན་པོ་ཞེ་དྲགས་རེད་འདུག  བོད་པའི་ཚོང་ཁང་ཁག་ཅིག་གིས་རྒྱ་གར་བ་ཚོར་སྤྱོད་ལམ་ཡག་པོ་སྟོན་གྱི་མེད་སྐོར་གོ་ཐོས་བྱུང་། ང་ཚོ་གནས་སྡོད་བྱེད་སའི་ས་ཆ་འདི་རྒྱ་གར་བས་ང་ཚོར་གནས་སྐབས་རིང་གཡར་ཡོད་པ་ལས་ང་ཚོར་གཏན་དུ་བདག་ཐོབ་ཀྱིན་མེད་སྟབས།  རྒྱ་གར་མི་མང་ལ་མཐུན་སྒྲིལ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་ཙམ་མ་ཟད། རྒྱ་གར་གཞུང་འདི་འཛམ་གླིང་སྟེང་ང་ཚོར་བཀའ་དྲིན་ཆེ་ཤོས་ཀྱི་གཞུང་དེ་ཞིག་ཡིན། ཞེས་གསུངས་སོང་།

ཡང་བོད་མི་ཚོས་ནང་ཁུལ་མཐུན་སྒྲིལ་བྱེད་དགོས་པ་ཧ་ཅང་གལ་ཆེན་ཡིན་སྐོར་ལ་སྲིད་སྐྱོང་མཆོག་གིས། བོད་མི་ཚོས་ཕན་ཚུན་བར་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་འཁྱེར་ཏེ། བོད་ཀྱི་རྩ་དོན་ལ་གནོད་པའི་བྱ་བ་མི་སྒྲུབ་པ་དང་། དམིགས་བསལ་གྱིས་དེང་སང་སྤྱི་ཚོགས་ནང་མི་ཁག་ཅིག་གིས་བོད་རང་བཙན་ཡིན་ཞེས་རྒྱབ་ལྗོངས་མགོ་མ་འཚོས་པར་རང་བཙན་རྩོད་པ་དང་།  ཡང་ཁག་ཅིག་གིས་ཆོལ་ཁ་དང་ཆོས་བརྒྱུད་ངོ་རྟགས་གསལ་པོ་མ་ཆོད་པར་བོད་མི་ནང་ཁུལ་དུ་ཆོལ་ཁའི་འཐེན་འཁྱེར་གྱི་བྱ་བ་སྒྲུབ་པ་དེ་ཧ་ཅང་ངོ་ཚ་དགོས་པ་ཞིག་རེད།  ང་ཚོར་དགྲ་གཉིས་ཡོད། དེ་ནི་ཕྱི་དང་ནང་གི་དགྲ་རེད ། ཕྱིའི་དགྲ་གསལ་པོ་རེད། རྒྱ་ནག་གཞུང་དང་། དོ་རྒྱལ་རྗེས་འབྲང་པ། ༧ གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ང་ཚོས་མཐོང་བསྡད་ཡོད་པ་དེ་ཚོ་རེད། འོན་ཀྱང་།  ནང་གི་དགྲ་སུ་རེད་ལབ་ན། ཆོལ་ཁའི་འཐེན་འཁྱེར་རེད།  ཕྱིའི་དགྲ་ལས་ནང་གི་དགྲ་སྡུག་པ་ཡོད།  རྒྱུ་མཚན་ནི་ནང་གི་དགྲ་དེ་ཕ་མ་གཉིས་གཙོས་ཨ་ཞང་ཨ་ཁུ་སོགས་ནང་མི་ཚང་མར་རྒྱུས་ཡོད་སྟབས། ནང་གི་དགྲ་དེ་སྡུག་བ་ཡོད་པར་བརྟེན།  བོད་མི་ཚོས་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་དོར་ཏེ་བོད་སྤྱིའི་རྩ་དོན་ལ་ཕན་པའི་ལས་དོན་སྒྲུབ་རྒྱུ་གལ་ཆེན་ཆགས་ཡོད། ཅེས་སོགས་གསུངས་སོང་།

མཇུག་ཏུ་དམིགས་བསལ་སྐུ་མགྲོན་གཱང་རཱ་རྫོང་གི་རྫོང་དཔོན་བཱར་མཱ་ལགས་ཀྱིས།  ང་དེ་རིང་དྷ་ས་ས་གནས་མགོ་འཛིན་གྱི་ལས་ཁུངས་དབུ་བརྙེས་པའི་དུས་དྲན་མཛད་སྒོའི་སྟེང་མཉམ་ཞུགས་བྱེད་ཐུབ་པར་དགའ་པོ་བྱུང་སོང་ལ།  ད་ལྟ་བོད་དང་རྒྱ་གར་མི་མང་བར་གྱི་འབྲེལ་ལམ་ཡག་པོ་ཡོད་པ་དང་། འབྲེལ་ལམ་དེ་སྔར་ལས་ཀྱང་ཇེ་ལེགས་སུ་འགྲོ་བའི་རེ་བ་ཡོད་ལ་། འགྲོ་ཐུབ་ཀྱི་ཡང་རེད། དེར་བརྟེན། བོད་དང་རྒྱ་གར་མི་མང་གི་འབྲེལ་ལམ་དེ་ཁ་འབྲལ་མི་ཐུབ་པའི་འབྲེལ་ལམ་ཞིག་ཆགས་ཡོད། དྷ་རམ་ས་ལར་༧ གོང་ས་མཆོག་བཞུགས་ཡོད་པ་དེས་ང་ཚོའི་སྤྱི་ཚོགས་ནང་ཆོས་ལུགས་རིས་མེད་དང་། མི་རིགས་དབྱེ་འབྱེད་མེད་པ་གཞིར་བཞག་སྟེ། དྷ་རམ་ས་ལ་འདི་བོད་པ་ཙམ་མ་ཟད། རྒྱ་གར་མི་མང་སྤྱི་དང་འཛམ་གླིང་མི་མང་གིས་དགའ་མོལ་བྱེད་སའི་གྲོང་ཁྱེར་ཞིག་ཆགས་ཡོད།  དེ་བས་ངས་དེ་རིང་འདིར་༧གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། རྒྱ་གར་དང་བོད་པའི་ལས་དབང་གཅིག་མཚུངས་རེད།  བོད་མི་ཚོ་རྒྱ་ནག་གི་དྲག་གནོན་གྱི་ཁ་གཏད་དུ་ལངས་ཏེ་བོད་ཀྱི་རྩ་དོན་རྩོད་བཞིན་ཡོད་པ་དང་། ཁྱེད་རྣམ་པས་ཤེས་གསལ་ལྟར་དེ་སྔོན་རྒྱ་གར་གྱིས་ཀྱང་དབྱིན་ཇིའི་མངའ་འོག་ནས་འཐབ་རྩོད་བྱས་ཏེ་རང་བཙན་རྩོད་ལེན་བྱས་ཡོད་པ་རེད།  དེར་བརྟེན། རྒྱ་གར་མི་མང་བོད་མིའི་རྒྱབ་དུ་ཡོད་ལ། བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེལ་བྱེད་བཞིན་ཡོད། ཅེས་གསུངས་སོང་།

 གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༠༩

Leave a Reply

3 thoughts on “ས་གནས་མགོ་འཛིན་ནི་གཞུང་མང་གཉིས་བར་གྱི་ཟམ་པ་ལྟ་བུ་ཡིན།

  1. ས་གནས་འགོ་འཛིན་ཚོས་རང་རང་གི་ས་གནས་སོ་སོའི་མི་མང་གི་ཤེས་རྒྱ་དང་མཐོང་རྒྱ་གོང་མཐོར་གཏོང་སླད་དུས་ནས་དུས་སུ་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་ངེས་པར་སྤེལ་དགོས། ང་ཚོས་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དཔེ་དེབ་དུ་མ་དཔར་སྐྲུན་ཞུས་པ་དེ་བཟང་མོད། འོན་ཀྱང་དེ་བས་རྒྱལ་བ་མཆོག་གི་ཐུགས་དམ་གྱི་བཀའ་སློབ་ཉིང་ཁུ་ཚན་པ་གཅིག་སྟེ། རྒན་གཞོན་བར་གསུམ་ཚང་མས་བོད་སྐད་ཡིག་སྦྱང་བརྩོན་དང་། ལྷག་པར་ནང་ཆོས་ལ་སློབ་སྦྱོང་ངེས་པར་བྱ་དགོས་པའི་གསུང་དེ་དབུ་འཁྲིད་བཀའ་སྤྱི་རྣམ་པ་གཙོས་ས་གནས་འགོ་འཛིན་དང་མི་མང་གཞོན་དར་རྒས་གསུམ་ཐམས་ཅད་ཀྱི་གོ་དྲག་པས་སྐྱོན་དུ་འགྱུར་བ་མིན་ནམ། ཡང་ན་མ་གོ་མདོག་མདོག་གིས་ལྷག་སོང་བ་གང་ལྟར་ཡང་དམ་དྲག་གི་འོག་ཏུ་ལྷག་པའི་གཞིས་ལུས་སྤུན་ཟླ་རྣམས་ཀྱིས་རང་མི་རིགས་ཀྱི་རིག་གཞུང་བཟང་པོར་དུང་ཞེན་གསོན་པོས་བྱེས་འབྱོར་བ་རྣམས་ངོ་ཚ་དགོས་པ་དང་རྗེས་ལུས་སུ་བཏང་ཡོད། དེ་ཡང་ཁོང་ཚོས་མི་མང་ལ་ཤེས་ཡོན་གོ་རྟོགས་སྤེལ་ཐབས་ཀྱི་ལས་འགུལ་ཧང་སང་དགོས་པ་དང་ཧོན་ཐོར་དགོས་པ་སྤེལ་དང་སྤེལ་བཞིན་པ་དེས་རྒྱལ་བའི་དགོངས་པ་སྒྲུབ་པ་ལྟ་ཅི་ཕུལ་འབྱུང་གི་སྒྲུབ་པའི་མཆོད་པ་ཡང་འབུལ་བ་མིན་ན་གང་། དེས་ན་ས་གནས་འགོ་འཛིན་སོ་སོས་དེ་ལྟ་བུའི་རྒྱལ་བའི་རེ་བ་དང་ཐུགས་དགོངས་ཤིག་སྒྲུབ་ཐབས་སུ་རྒན་དར་གཞོན་གསུམ་གྱི་མིང་མང་གི་ཤེས་ཡོན་གོང་མཐོར་གཏོང་ཐབས་སུ་འཆར་གཞི་ལྡན་པའི་ལས་འགུལ་གནད་ལ་ཁེལ་བ་ཞིག་ངེས་པར་དུ་སྤེལ་དགོས་པ་མཐོང་ངོ།། །།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བ་ལྟར་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་ས་གནས་རང་ཁོངས་ནས་བསྐོ་ཐུབ་པའི་འགན་འཁུར་དབུས་ས་གཉིས་ནས་བཞེས་དགོས་པ་དེ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།

  3. མི་སྲེད་པ་དེ་འདྲ། ནང་དགྲ་སྡུག་པ་གང་ན་ཡོད། ཕྱི་དགྲ་དེ་ཙམ་སྡུག་པོ་མེད་པའི་སྐད་ཆ་རེད་པས་ལགས། ཧ་ཧ་ཧ།། གསུང་བཤད་དེ་འདྲ་ཏག་ཏག་མ་རེད་བསམས་སོང་།