བརྩི་བཀུར་དང་བདག་སྐྱོང་དགོས་ངེས་ཤིག་སྟེ་བོད་ཀྱི་བཙན་པོའི་གདུང་རྒྱུད།

སློབ་དཔོན་སྣ་ཚོགས་གཟུགས་ཅན།

༈   དེ་ཡང་འཇིག་རྟེན་གྱི་ཁ་དཔེར། སྐད་ཆ་རིང་ན་ཉོག་འགྲོ། སྐུད་པ་རིང་ན་ཆད་འགྲོ་ཟེར་བ་ལྟར།  སྐད་ཆ་འགའ་ཞིག་ཧ་ཅང་རིང་ན་དེ་ཙམ་ཡག་རྒྱུ་མེད་པས། དེ་རིང་འདིར་སྐད་ཆ་མདོར་བསྡུས་ལ་དོན་སྙིང་ཡོད་པ་ཞིག་ཞུ་ན། ང་ཚོ་བོད་ཀྱི་བཙན་པོའི་གདུང་རྒྱུད་ཕྱི་མ། སྡེ་དཔོན་ཨེ་ལྷ་རྒྱ་རིའི་གདུང་རྒྱུད་ནི་དར་མ་འུ་དུམ་བཙན་གྱི་སྲས་གནམ་སྡེ་འོད་སྲུང་གི་བརྒྱུད་པ་ཡིན་ཞིང་། གདུང་རྒྱུད་འདིའི་ལོ་རྒྱུས་རྣམས་རྒྱལ་དབང་ལྔ་པའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་། ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོས་མཛད་པའི་ལྷ་རྒྱ་རིའི་གདུང་རབས་རིན་ཆེན་ཕྲེང་བ་སོགས་སུ་གསལ་བས་འདིར་མི་སྨྲོས།

ད་ལྟ་ང་རང་ཚོ་དང་མཉམ་དུ་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་། སྡུག་གི་ཁུར་བོ་མཉམ་ཁུར་གྱིས་བཞུགས་པའི་བོད་མི་མང་སྤྱི་འཐུས་ལས་ཐོག་པ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་དང་། ཕྱི་ལོ་ ༢༠༡༢ ལོར་འཛམ་གླིང་གི་ན་ཆུང་དབུ་ཁྲིད་སུམ་ཅུའི་ཁྲོད་འདེམས་ཐོན་བྱུང་བའི་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག   དེང་སྐབས་ཨོ་གླིང་དུ་བཞུགས་པའི་ལྷ་རྒྱ་རི་རྣམ་རྒྱལ་ཆོས་འཛོམས་གསུམ་གྱི་ཕ་ཡབ། ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་མེ་ཡོས། ཕྱི་ལོ་ ༡༩༢༧ ལོར་སྐུ་འཁྲུངས་ཤིང་། དགུང་གྲངས་དོན་དྲུག་པ་རབ་བྱུང་བཅུ་བདུན་པའི་ཆུ་ལུག   ཕྱི་ལོ་ ༢༠༠༣ ལོར་སྐུ་གཤེགས།

བོད་ལ་དུས་འགྱུར་མ་བྱུང་གོང་སྡེ་དཔོན་ལྷ་རྒྱ་རིའི་མངའ་འོག་ཏུ་ཨེ་ཁུལ་དང་། དྭགས་པོ། རོང་འཆད་དཀར་སོགས་ལུང་ཚན་ཉི་ཤུ་རྩ་བདུན་དང་། རི་སྒོ་ཆོས་སྡེ་དང་། བླ་འབྲིང་ཆོས་སྡེ། གདོང་མཁར་ཆོས་སྡེ་སོགས་དགོན་ཁག་དགུ་ཙམ་ཡོད་ཅིང་། མངའ་ཁོངས་རྒྱ་ཆེན་པོ་དེ་དག་གི་ས་ཁང་མི་གསུམ།  རི་ཀླུང་རྩྭ་ཆུ་ཤིང་གསུམ་དང་བཅས་པའི་བདག་ཐོབ་ཡོད་པར་མ་ཟད། ༧གོང་ས་ལྔ་པ་ཆེན་པོའི་སྐུ་དུས་ནས་བཟུང་། ལྷ་རྒྱ་རིའི་མངའ་ཁུལ་གྱི་སྡེ་དགོན་ཐམས་ཅད་ལ་ཁྲིམས་སྒོ་རང་བཙན་གྱིས་སྐྱོང་བའི་ཐོབ་ཐང་ཡོད་པ་དང་། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་ཀྱང་། “ས་སྐྱོང་ལྷ་རྒྱ་རི་བ་ནི། གོང་ས་ནས་ལུང་དང་འཇའ་ས་ཆེད་དུ་མ་བླངས་པར་ཉི་འོག་གི་རྒྱལ་པོར་གྱུར་པ་ཞིག་སྟེ། དེ་ཡང་བོད་ཆོས་རྒྱལ་གྱི་གདུང་རྒྱུད་དྲི་མ་མེད་པ་གནམ་སྡེ་འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན་གྱི་བརྒྱུད། ཁྲི་བཀྲ་ཤིས་བརྩེགས་པའི་སྲས་གསུམ་གྱི་འོད་སྡེ་ལས་རིམ་པར་བྱུང་བ་”ཞེས་སོགས་དང་། དེ་བཞིན་༧གོང་ས་ལྔ་པ་ཆེན་པོའི་བཀའ་ཤོག་གི་ནང་དུ་ཡང་མ་འོངས་སྔོན་གཟིགས་ཀྱི་གསུང་ལྟར། “ཕྱིན་ཆད་ལྷ་རྒྱ་རི་ཉམ་ཐག་གིས་འཛིན་དབང་སྐྱོང་མ་ཐུབ་པའི་གནད་དོན་འདྲ་བྱུང་ན། དགའ་ལྡན་ཕོ་བྲང་དང་འདོད་པ་གཅིག་སྒྲིལ་ལྟར་མཐའ་སྐྱོང་བྱེད་རྒྱུ་ཡིན་”ཞེས་ཀྱང་གསུངས་ཡོད།

ལྷ་རྒྱ་རི་བ་ཁྲི་ཐོག་རིམ་བྱོན་རྣམས་གཞུང་ས་དགའ་ལྡན་ཕོ་བྲང་དང་འབྲེལ་བ་ཟབ་པས། དགའ་ལྡན་ཕོ་བྲང་གི་མཛད་སྒོ་ཆེ་ཁག་ལ་ལྷ་རྒྱ་རི་བས་འབུལ་རྟེན་ཕོན་ཆེན་དང་བཅས་ངོ་བཅར་ཞུ་སྲོལ་ཡོད་པ་དང་། ལྷ་རྒྱ་རི་བའི་ཁྲི་ཆེན་ཁྲིར་བཞེངས་སྐབས་དགའ་ལྡན་ཕོ་བྲང་ནས་ཀྱང་དེ་མཚུངས་གནང་སྐྱེས་ཕོན་ཆེན་དང་བཅས་སྐུ་ཚབ་གཏོང་སྲོལ་ཡོད་འདུག དེར་བརྟེན་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བཅུ་གསུམ་གྱི་དགུང་སྐེག་སེལ་བའི་བརྟན་བཞུགས་དང་། དགུང་གྲངས་བཅུ་དྲུག་པར་རྒྱལ་སྲིད་ཆོས་སྲིད་བཞེས་པའི་མཛད་སྒོ་གཉིས་ཀར།  ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་ཁོང་ཆེད་དུ་ཕེབས་ཏེ། ལྷ་རྒྱ་རིའི་རྒྱལ་ཆས་ཆ་ཚང་བཞེས་ནས་མཎྜལ་བཤད་པ་མཛད་པར་མ་ཟད། དུས་ཕྱིས་ཕྱི་ལོ་ ༢༠༠༠ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༢ ཉིན་ནས་དབུ་བཙུགས་ཏེ་བཞུགས་སྒར་རྡ་རམ་ས་ལར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་ཕུལ་སྐབས་ཀྱང་། ཕྱི་ཚེས་ ༨ ཉིན་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་མཆོག་གིས་མཁའ་འགྲོའི་བསུན་བཟློག་གི་བརྟན་བཞུགས་ཕུལ་བ་དང་། སྐབས་དེར་སྔར་སྲོལ་བཞིན་ཁྲི་ཆེན་མཆོག་གིས་དབུ་ལ།  ལ་ཐོད་དཀར་པོ་འོད་དཔག་མེད་ཀྱིས་བརྒྱན་པ་དང་གསེར་གྱི་ཅོད་པཎ། མགུལ་ལ་བྱུ་རུ་དང་གཡུའི་དོ་ཤལ་ཉིས་བརྩེགས་སུ་བཞེས་པ་སོགས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྒྱན་དང་ནབ་བཟའི་ཆ་ལུགས་དང་བཅས་བརྟན་བཞུགས་ཕུལ་བར། ༧གོང་ས་མཆོག་ཐུགས་ཤིན་ཏུ་མཉེས་པོ་བྱུང་བར་མ་ཟད། ཁོང་ཉིད་དགུང་གྲངས་བཅུ་གསུམ་བཞེས་སྐབས་ལྷ་རྒྱ་རིས་བརྟན་བཞུགས་ཕུལ་བ་ཐུགས་དྲན་སོས་པའི་བཀའ་སློབ་སྩལ་བ་དང་། སྐབས་དེར་ལྷ་ལྕམ་ཕུན་ཚོགས་སྒྲོལ་དཀར་ལ་ཡང་དགྱེས་བརྩེའི་བསྔགས་བརྗོད་གནང་བ་སོགས། ཕྱི་ལོ་ ༢༠༠༠ ཟླ་ ༡༢ པའི་གཞུང་འབྲེལ་ཤེས་བྱ་གསར་དེབ་ཏུ་གསལ་བ་ལྟར་ཡིན།

བོད་ཀྱི་དུས་འགྱུར་ཆེན་པོའི་སྐབས་ཏེ།  ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་ ༡༩༧༩ བར་མི་ལོ་ཉི་ཤུའི་རིང་ཁྲི་ཆེན་མཆོག་གིས་རྒྱའི་བཙོན་ཁང་དུ་སྐུ་ཚེགས་དང་འོ་བརྒྱལ་སྣ་ཚོགས་མྱངས་དགོས་བྱུང་ན་ཡང་།  སྔར་དབང་ཐང་དར་བའི་རྩེ་མོར་སོན་སྐབས་འབངས་རྣམས་བྱམས་ཀྱིས་བསྐྱངས་པར་བརྟེན། རིག་གནས་གསར་བརྗེའི་ལས་འགུལ་སྐྱི་གཡའ་བ་དེའི་ཁྲོད། སྐུ་དྲག་སོ་སོའི་འབངས་མི་དང་གཡོག་པོ་རྣམས་ཀྱིས་རང་རང་གི་བདག་པོ་ཚོར་འཐབ་རྩོད་ཚད་མེད་གཏོང་སྐབས། ལྷ་རྒྱ་རིའི་མངའ་ཁོངས་ནས་ཁོང་ལ་སྐྱོན་བརྗོད་དང་འཐབ་རྩོད་བྱེད་མཁན་མི་གཅིག་ཀྱང་ཐོན་མེད་པ་དང་། བཙོན་ཁང་ནས་ཀྱང་ཕ་བཟང་གི་བུའི་རུས་པ་ལྕགས་ལས་སྲ་བའི་སྙན་གྲགས་བཙོན་མཁར་གྱི་ཕྱི་རོལ་དུ་ཁྱབ་པས། ཁོང་བཙོན་གྲོལ་ཐོབ་མ་ཐག སྔར་གྱི་ཨེ་ལྷ་རྒྱ་རི་བའི་མངའ་འབངས་ལྷག་འཕྲོ་རྣམས་ཀྱིས། རང་རང་སོ་སོའི་ངོས་ནས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབུལ་རྟེན་སྣ་ཚོགས་བསྣམས་ཏེ་མི་བཅོ་ལྔ་སྐོར་འཚམས་འདྲི་ཞུ་བར་བཅར་བས། ཐོག་མར་ཁྲི་ཆེན་རིན་པོ་ཆེས་ཐུགས་དགོངས་ལ། མི་ཚོགས་མང་པོ་གློ་བུར་དུ་འབྱོར་བ་འདི། རྒྱ་མིས་ང་ལ་འཐབ་འཛིང་གཏོང་ཆེད་བོས་པ་མིན་ནམ་སྙམ་ནས་ཐུགས་དངངས་བྱུང་བ་སོགས་ཀྱི་ལོ་རྒྱུས་ཡིད་འགུལ་ཐེབས་པའང་ཡོད།

ཕྱི་ལོ་ ༡༩༨༢ ལོར་༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཇལ་བར་རྒྱ་གར་དུ་ཕེབས་ཤིང་། འདིའི་སྐབས་ཁོང་ལ་བོད་དུ་སྲས་མོ་བཞི་ཡོད་ཀྱང་གདུང་རྒྱུད་འཛིན་པའི་སྲས་མེད་པ་དང་། ༧རྒྱལ་བ་དོན་གྱི་བདག་པོའི་ཞལ་སྔ་ནས་ཀྱང་། “ལྷ་རྒྱ་རི་ཆོས་རྒྱལ་གྱི་གདུང་རྒྱུད་ཡིན་སྟབས་བུ་ཞིག་ངེས་པར་དུ་དགོས་ཀྱི་རེད་”ཅེས་བཀའ་སྩལ་བ་བཞིན། ཁྲི་ཆེན་ཉིད་དགུང་གྲངས་ང་བརྒྱད་ཀྱི་ཐོག བཀའ་རྙིང་ཕུན་ཁང་གི་བུ་མོ་ཕུན་ཚོགས་སྒྲོལ་དཀར་དགུང་ལོ་ཉེར་གསུམ་ལོན་པ་ཁབ་ཏུ་བཞེས། ཁོང་སྟངས་དཔྱལ་གཉིས་ཀྱང་ཐོག་མར་རྡ་ཤོད་རྒྱ་གར་གྱི་ཟ་ཁང་ཞིག་ཏུ་ངོ་ཐུག་སྟེ་རང་ངོས་ནས་བརྩེ་དུང་གི་མྱུ་གུ་འབུས་པ་དང་། དེ་རྗེས་བུ་མོ་རྣམ་རྒྱལ་སྒྲོལ་དཀར་དང་། ལྷ་སྲས་རྣམ་རྒྱལ་དབང་ཕྱུག་སོགས་ཀྱང་རིམ་པར་འཁྲུངས་ཤིང་། ཁོང་ཡབ་ཡུམ་གཉིས་ཀྱི་བར་ལ་ལོ་ཁྱད་ཆེན་པོ་ཡོད་པར་མ་ཟད། ཡུལ་ཤོར་སྐྱབས་བཅོལ་བ་སྤྱིའི་གནས་སྟངས་ལྟར་ཁྱིམ་གྱི་དཔལ་འབྱོར་ཀྱང་ཤིན་ཏུ་ཞན་པས། སྲས་སྲས་མོ་རྣམས་འཁྲུངས་སྐབས་ཀྱང་ཁྱིམ་ནས་འཁྲུངས་པ་མ་གཏོགས་སྨན་ཁང་དུ་ཕེབས་རྒྱུའི་མཐུན་རྐྱེན་མེད་རུང་། ཆོས་རྒྱལ་གདུང་རྒྱུད་ཀྱི་མནའ་མ་ཕུན་ཚོགས་སྒྲོལ་དཀར་གྱིས་བརྩེ་དུང་མཐར་ཕྱིན་གནང་བར་མ་ཟད། ཆུ་ལུག་(༢༠༠༣) ལོར་ཁྲི་ཆེན་དགུང་ལོ་དོན་དྲུག་པར་དགོངས་པ་རྫོགས་སྐབས་ཀྱང་། ལྷ་ལྕམ་ཕུན་ཚོགས་སྒྲོལ་དཀར་ཐུགས་སྐྱོ་ཆེན་པོས་གྲོངས་ལ་ཉེ་བ་ལན་མང་བྱུང་ཞིང་། དེ་ནས་བཟུང་མི་ལོ་ཧྲིལ་བོ་བདུན་གྱི་བར་དུ་སྒོ་ཕྱིར་ཕེབས་སྙིང་མི་འདོད་པ་དང་། མི་གཞན་དང་གཏམ་སྨྲ་མི་འདོད་པར་གྱུར་ཅིང་། ལོ་བདུན་གྱི་རྗེས་སུ་མ་ཎི་བཀའ་འབུམ་ཞིག་བཀླགས་སྐབས། སྤྱན་ཆབ་མང་པོ་ཤོར་བའི་རྐྱེན་ལྟ་བུས་ད་གཟོད་སྔར་རྒྱུན་ལྟར་གྱུར་པའི་གཏམ་རྒྱུད་ཡིད་དབང་འཕྲོག་པ་ཡོད།

དེ་དག་གིས་ནི་ལྷ་རྒྱ་རིའི་གདུང་རྒྱུད་དང་། ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོའི་ངང་ཚུལ་མདོ་ཙམ་བརྗོད་ཟིན་ནས། ད་ནི་སྐབས་སུ་བབས་པ་རང་རེ་བོད་མི་རྣམས་ཀྱིས། ལྷ་རྒྱ་རིའི་གདུང་རྒྱུད་རྣམས་ལ་བརྩི་བཀུར་དང་། བདག་སྐྱོང་གང་ལེགས་བྱེད་དགོས་ཞེས་དྲན་གསོ་ཤིག་བྱེད་འདོད་པ་ཡིན་ཞིང་། དེ་ཡང་དཔལ་ལྡན་འབྲུག་གི་རྒྱལ་ཁབ་དང་། ཐེ་ལཎ་ཌི། ཉི་ཧོང་། དབྱིན་ཡུལ་སོགས་འཛམ་གླིང་ཤར་ནུབ་ཀྱི་རང་དབང་དམངས་གཙོའི་རྒྱལ་ཁབ་རྣམས་སུ་ཡང་། རྒྱལ་ཁབ་དེ་དག་གི་གཞུང་དང་མི་མང་རྣམས་ཀྱིས་རང་རང་སོ་སོའི་རྒྱལ་རྒྱུད་རྣམས་ནི་ཅི་བས་ཀྱང་རིན་ཐང་ཆེན་པོར་བརྩི་བཞིན་པ་ལྟར། འཇིག་རྟེན་མི་ལུགས་ཀྱི་ངོས་ནས་བཤད་ཀྱང་། ང་ཚོ་བོད་རིགས་མི་མང་རྣམས་ཀྱིས་བཙན་པོའི་གདུང་རྒྱུད་ཀྱི་སྲས་སྲས་མོ་རྣམས་ཤིན་ཏུ་རྩ་ཆེན་པོར་བརྩི་འོས་ཤིང་། དམ་པ་ལྷ་ལུགས་ཀྱི་དབང་དུ་བྱས་ན་ནི་དེ་བས་ཀྱང་རྩ་ཆེན་པོར་བརྩི་དགོས་པ་ཡིན་ཏེ། བསམ་པ་ལྷུན་གྲུབ་ལས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ནས་མ་སྟོངས་པར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ཞེས་གསུངས་པ་ལྟར།  བོད་བཙན་པོའི་གདུང་རྒྱུད་རྣམས་ནི་རྒྱལ་དབང་ཨོ་རྒྱན་ཆེན་པོའི་ཐུགས་རྗེ་དང་བྱིན་རླབས་བོད་དུ་འཇུག་པའི་བདག་རྐྱེན་ཆེ་ཤོས་ཤིག་ཀྱང་ཡིན་པའི་ཕྱིར་རོ༎

སྤྱིར་རྒྱལ་བའི་ཕྲིན་ལས་གདུལ་བྱའི་ཞིང་གང་དུ་འཇུག་མི་འཇུག་ཡུལ་དེའི་རྒྱལ་རྒྱུད་ཡོད་མེད་ལ་རག་ལས་པ་མིན་ཡང་། ༧གོང་ས་ཐམས་ཅད་མཁྱེན་པ་ཆེན་པོས། སྤངས་རྟོགས་མཐར་ཕྱིན་སྐུ་ལྔའི་བདག་ཉིད་ཀུན།། མཉམ་ཉིད་ཉེ་རིང་གཟིགས་པ་མི་མངའ་ཡང༌།། གདུལ་བྱའི་ཁམས་སོགས་རྟེན་འབྲེལ་མཐུ་བཙན་པས།། ཁྱོད་ནི་གངས་ལྗོངས་འགྲོ་བའི་མགོན་དཔུང་ཉིད།། ཅེས་གསུངས་ལྟར། བོད་འདིར་སློབ་དཔོན་རིན་པོ་ཆེའི་སྔོན་གྱི་སྨོན་ལམ་དང་། ཞལ་བཞེས་ཀྱི་ཐ་ཚིག་སོགས་རྟེན་འབྲེལ་དམིགས་བསལ་བའི་དབང་གིས།  བཙན་པོའི་གདུང་རྒྱུད་རྣམས་ནི་གུ་རུའི་བྱིན་རླབས་བོད་དུ་འཇུག་པ་ལ། ཁྱིམ་དུ་གཡང་ཆགས་སའི་གཡང་རྟེན་གྱི་ནོར་བུ་ལྟ་བུ་ཡིན་པར་མ་ཟད། བོད་སྤྱིའི་འགོ་བའི་ལྷ་དང་། ཞིང་ལྷ་དང་ཡུལ་ལྷ། ཕ་མྱེས་བརྒྱུད་སྲུང་རྣམས་ཀྱི་བླ་གནས་སའི་རྟེན་ཡང་ཡིན་ནོ༎

ད་ལྟའི་དུས་འདིར་འཛམ་གླིང་གི་རྒྱལ་རྒྱུད་ཕལ་མོ་ཆེས། རང་རང་གི་རྒྱལ་ཁབ་རྣམས་སུ་ལྷའི་ལོངས་སྤྱོད་ཀྱི་དཔལ་ལ་རོལ་བཞིན་ཡོད་ཀྱང་། ང་ཚོའི་རྒྱལ་རྒྱུད་ཀྱི་སྲས་སྲས་མོ་རྣམས་ནི་རྐང་མགོ་རྡུལ་གྱིས་གཡོགས། གདོང་པ་ཉི་མས་འཚིག་བཞིན་སྲང་ལམ་ཁག་ཏུ་དངོས་བྱུང་ལོ་རྒྱུས་ཀྱི་པར་རིས་རེ་འགྲེམ་སྤེལ་བྱས་ནས་བསྡད་རུང་། སྐུ་འཁྲིས་སུ་བལྟ་སྲུང་བྱེད་མཁན་ཞིག་ཀྱང་མེད་པས་སུ་ཡིན་ཡིན་གྱིས་འབུད་རྒྱག་བྱེད་ཆོག་ཆོག་དང་། སྦར་ཤད་བྱེད་ཆོག་ཆོག་གི་གནས་སུ་ལྷུང་ཡོད། འདི་ནི་མི་རིགས་ཤིག་རྒུད་པའི་མཐའ་ལ་ཐུག་པའི་སྐྱོ་གར་ཡིན་མོད།  ཆེས་མ་མཐར་ཡང་རང་རིགས་རྣམས་ཀྱིས་བོད་ཀྱི་བཙན་པོའི་རྒྱལ་རྒྱུད་ལ་ཆེ་མཐོང་དང་། སྲུང་སྐྱོབ་དེ་ལས་ཅུང་དྲག་ཅིག་ངེས་པར་དུ་བྱེད་དགོས་ཏེ། དཔེར་ན་ལྷ་རྒྱལ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་མཆོག་བོད་མི་མང་སྤྱི་འཐུས་སྐབས་བརྒྱད་པ་དང་། དགུ་པ། བཅུ་པ་རྣམས་སུ་༧གོང་ས་ཐམས་ཅད་མཁྱེན་པས་ཐད་བསྐོས་གནང་སྐབས། “ལྷ་རྒྱ་རི་བོད་རྗེའི་གདུང་རྒྱུད་ཡིན་པས་སྤྱི་འཐུས་སྤྱི་བྱིངས་ཀྱི་གྲྭལ་མགོར་སྡོད་དགོས་”ཞེས་བཀའ་ཕེབས་མྱོང་བ་དང་། ཕྱི་ལོ་ ༢༠༠༤ ཟླ་ ༦ ཚེས་ ༢༩ ཉིན།  བཞུགས་སྒར་ཐེག་ཆེན་ཆོས་གླིང་ཕོ་བྲང་གི་ཚོམས་ཆེན་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུར་བཞུགས་ཐོག བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལྷ་རྒྱ་རི་ཁྲི་ཆེན་(ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག)ཡུམ་སྲས་སྐུ་འཁོར། དེ་བཞིན་རྒྱལ་ཕྱི་ནང་གི་སྐུ་མགྲོན་མང་པོ་དང་བཅས་པས། ལྷ་སྲས་རྣམ་རྒྱལ་དབང་ཕྱུག་ལྷ་རྒྱ་རི་ཁྲི་ཆེན་གྱི་ཁྲིར་བཞེངས་མཛད་སྒོ་ཤིན་ཏུ་གཟབ་རྒྱས་གནང་ཡོད་པ་ལྟར། རིགས་གཅིག་པའི་སྤྱི་ཚོགས་ཀྱི་ཁྲོད། གཞན་ལས་ཅུང་ལྷག་ཙམ་ཞིག་ངེས་པར་དུ་བྱེད་དགོས་པ་ཡིན་ནོ༎

འཇིག་རྟེན་གྱི་ཐོག་བློ་གཏད་འཕེར་བའི་མྱི་རབ་གསེར་འདྲ་ཞིག་ཡིན་ན། སྤུན་མཆེད་དམ་ཡང་ན་གྲོགས་པོ་གྲོངས་ནས། ཕྲུ་གུ་རྣམས་སྐྱབས་མེད་མགོན་མེད་དུ་ལུས་སྐབས་དངོས་བརྒྱུད་གཉིས་ནས་བདག་སྐྱོང་གང་ལེགས་བྱེད་ངེས་ཡིན་པ་ལྟར། ང་ཚོས་ཀྱང་དུས་རྒྱུན་“ཆོས་རྒྱལ་བཀའ་དྲིན་ཅན་རྣམས་”ཞེས་ཁ་ནས་མ་ཎི་འདོན་འདོན་བྱེད་བཞིན་ཡོད་པས། ཆོས་རྒྱལ་རྣམས་ཀྱི་བཀའ་དྲིན་གསོ་བའི་ཆེད་དུ་ཡང་གདུང་རྒྱུད་ཀྱི་སྲས་སྲས་མོ་རྣམས་ལ་སྲི་ཞུ་དང་བྱམས་སྐྱོང་བླ་ལྷག་ཏུ་བྱེད་དགོས་ཤིང་། དེ་བས་ཀྱང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་སྙིང་ཐག་ཉེ་མཁན་རྣམས་ཀྱིས། བཙན་པོའི་གདུང་རྒྱུད་ཀྱི་སྲས་སྲས་མོ་རྣམས་ལ་སྙིང་ཐག་ཤིན་ཏུ་ཉེ་བོ་བྱེད་དགོས་པ་དང་། སྲི་ཞུ་བཀུར་སྟིའམ་ཡང་ན་བདག་སྐྱོང་གང་ཐུབ་བྱེད་དགོས་པ་ཡིན་ཞེས་དྲན་བསྐུལ་ཐེངས་གཅིག་བྱས་པ་ལགས།

དེ་བཞིན་བཙན་པོའི་གདུང་རྒྱུད་རྣམས་ཀྱིས་ཀྱང་། “ང་བཙན་པོའི་གདུང་རྒྱུད་ཡིན་པས། སློབ་དཔོན་ཐུགས་རྗེ་ཅན་ལ་གཞན་དང་མི་འདྲ་བའི་ལས་སྨོན་གྱི་འབྲེལ་བ་ཤིན་ཏུ་ཟབ་མོ་ཡོད་”སྙམ་པའི་ཡིད་ཆེས་བྱེད་དགོས་ཤིང་། ཆོས་རྒྱལ་གདུང་བརྒྱུད་མཐའ་ནས་མ་སྟོངས་པར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ཞེས་ཞལ་གྱིས་བཞེས་ཚུལ་གོང་ན་གསལ་བ་དེ་དང་། གཞན་ཡང་ལྷ་སྲས་མུ་ཁྲི་བཙན་པོས་གུང་ཐང་ལ་ཐོག་ཏུ་གུ་རུའི་ན་བཟའི་སྣེ་མོ་ལ་འཇུས་ཏེ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ མང་ཡུལ་གུང་ཐང་གངས་འགྲམ་འདིར༔ བདག་གི་བུ་རྒྱུད་གནས་བཅས་ཏེ༔ དམངས་སུ་འབེབས་ཤིང་སྡུག་བསྔལ་ན༔ བོད་ཀྱི་རྒྱལ་པོ་སྙིང་རེ་རྗེ༔ བདག་གི་བུ་རྒྱུད་སུ་ལ་རེ་ཞེས་སོགས་ཀྱི་ཞུ་བ་ཕུལ་སྐབས། གུ་རུའི་ཞལ་ནས། མང་ཡུལ་གུང་ཐང་གངས་རིའི་འདབ་འདི་རུ༔   ཉིད་ཀྱི་གདུང་རྒྱུད་ཕྱི་མར་བྱོན་པ་རྣམས༔ གདུང་རུས་མ་ནོར་ཆོས་ཀྱི་རྒྱལ་སྲིད་སྐྱོང་༔ ང་ཡིས་ཐུགས་རྗེས་རྒྱུན་ཆད་མེད་པར་གཟིགས་ཞེས་སོགས་དང་། “ལྷ་སྲས་ཉིད་བུ་འབངས་ཀྱི་དོན་དུ་ཐུགས་ཤིན་ཏུ་བརྩེ་བས༔ ངས་རྒྱལ་པོའི་གདུང་རྒྱུད་རྣམས་ལ་དུས་སྙིགས་མའི་མཐར་ཐུག་པའི་བར་དུ་བྱིན་རླབས་ཐུགས་རྗེས་སྐྱོབ་ཀྱི༔”   ཞེས་སོགས་གསུངས་པ་རྣམས་ཐུགས་ལ་བཞག་ནས། ལྷ་གཅིག་ཆོག་ཨོ་རྒྱན་པད་འབྱུང་དང་༎ ཆོས་གཅིག་ཆོག་བཛྲ་གུ་རུ་ལ་ཐུགས་དམ་བྱས་ཏེ། དུས་རྒྱུན་ལེའུ་བདུན་མ་དང་ཚིག་བདུན་གསོལ་འདེབས་སོགས་ཀྱི་ཞལ་འདོན་ཇི་ནུས་དང་། གུང་ཐང་ལ་ཁར་རྒྱལ་པོའི་གདུང་རྒྱུད་ལ་དམིགས་བསལ་དུ་གདམས་པའི་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་སོགས་ལ་ཉམས་བཞེས་གང་ཐུབ་རེ་བགྱིས་ན། ཆོས་རྒྱལ་གདུང་རྒྱུད་ཀྱི་གཟི་དཔལ་སླར་ཡང་འཇིག་རྟེན་ན་ངོམ་ཆོག་པའི་གོ་སྐབས་ཡོད་ངེས་ཤིང་། གཅིག་བྱས་ན་བོད་ཆོས་ལྡན་ཞིང་གི་རྒྱལ་རྒྱུད་རྣམས། མ་འོངས་པར་འཛམ་གླིང་སྤྱིའི་དབུ་ཁྲིད་བྱེད་པའི་སྐལ་བ་ཡང་ཤར་མི་སྲིད་པ་མིན་པས། དེ་ལུགས་ཀྱི་ཐུགས་བསྐྱེད་རླབས་པོ་ཆེ་རེ་ཐུགས་ལ་བསྣམས་རོགས་ཞེས་ཞུ་བ་ལགས།

ཕྲན་རང་ལ་མཚོན་ན་ཡང་། བོད་པ་ནང་ཁུལ་གྱི་ཆོས་ལུགས་དང་ཆབ་སྲིད་ཀྱི་རྩོད་གླེང་དག་གི་ཆ་ཤས་རྡོག་གཅིག་ཙམ་ཡང་ལེན་མྱོང་མེད་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་ཡང་། བོད་སྤྱིའི་བདེ་སྡུག་དང་གནས་བབས་ཀྱི་ཐོག་ལ་ཞེན་ཆགས་མེ་ལྟར་འབར་བ་ཞིག་ཡིན་སྟབས། བོད་ཀྱི་མི་ཡི་མི་གཡང་དང་། ས་ཡི་རྟེན་ཕུར་དུ་གྱུར་པའི་བཙན་པོའི་གདུང་རྒྱུད་རྣམས་ཀྱི་སྐྱིད་སྡུག་དང་འབྲེལ་བའི་གཏམ་འདི་ཙམ་ཁ་ནས་ཤོར་བ་ལགས་ཤིང་། གཏམ་འདི་ལ་ཕན་ནུས་ཅུང་ཙམ་ཡོང་བ་ཡང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། བོད་ཀྱི་ཕ་མྱེས་རྒྱུད་སྲུང་རྣམས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ་ལོ༎ ཞེས་སངས་རྒྱས་པདྨའི་འབངས་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་ཕྱི་ལོ་ ༢༠༡༧ ཟླ་ ༡༠ པའི་ཚེས་ ༡༠ ལ་བྲིས། བཀྲ་ཤིས་ཞལ་གྲོ། ༎

བསྐྱར་བཅོས།: ༢༠༡༧/༡༠/༡༡

Leave a Reply

9 thoughts on “བརྩི་བཀུར་དང་བདག་སྐྱོང་དགོས་ངེས་ཤིག་སྟེ་བོད་ཀྱི་བཙན་པོའི་གདུང་རྒྱུད།