མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྩི་བཀུར་དང་བདག་སྐྱོང་དགོས་ངེས་ཤིག་སྟེ་བོད་ཀྱི་བཙན་པོའི་གདུང་རྒྱུད།

བོད་ཀྱི་དུས་བབ།
༢༠༡༧/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

སློབ་དཔོན་སྣ་ཚོགས་གཟུགས་ཅན།

༈   དེ་ཡང་འཇིག་རྟེན་གྱི་ཁ་དཔེར། སྐད་ཆ་རིང་ན་ཉོག་འགྲོ། སྐུད་པ་རིང་ན་ཆད་འགྲོ་ཟེར་བ་ལྟར།  སྐད་ཆ་འགའ་ཞིག་ཧ་ཅང་རིང་ན་དེ་ཙམ་ཡག་རྒྱུ་མེད་པས། དེ་རིང་འདིར་སྐད་ཆ་མདོར་བསྡུས་ལ་དོན་སྙིང་ཡོད་པ་ཞིག་ཞུ་ན། ང་ཚོ་བོད་ཀྱི་བཙན་པོའི་གདུང་རྒྱུད་ཕྱི་མ། སྡེ་དཔོན་ཨེ་ལྷ་རྒྱ་རིའི་གདུང་རྒྱུད་ནི་དར་མ་འུ་དུམ་བཙན་གྱི་སྲས་གནམ་སྡེ་འོད་སྲུང་གི་བརྒྱུད་པ་ཡིན་ཞིང་། གདུང་རྒྱུད་འདིའི་ལོ་རྒྱུས་རྣམས་རྒྱལ་དབང་ལྔ་པའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་། ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོས་མཛད་པའི་ལྷ་རྒྱ་རིའི་གདུང་རབས་རིན་ཆེན་ཕྲེང་བ་སོགས་སུ་གསལ་བས་འདིར་མི་སྨྲོས།

ད་ལྟ་ང་རང་ཚོ་དང་མཉམ་དུ་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་། སྡུག་གི་ཁུར་བོ་མཉམ་ཁུར་གྱིས་བཞུགས་པའི་བོད་མི་མང་སྤྱི་འཐུས་ལས་ཐོག་པ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་དང་། ཕྱི་ལོ་ ༢༠༡༢ ལོར་འཛམ་གླིང་གི་ན་ཆུང་དབུ་ཁྲིད་སུམ་ཅུའི་ཁྲོད་འདེམས་ཐོན་བྱུང་བའི་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག   དེང་སྐབས་ཨོ་གླིང་དུ་བཞུགས་པའི་ལྷ་རྒྱ་རི་རྣམ་རྒྱལ་ཆོས་འཛོམས་གསུམ་གྱི་ཕ་ཡབ། ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་མེ་ཡོས། ཕྱི་ལོ་ ༡༩༢༧ ལོར་སྐུ་འཁྲུངས་ཤིང་། དགུང་གྲངས་དོན་དྲུག་པ་རབ་བྱུང་བཅུ་བདུན་པའི་ཆུ་ལུག   ཕྱི་ལོ་ ༢༠༠༣ ལོར་སྐུ་གཤེགས།

བོད་ལ་དུས་འགྱུར་མ་བྱུང་གོང་སྡེ་དཔོན་ལྷ་རྒྱ་རིའི་མངའ་འོག་ཏུ་ཨེ་ཁུལ་དང་། དྭགས་པོ། རོང་འཆད་དཀར་སོགས་ལུང་ཚན་ཉི་ཤུ་རྩ་བདུན་དང་། རི་སྒོ་ཆོས་སྡེ་དང་། བླ་འབྲིང་ཆོས་སྡེ། གདོང་མཁར་ཆོས་སྡེ་སོགས་དགོན་ཁག་དགུ་ཙམ་ཡོད་ཅིང་། མངའ་ཁོངས་རྒྱ་ཆེན་པོ་དེ་དག་གི་ས་ཁང་མི་གསུམ།  རི་ཀླུང་རྩྭ་ཆུ་ཤིང་གསུམ་དང་བཅས་པའི་བདག་ཐོབ་ཡོད་པར་མ་ཟད། ༧གོང་ས་ལྔ་པ་ཆེན་པོའི་སྐུ་དུས་ནས་བཟུང་། ལྷ་རྒྱ་རིའི་མངའ་ཁུལ་གྱི་སྡེ་དགོན་ཐམས་ཅད་ལ་ཁྲིམས་སྒོ་རང་བཙན་གྱིས་སྐྱོང་བའི་ཐོབ་ཐང་ཡོད་པ་དང་། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་ཀྱང་། “ས་སྐྱོང་ལྷ་རྒྱ་རི་བ་ནི། གོང་ས་ནས་ལུང་དང་འཇའ་ས་ཆེད་དུ་མ་བླངས་པར་ཉི་འོག་གི་རྒྱལ་པོར་གྱུར་པ་ཞིག་སྟེ། དེ་ཡང་བོད་ཆོས་རྒྱལ་གྱི་གདུང་རྒྱུད་དྲི་མ་མེད་པ་གནམ་སྡེ་འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན་གྱི་བརྒྱུད། ཁྲི་བཀྲ་ཤིས་བརྩེགས་པའི་སྲས་གསུམ་གྱི་འོད་སྡེ་ལས་རིམ་པར་བྱུང་བ་”ཞེས་སོགས་དང་། དེ་བཞིན་༧གོང་ས་ལྔ་པ་ཆེན་པོའི་བཀའ་ཤོག་གི་ནང་དུ་ཡང་མ་འོངས་སྔོན་གཟིགས་ཀྱི་གསུང་ལྟར། “ཕྱིན་ཆད་ལྷ་རྒྱ་རི་ཉམ་ཐག་གིས་འཛིན་དབང་སྐྱོང་མ་ཐུབ་པའི་གནད་དོན་འདྲ་བྱུང་ན། དགའ་ལྡན་ཕོ་བྲང་དང་འདོད་པ་གཅིག་སྒྲིལ་ལྟར་མཐའ་སྐྱོང་བྱེད་རྒྱུ་ཡིན་”ཞེས་ཀྱང་གསུངས་ཡོད།

ལྷ་རྒྱ་རི་བ་ཁྲི་ཐོག་རིམ་བྱོན་རྣམས་གཞུང་ས་དགའ་ལྡན་ཕོ་བྲང་དང་འབྲེལ་བ་ཟབ་པས། དགའ་ལྡན་ཕོ་བྲང་གི་མཛད་སྒོ་ཆེ་ཁག་ལ་ལྷ་རྒྱ་རི་བས་འབུལ་རྟེན་ཕོན་ཆེན་དང་བཅས་ངོ་བཅར་ཞུ་སྲོལ་ཡོད་པ་དང་། ལྷ་རྒྱ་རི་བའི་ཁྲི་ཆེན་ཁྲིར་བཞེངས་སྐབས་དགའ་ལྡན་ཕོ་བྲང་ནས་ཀྱང་དེ་མཚུངས་གནང་སྐྱེས་ཕོན་ཆེན་དང་བཅས་སྐུ་ཚབ་གཏོང་སྲོལ་ཡོད་འདུག དེར་བརྟེན་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བཅུ་གསུམ་གྱི་དགུང་སྐེག་སེལ་བའི་བརྟན་བཞུགས་དང་། དགུང་གྲངས་བཅུ་དྲུག་པར་རྒྱལ་སྲིད་ཆོས་སྲིད་བཞེས་པའི་མཛད་སྒོ་གཉིས་ཀར།  ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་ཁོང་ཆེད་དུ་ཕེབས་ཏེ། ལྷ་རྒྱ་རིའི་རྒྱལ་ཆས་ཆ་ཚང་བཞེས་ནས་མཎྜལ་བཤད་པ་མཛད་པར་མ་ཟད། དུས་ཕྱིས་ཕྱི་ལོ་ ༢༠༠༠ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༢ ཉིན་ནས་དབུ་བཙུགས་ཏེ་བཞུགས་སྒར་རྡ་རམ་ས་ལར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་ཕུལ་སྐབས་ཀྱང་། ཕྱི་ཚེས་ ༨ ཉིན་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་མཆོག་གིས་མཁའ་འགྲོའི་བསུན་བཟློག་གི་བརྟན་བཞུགས་ཕུལ་བ་དང་། སྐབས་དེར་སྔར་སྲོལ་བཞིན་ཁྲི་ཆེན་མཆོག་གིས་དབུ་ལ།  ལ་ཐོད་དཀར་པོ་འོད་དཔག་མེད་ཀྱིས་བརྒྱན་པ་དང་གསེར་གྱི་ཅོད་པཎ། མགུལ་ལ་བྱུ་རུ་དང་གཡུའི་དོ་ཤལ་ཉིས་བརྩེགས་སུ་བཞེས་པ་སོགས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྒྱན་དང་ནབ་བཟའི་ཆ་ལུགས་དང་བཅས་བརྟན་བཞུགས་ཕུལ་བར། ༧གོང་ས་མཆོག་ཐུགས་ཤིན་ཏུ་མཉེས་པོ་བྱུང་བར་མ་ཟད། ཁོང་ཉིད་དགུང་གྲངས་བཅུ་གསུམ་བཞེས་སྐབས་ལྷ་རྒྱ་རིས་བརྟན་བཞུགས་ཕུལ་བ་ཐུགས་དྲན་སོས་པའི་བཀའ་སློབ་སྩལ་བ་དང་། སྐབས་དེར་ལྷ་ལྕམ་ཕུན་ཚོགས་སྒྲོལ་དཀར་ལ་ཡང་དགྱེས་བརྩེའི་བསྔགས་བརྗོད་གནང་བ་སོགས། ཕྱི་ལོ་ ༢༠༠༠ ཟླ་ ༡༢ པའི་གཞུང་འབྲེལ་ཤེས་བྱ་གསར་དེབ་ཏུ་གསལ་བ་ལྟར་ཡིན།

བོད་ཀྱི་དུས་འགྱུར་ཆེན་པོའི་སྐབས་ཏེ།  ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་ ༡༩༧༩ བར་མི་ལོ་ཉི་ཤུའི་རིང་ཁྲི་ཆེན་མཆོག་གིས་རྒྱའི་བཙོན་ཁང་དུ་སྐུ་ཚེགས་དང་འོ་བརྒྱལ་སྣ་ཚོགས་མྱངས་དགོས་བྱུང་ན་ཡང་།  སྔར་དབང་ཐང་དར་བའི་རྩེ་མོར་སོན་སྐབས་འབངས་རྣམས་བྱམས་ཀྱིས་བསྐྱངས་པར་བརྟེན། རིག་གནས་གསར་བརྗེའི་ལས་འགུལ་སྐྱི་གཡའ་བ་དེའི་ཁྲོད། སྐུ་དྲག་སོ་སོའི་འབངས་མི་དང་གཡོག་པོ་རྣམས་ཀྱིས་རང་རང་གི་བདག་པོ་ཚོར་འཐབ་རྩོད་ཚད་མེད་གཏོང་སྐབས། ལྷ་རྒྱ་རིའི་མངའ་ཁོངས་ནས་ཁོང་ལ་སྐྱོན་བརྗོད་དང་འཐབ་རྩོད་བྱེད་མཁན་མི་གཅིག་ཀྱང་ཐོན་མེད་པ་དང་། བཙོན་ཁང་ནས་ཀྱང་ཕ་བཟང་གི་བུའི་རུས་པ་ལྕགས་ལས་སྲ་བའི་སྙན་གྲགས་བཙོན་མཁར་གྱི་ཕྱི་རོལ་དུ་ཁྱབ་པས། ཁོང་བཙོན་གྲོལ་ཐོབ་མ་ཐག སྔར་གྱི་ཨེ་ལྷ་རྒྱ་རི་བའི་མངའ་འབངས་ལྷག་འཕྲོ་རྣམས་ཀྱིས། རང་རང་སོ་སོའི་ངོས་ནས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབུལ་རྟེན་སྣ་ཚོགས་བསྣམས་ཏེ་མི་བཅོ་ལྔ་སྐོར་འཚམས་འདྲི་ཞུ་བར་བཅར་བས། ཐོག་མར་ཁྲི་ཆེན་རིན་པོ་ཆེས་ཐུགས་དགོངས་ལ། མི་ཚོགས་མང་པོ་གློ་བུར་དུ་འབྱོར་བ་འདི། རྒྱ་མིས་ང་ལ་འཐབ་འཛིང་གཏོང་ཆེད་བོས་པ་མིན་ནམ་སྙམ་ནས་ཐུགས་དངངས་བྱུང་བ་སོགས་ཀྱི་ལོ་རྒྱུས་ཡིད་འགུལ་ཐེབས་པའང་ཡོད།

ཕྱི་ལོ་ ༡༩༨༢ ལོར་༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཇལ་བར་རྒྱ་གར་དུ་ཕེབས་ཤིང་། འདིའི་སྐབས་ཁོང་ལ་བོད་དུ་སྲས་མོ་བཞི་ཡོད་ཀྱང་གདུང་རྒྱུད་འཛིན་པའི་སྲས་མེད་པ་དང་། ༧རྒྱལ་བ་དོན་གྱི་བདག་པོའི་ཞལ་སྔ་ནས་ཀྱང་། “ལྷ་རྒྱ་རི་ཆོས་རྒྱལ་གྱི་གདུང་རྒྱུད་ཡིན་སྟབས་བུ་ཞིག་ངེས་པར་དུ་དགོས་ཀྱི་རེད་”ཅེས་བཀའ་སྩལ་བ་བཞིན། ཁྲི་ཆེན་ཉིད་དགུང་གྲངས་ང་བརྒྱད་ཀྱི་ཐོག བཀའ་རྙིང་ཕུན་ཁང་གི་བུ་མོ་ཕུན་ཚོགས་སྒྲོལ་དཀར་དགུང་ལོ་ཉེར་གསུམ་ལོན་པ་ཁབ་ཏུ་བཞེས། ཁོང་སྟངས་དཔྱལ་གཉིས་ཀྱང་ཐོག་མར་རྡ་ཤོད་རྒྱ་གར་གྱི་ཟ་ཁང་ཞིག་ཏུ་ངོ་ཐུག་སྟེ་རང་ངོས་ནས་བརྩེ་དུང་གི་མྱུ་གུ་འབུས་པ་དང་། དེ་རྗེས་བུ་མོ་རྣམ་རྒྱལ་སྒྲོལ་དཀར་དང་། ལྷ་སྲས་རྣམ་རྒྱལ་དབང་ཕྱུག་སོགས་ཀྱང་རིམ་པར་འཁྲུངས་ཤིང་། ཁོང་ཡབ་ཡུམ་གཉིས་ཀྱི་བར་ལ་ལོ་ཁྱད་ཆེན་པོ་ཡོད་པར་མ་ཟད། ཡུལ་ཤོར་སྐྱབས་བཅོལ་བ་སྤྱིའི་གནས་སྟངས་ལྟར་ཁྱིམ་གྱི་དཔལ་འབྱོར་ཀྱང་ཤིན་ཏུ་ཞན་པས། སྲས་སྲས་མོ་རྣམས་འཁྲུངས་སྐབས་ཀྱང་ཁྱིམ་ནས་འཁྲུངས་པ་མ་གཏོགས་སྨན་ཁང་དུ་ཕེབས་རྒྱུའི་མཐུན་རྐྱེན་མེད་རུང་། ཆོས་རྒྱལ་གདུང་རྒྱུད་ཀྱི་མནའ་མ་ཕུན་ཚོགས་སྒྲོལ་དཀར་གྱིས་བརྩེ་དུང་མཐར་ཕྱིན་གནང་བར་མ་ཟད། ཆུ་ལུག་(༢༠༠༣) ལོར་ཁྲི་ཆེན་དགུང་ལོ་དོན་དྲུག་པར་དགོངས་པ་རྫོགས་སྐབས་ཀྱང་། ལྷ་ལྕམ་ཕུན་ཚོགས་སྒྲོལ་དཀར་ཐུགས་སྐྱོ་ཆེན་པོས་གྲོངས་ལ་ཉེ་བ་ལན་མང་བྱུང་ཞིང་། དེ་ནས་བཟུང་མི་ལོ་ཧྲིལ་བོ་བདུན་གྱི་བར་དུ་སྒོ་ཕྱིར་ཕེབས་སྙིང་མི་འདོད་པ་དང་། མི་གཞན་དང་གཏམ་སྨྲ་མི་འདོད་པར་གྱུར་ཅིང་། ལོ་བདུན་གྱི་རྗེས་སུ་མ་ཎི་བཀའ་འབུམ་ཞིག་བཀླགས་སྐབས། སྤྱན་ཆབ་མང་པོ་ཤོར་བའི་རྐྱེན་ལྟ་བུས་ད་གཟོད་སྔར་རྒྱུན་ལྟར་གྱུར་པའི་གཏམ་རྒྱུད་ཡིད་དབང་འཕྲོག་པ་ཡོད།

དེ་དག་གིས་ནི་ལྷ་རྒྱ་རིའི་གདུང་རྒྱུད་དང་། ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོའི་ངང་ཚུལ་མདོ་ཙམ་བརྗོད་ཟིན་ནས། ད་ནི་སྐབས་སུ་བབས་པ་རང་རེ་བོད་མི་རྣམས་ཀྱིས། ལྷ་རྒྱ་རིའི་གདུང་རྒྱུད་རྣམས་ལ་བརྩི་བཀུར་དང་། བདག་སྐྱོང་གང་ལེགས་བྱེད་དགོས་ཞེས་དྲན་གསོ་ཤིག་བྱེད་འདོད་པ་ཡིན་ཞིང་། དེ་ཡང་དཔལ་ལྡན་འབྲུག་གི་རྒྱལ་ཁབ་དང་། ཐེ་ལཎ་ཌི། ཉི་ཧོང་། དབྱིན་ཡུལ་སོགས་འཛམ་གླིང་ཤར་ནུབ་ཀྱི་རང་དབང་དམངས་གཙོའི་རྒྱལ་ཁབ་རྣམས་སུ་ཡང་། རྒྱལ་ཁབ་དེ་དག་གི་གཞུང་དང་མི་མང་རྣམས་ཀྱིས་རང་རང་སོ་སོའི་རྒྱལ་རྒྱུད་རྣམས་ནི་ཅི་བས་ཀྱང་རིན་ཐང་ཆེན་པོར་བརྩི་བཞིན་པ་ལྟར། འཇིག་རྟེན་མི་ལུགས་ཀྱི་ངོས་ནས་བཤད་ཀྱང་། ང་ཚོ་བོད་རིགས་མི་མང་རྣམས་ཀྱིས་བཙན་པོའི་གདུང་རྒྱུད་ཀྱི་སྲས་སྲས་མོ་རྣམས་ཤིན་ཏུ་རྩ་ཆེན་པོར་བརྩི་འོས་ཤིང་། དམ་པ་ལྷ་ལུགས་ཀྱི་དབང་དུ་བྱས་ན་ནི་དེ་བས་ཀྱང་རྩ་ཆེན་པོར་བརྩི་དགོས་པ་ཡིན་ཏེ། བསམ་པ་ལྷུན་གྲུབ་ལས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ནས་མ་སྟོངས་པར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ཞེས་གསུངས་པ་ལྟར།  བོད་བཙན་པོའི་གདུང་རྒྱུད་རྣམས་ནི་རྒྱལ་དབང་ཨོ་རྒྱན་ཆེན་པོའི་ཐུགས་རྗེ་དང་བྱིན་རླབས་བོད་དུ་འཇུག་པའི་བདག་རྐྱེན་ཆེ་ཤོས་ཤིག་ཀྱང་ཡིན་པའི་ཕྱིར་རོ༎

སྤྱིར་རྒྱལ་བའི་ཕྲིན་ལས་གདུལ་བྱའི་ཞིང་གང་དུ་འཇུག་མི་འཇུག་ཡུལ་དེའི་རྒྱལ་རྒྱུད་ཡོད་མེད་ལ་རག་ལས་པ་མིན་ཡང་། ༧གོང་ས་ཐམས་ཅད་མཁྱེན་པ་ཆེན་པོས། སྤངས་རྟོགས་མཐར་ཕྱིན་སྐུ་ལྔའི་བདག་ཉིད་ཀུན།། མཉམ་ཉིད་ཉེ་རིང་གཟིགས་པ་མི་མངའ་ཡང༌།། གདུལ་བྱའི་ཁམས་སོགས་རྟེན་འབྲེལ་མཐུ་བཙན་པས།། ཁྱོད་ནི་གངས་ལྗོངས་འགྲོ་བའི་མགོན་དཔུང་ཉིད།། ཅེས་གསུངས་ལྟར། བོད་འདིར་སློབ་དཔོན་རིན་པོ་ཆེའི་སྔོན་གྱི་སྨོན་ལམ་དང་། ཞལ་བཞེས་ཀྱི་ཐ་ཚིག་སོགས་རྟེན་འབྲེལ་དམིགས་བསལ་བའི་དབང་གིས།  བཙན་པོའི་གདུང་རྒྱུད་རྣམས་ནི་གུ་རུའི་བྱིན་རླབས་བོད་དུ་འཇུག་པ་ལ། ཁྱིམ་དུ་གཡང་ཆགས་སའི་གཡང་རྟེན་གྱི་ནོར་བུ་ལྟ་བུ་ཡིན་པར་མ་ཟད། བོད་སྤྱིའི་འགོ་བའི་ལྷ་དང་། ཞིང་ལྷ་དང་ཡུལ་ལྷ། ཕ་མྱེས་བརྒྱུད་སྲུང་རྣམས་ཀྱི་བླ་གནས་སའི་རྟེན་ཡང་ཡིན་ནོ༎

ད་ལྟའི་དུས་འདིར་འཛམ་གླིང་གི་རྒྱལ་རྒྱུད་ཕལ་མོ་ཆེས། རང་རང་གི་རྒྱལ་ཁབ་རྣམས་སུ་ལྷའི་ལོངས་སྤྱོད་ཀྱི་དཔལ་ལ་རོལ་བཞིན་ཡོད་ཀྱང་། ང་ཚོའི་རྒྱལ་རྒྱུད་ཀྱི་སྲས་སྲས་མོ་རྣམས་ནི་རྐང་མགོ་རྡུལ་གྱིས་གཡོགས། གདོང་པ་ཉི་མས་འཚིག་བཞིན་སྲང་ལམ་ཁག་ཏུ་དངོས་བྱུང་ལོ་རྒྱུས་ཀྱི་པར་རིས་རེ་འགྲེམ་སྤེལ་བྱས་ནས་བསྡད་རུང་། སྐུ་འཁྲིས་སུ་བལྟ་སྲུང་བྱེད་མཁན་ཞིག་ཀྱང་མེད་པས་སུ་ཡིན་ཡིན་གྱིས་འབུད་རྒྱག་བྱེད་ཆོག་ཆོག་དང་། སྦར་ཤད་བྱེད་ཆོག་ཆོག་གི་གནས་སུ་ལྷུང་ཡོད། འདི་ནི་མི་རིགས་ཤིག་རྒུད་པའི་མཐའ་ལ་ཐུག་པའི་སྐྱོ་གར་ཡིན་མོད།  ཆེས་མ་མཐར་ཡང་རང་རིགས་རྣམས་ཀྱིས་བོད་ཀྱི་བཙན་པོའི་རྒྱལ་རྒྱུད་ལ་ཆེ་མཐོང་དང་། སྲུང་སྐྱོབ་དེ་ལས་ཅུང་དྲག་ཅིག་ངེས་པར་དུ་བྱེད་དགོས་ཏེ། དཔེར་ན་ལྷ་རྒྱལ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་མཆོག་བོད་མི་མང་སྤྱི་འཐུས་སྐབས་བརྒྱད་པ་དང་། དགུ་པ། བཅུ་པ་རྣམས་སུ་༧གོང་ས་ཐམས་ཅད་མཁྱེན་པས་ཐད་བསྐོས་གནང་སྐབས། “ལྷ་རྒྱ་རི་བོད་རྗེའི་གདུང་རྒྱུད་ཡིན་པས་སྤྱི་འཐུས་སྤྱི་བྱིངས་ཀྱི་གྲྭལ་མགོར་སྡོད་དགོས་”ཞེས་བཀའ་ཕེབས་མྱོང་བ་དང་། ཕྱི་ལོ་ ༢༠༠༤ ཟླ་ ༦ ཚེས་ ༢༩ ཉིན།  བཞུགས་སྒར་ཐེག་ཆེན་ཆོས་གླིང་ཕོ་བྲང་གི་ཚོམས་ཆེན་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུར་བཞུགས་ཐོག བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལྷ་རྒྱ་རི་ཁྲི་ཆེན་(ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག)ཡུམ་སྲས་སྐུ་འཁོར། དེ་བཞིན་རྒྱལ་ཕྱི་ནང་གི་སྐུ་མགྲོན་མང་པོ་དང་བཅས་པས། ལྷ་སྲས་རྣམ་རྒྱལ་དབང་ཕྱུག་ལྷ་རྒྱ་རི་ཁྲི་ཆེན་གྱི་ཁྲིར་བཞེངས་མཛད་སྒོ་ཤིན་ཏུ་གཟབ་རྒྱས་གནང་ཡོད་པ་ལྟར། རིགས་གཅིག་པའི་སྤྱི་ཚོགས་ཀྱི་ཁྲོད། གཞན་ལས་ཅུང་ལྷག་ཙམ་ཞིག་ངེས་པར་དུ་བྱེད་དགོས་པ་ཡིན་ནོ༎

འཇིག་རྟེན་གྱི་ཐོག་བློ་གཏད་འཕེར་བའི་མྱི་རབ་གསེར་འདྲ་ཞིག་ཡིན་ན། སྤུན་མཆེད་དམ་ཡང་ན་གྲོགས་པོ་གྲོངས་ནས། ཕྲུ་གུ་རྣམས་སྐྱབས་མེད་མགོན་མེད་དུ་ལུས་སྐབས་དངོས་བརྒྱུད་གཉིས་ནས་བདག་སྐྱོང་གང་ལེགས་བྱེད་ངེས་ཡིན་པ་ལྟར། ང་ཚོས་ཀྱང་དུས་རྒྱུན་“ཆོས་རྒྱལ་བཀའ་དྲིན་ཅན་རྣམས་”ཞེས་ཁ་ནས་མ་ཎི་འདོན་འདོན་བྱེད་བཞིན་ཡོད་པས། ཆོས་རྒྱལ་རྣམས་ཀྱི་བཀའ་དྲིན་གསོ་བའི་ཆེད་དུ་ཡང་གདུང་རྒྱུད་ཀྱི་སྲས་སྲས་མོ་རྣམས་ལ་སྲི་ཞུ་དང་བྱམས་སྐྱོང་བླ་ལྷག་ཏུ་བྱེད་དགོས་ཤིང་། དེ་བས་ཀྱང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་སྙིང་ཐག་ཉེ་མཁན་རྣམས་ཀྱིས། བཙན་པོའི་གདུང་རྒྱུད་ཀྱི་སྲས་སྲས་མོ་རྣམས་ལ་སྙིང་ཐག་ཤིན་ཏུ་ཉེ་བོ་བྱེད་དགོས་པ་དང་། སྲི་ཞུ་བཀུར་སྟིའམ་ཡང་ན་བདག་སྐྱོང་གང་ཐུབ་བྱེད་དགོས་པ་ཡིན་ཞེས་དྲན་བསྐུལ་ཐེངས་གཅིག་བྱས་པ་ལགས།

དེ་བཞིན་བཙན་པོའི་གདུང་རྒྱུད་རྣམས་ཀྱིས་ཀྱང་། “ང་བཙན་པོའི་གདུང་རྒྱུད་ཡིན་པས། སློབ་དཔོན་ཐུགས་རྗེ་ཅན་ལ་གཞན་དང་མི་འདྲ་བའི་ལས་སྨོན་གྱི་འབྲེལ་བ་ཤིན་ཏུ་ཟབ་མོ་ཡོད་”སྙམ་པའི་ཡིད་ཆེས་བྱེད་དགོས་ཤིང་། ཆོས་རྒྱལ་གདུང་བརྒྱུད་མཐའ་ནས་མ་སྟོངས་པར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ཞེས་ཞལ་གྱིས་བཞེས་ཚུལ་གོང་ན་གསལ་བ་དེ་དང་། གཞན་ཡང་ལྷ་སྲས་མུ་ཁྲི་བཙན་པོས་གུང་ཐང་ལ་ཐོག་ཏུ་གུ་རུའི་ན་བཟའི་སྣེ་མོ་ལ་འཇུས་ཏེ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ མང་ཡུལ་གུང་ཐང་གངས་འགྲམ་འདིར༔ བདག་གི་བུ་རྒྱུད་གནས་བཅས་ཏེ༔ དམངས་སུ་འབེབས་ཤིང་སྡུག་བསྔལ་ན༔ བོད་ཀྱི་རྒྱལ་པོ་སྙིང་རེ་རྗེ༔ བདག་གི་བུ་རྒྱུད་སུ་ལ་རེ་ཞེས་སོགས་ཀྱི་ཞུ་བ་ཕུལ་སྐབས། གུ་རུའི་ཞལ་ནས། མང་ཡུལ་གུང་ཐང་གངས་རིའི་འདབ་འདི་རུ༔   ཉིད་ཀྱི་གདུང་རྒྱུད་ཕྱི་མར་བྱོན་པ་རྣམས༔ གདུང་རུས་མ་ནོར་ཆོས་ཀྱི་རྒྱལ་སྲིད་སྐྱོང་༔ ང་ཡིས་ཐུགས་རྗེས་རྒྱུན་ཆད་མེད་པར་གཟིགས་ཞེས་སོགས་དང་། “ལྷ་སྲས་ཉིད་བུ་འབངས་ཀྱི་དོན་དུ་ཐུགས་ཤིན་ཏུ་བརྩེ་བས༔ ངས་རྒྱལ་པོའི་གདུང་རྒྱུད་རྣམས་ལ་དུས་སྙིགས་མའི་མཐར་ཐུག་པའི་བར་དུ་བྱིན་རླབས་ཐུགས་རྗེས་སྐྱོབ་ཀྱི༔”   ཞེས་སོགས་གསུངས་པ་རྣམས་ཐུགས་ལ་བཞག་ནས། ལྷ་གཅིག་ཆོག་ཨོ་རྒྱན་པད་འབྱུང་དང་༎ ཆོས་གཅིག་ཆོག་བཛྲ་གུ་རུ་ལ་ཐུགས་དམ་བྱས་ཏེ། དུས་རྒྱུན་ལེའུ་བདུན་མ་དང་ཚིག་བདུན་གསོལ་འདེབས་སོགས་ཀྱི་ཞལ་འདོན་ཇི་ནུས་དང་། གུང་ཐང་ལ་ཁར་རྒྱལ་པོའི་གདུང་རྒྱུད་ལ་དམིགས་བསལ་དུ་གདམས་པའི་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་སོགས་ལ་ཉམས་བཞེས་གང་ཐུབ་རེ་བགྱིས་ན། ཆོས་རྒྱལ་གདུང་རྒྱུད་ཀྱི་གཟི་དཔལ་སླར་ཡང་འཇིག་རྟེན་ན་ངོམ་ཆོག་པའི་གོ་སྐབས་ཡོད་ངེས་ཤིང་། གཅིག་བྱས་ན་བོད་ཆོས་ལྡན་ཞིང་གི་རྒྱལ་རྒྱུད་རྣམས། མ་འོངས་པར་འཛམ་གླིང་སྤྱིའི་དབུ་ཁྲིད་བྱེད་པའི་སྐལ་བ་ཡང་ཤར་མི་སྲིད་པ་མིན་པས། དེ་ལུགས་ཀྱི་ཐུགས་བསྐྱེད་རླབས་པོ་ཆེ་རེ་ཐུགས་ལ་བསྣམས་རོགས་ཞེས་ཞུ་བ་ལགས།

ཕྲན་རང་ལ་མཚོན་ན་ཡང་། བོད་པ་ནང་ཁུལ་གྱི་ཆོས་ལུགས་དང་ཆབ་སྲིད་ཀྱི་རྩོད་གླེང་དག་གི་ཆ་ཤས་རྡོག་གཅིག་ཙམ་ཡང་ལེན་མྱོང་མེད་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་ཡང་། བོད་སྤྱིའི་བདེ་སྡུག་དང་གནས་བབས་ཀྱི་ཐོག་ལ་ཞེན་ཆགས་མེ་ལྟར་འབར་བ་ཞིག་ཡིན་སྟབས། བོད་ཀྱི་མི་ཡི་མི་གཡང་དང་། ས་ཡི་རྟེན་ཕུར་དུ་གྱུར་པའི་བཙན་པོའི་གདུང་རྒྱུད་རྣམས་ཀྱི་སྐྱིད་སྡུག་དང་འབྲེལ་བའི་གཏམ་འདི་ཙམ་ཁ་ནས་ཤོར་བ་ལགས་ཤིང་། གཏམ་འདི་ལ་ཕན་ནུས་ཅུང་ཙམ་ཡོང་བ་ཡང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། བོད་ཀྱི་ཕ་མྱེས་རྒྱུད་སྲུང་རྣམས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ་ལོ༎ ཞེས་སངས་རྒྱས་པདྨའི་འབངས་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་ཕྱི་ལོ་ ༢༠༡༧ ཟླ་ ༡༠ པའི་ཚེས་ ༡༠ ལ་བྲིས། བཀྲ་ཤིས་ཞལ་གྲོ། ༎

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༠ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 9

  1. དམུ་རྒོད། says:
    ལོ་ 9 སྔོན།

    རྩོམ་ཡིག་གནད་ལ་འཁེལ་པ་ཞིག་བྲིས་འདུག

    Reply
  2. པ་སངས་ལྟར་དཀར། says:
    ལོ་ 9 སྔོན།

    སྤྱིར་བཙན་པོའི་གདུང་རྒྱུད་ལ་གོ་མིང་བདག་རྐྱེན་སྦྱོར་བའི་དུས་ཚོད་རྫོགས་ཟིན་པ་དང་། མི་རྣམས་ཀྱིས་ཀྱང་གདུང་རྒྱུད་ཡིན་པ་ཙམ་ལ་བརྩི་བཀུར་ཆེ་མཐོང་མི་གནང་བའི་དུས་ཚོད་ཤར་ཟིན་པ་བཅས་ནི་ད་ལྟའི་དངོས་ཡོད་གནས་ཚུལ་ཡིན། མགོ་ལོག་གི་འཇིགས་མེད་བློ་གྲོས་ཟེར་པ་དེས་རྐྱེན་རྒྱ་མོ་ཇམ་ཙེ་མར་བྱས་ཏེ། བསམ་བཏང་དྲན་སྐྱེད་ཀྱི་ཡི་གེ་ཞིག་བྲིས་འདུག་ཀྱང་། ལོ་རྒྱུས་རང་ངོས་ནས། ཡུམ་བརྟན་དང་འོད་སྲུང་གཉིས་ལས་གཅིག་ནི་བཙན་པོའི་གདུང་རྒྱུད་མིན་པ་ལོ་རྒྱུས་རྩེ་མཐུན་ཀུན་མཐུན་སྣང་དུ་གྲུབ་པས། ཡུམ་བརྟན་གྱི་རྒྱུད་དང་འོད་སྲུང་གི་རྒྱུད་གང་དང་གང་དུ་དར་ཡོད་མེད་དེ་ཤེས་གསལ་རེད། དེའི་ཆ་ནས་དེའི་སྐོར་ལ་ཅང་བརྗོད་འདོད་ཀྱི་དང་ག་མི་འདུག

    གཙོ་བོ་གང་ཟག་ཅིག་དང་འབྲེལ་ཏེ། དེ་ཡང་རྣམ་རྒྱལ་སྒྲོལ་དཀར། ལྷ་རྒྱ་རིའི་མིང་བེད་སྤྱོད་གཏོང་མཁན་དང་འབྲེལ་ཏེ་རྩོམ་འདི་བྲིས་པ་ཡིན་ཙང་། དེ་དང་འབྲེལ་ནས་ཞུས་ན། དབུས་གཙང་པ་ཕལ་མོ་ཆེས་རྣམ་རྒྱལ་སྒྲོལ་དཀར་ལྷ་རྒྱ་རིའི་སྲས་མོ་ལྟ་ཞོག ཕུན་ཚོགས་སྒྲོལ་དཀར་ཡང་ཟུར་བསྟེན་ཙམ་དང་། ཡང་ན་ནང་གི་གཡོག་མོ་ཙམ་ལས། བདག་མོ་ངོ་མར་ངོས་ལེན་མི་བྱེད་པ་དེ། ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་བདག་མོ་རྣམས་ལ་འཛོམས་པའི་སྤྱོད་པ་དེ་མེད་པས་ལན་པ་ནི་གསལ་བོ་རེད། དེང་སང་ཁུངས་ལྡན་གནས་ཚུལ་ལྟར་ན་ཡང་། བུ་དེ་དང་དེ། བུ་མོ་དེ་དང་དེ། དྲུང་ཆེ་དེའི་ཨ་བ་རེད། ཁྲི་ཆེན་གྱི་སྲས་མ་རེད་གདའ། སྲས་མོ་མ་རེད་གདའ། ཞེས་ཡོངས་གྲགས་ཙམ་མིན་པར། མི་དངོས་སུ་འབོད་རྒྱུ་དང་སྟོན་རྒྱུ་ཡོད་པ་དེ་ག་རེད། དེའི་ཆ་ནས་བདག་མོ་ཚད་ལྡན་དུ་ངོས་བཞེས་མེད་དོན་དེ་རེད།

    དེ་ནས་རྣམ་རྒྱལ་སྒྲོལ་དཀར་སྒྲོལ་དཀར་ལྟ་བུར་མཚོན་ན། གཤིས་ཀ སྐྱེས་གཟུགས། སྤྱོད་པ། གང་ཅིར་ཁྲི་ཆེན་གྱི་དྲི་ཙམ་མེད་པ་མ་ཟད། ཕུན་ཚོགས་སྒྲོལ་དཀར་དང་དེའི་རྨོ་རྨོ་སོགས་འགོས་ཚར་འདུག་ཅེས་དབུས་གཙང་པ་རྣམས་རྒྱ་ཁ་གཅིག་མཐུན་དུ་སྨྲ།

    Reply
  3. ཨ་མའི་བུ། says:
    ལོ་ 9 སྔོན།

    བཙན་པོའི་གདུང་རྒྱུད་རྣམས་ལ་བརྩི་བཀུར་དང་ཆེ་མཐོང་དགོས་ཚུལ་གྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད་ཀྱང་། རྡ་རམ་ས་ལའི་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལྟ་བུ་དོན་དངོས་ཐོག་བཙན་པོའི་གདུང་རྒྱུད་ཡིན་མིན་ལ་དོགས་པ་ཆེན་པོ་ཡོད། སྤྲུལ་སྐུ་དྲགས་པ་རྒྱལ་མཚན་ཡང་ཁོང་གི་ཨ་མ་ཨ་ལ་རྒྱལ་གྱི་འཁྲུལ་ལ་བརྟེན་ནས་པན་ཆེན་བསོད་གྲགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཅི་ཡོང་བྱས་པ་དང་། རྗེས་སུ་སྨོན་ལམ་ལོག་པའི་དོལ་རྒྱལ་འགོང་པོ་རུ་སྐྱེས་པ་ལྟ་བུ་རེད། དེ་ལས་ཀྱང་ཚབས་ཆེན་ཞིག་ལ་རྣམ་རྒྱལ་སྒྲོལ་དཀར་ནི་རྒྱ་གར་གྱི་མི་སེར་རེད་ལ། མོ་དང་བློ་བཟང་དབང་རྒྱལ་གཉིས་ཀྱིས་ཁོང་གཉིས་རྒྱ་གར་མི་སེར་ཆགས་པ་དེ་གཟི་བརྗིད་དུ་བརྩིས་ནས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་ཀྱང་ཤུགས་ཆེན་པོ་བྱས་པ་རེད། དེ་ལ་བརྟེན་ནས་ད་སྐབས་རྒྱ་གར་གཞུང་གིས་བོད་མི་ཚོར་སྐྱབས་བཅོལ་གྱི་ཐོབ་ཁང་ས་ཁང་དང་ཞིང་ས་ཅི་དགོས་སྤྲད་དེ་རང་དབང་སླར་གསོ་བྱེད་རྒྱུར་མཐུན་རྐྱེན་སྤྲད་ཡོད་ཀྱང་ད་དུང་རང་ཁེ་ཁོ་ནའི་དགོས་མཁོ་ལ་བརྟེན་ནས་བྱེད་སྟངས་དེར་འདོད་བབ་མ་བྱུང་བར། ད་ལོ་ནས་རྒྱ་གར་གཞུང་གིས་སྐྱབས་བཅོལ་བོད་མི་ཚོར་དམ་དྲགས་བྱེད་དགོས་ཐུག་པ་རེད། དེ་ཚོ་བཙན་པོའི་གདུང་རྒྱུད་ཅིག་གིས་གནང་སྲིད་ཀྱི་མ་རེད། བྱས་ཙང་དོགས་པ་ཡོད།

    Reply
  4. བསམ་དཀར། says:
    ལོ་ 9 སྔོན།

    ཧ་ཅང་ལེགས་པའི་རྩོམ་མོ།།

    Reply
  5. jampa says:
    ལོ་ 9 སྔོན།

    2017 10 10 ཉིན་སྐལ་ལྡན་བློ་གྲོས་ནས་མདོ་འཛིན་པ་བྱས་ནས་བེ་རི་དཔལ་ལྡན་རྣམ་རྒྱལ་དང་ལྷན་དུ་བོད་ཀྱི་བརྡ་སྤྲོད་པའི་རིག་པ་ལ་མ་འདངས་པའི་བསྒྲོ་གླེང་བྱས་པ་དེ་ཁྱེད་རང་གཉིས་བཤད་མཁན་ངོ་མ་ཚ་ན་ང་ཚོ་ཉན་མཁན་ངོ་ཚ་གི་འདུག གནད་དོན་གང་ཞིག་ལ་མདོ་འཛིན་པ་བྱེད་འདོད་ན་གནད་དེ་ངེས་པར་དུ་ཤེས་དགོས་གནད་དོན་དེ་མ་ཤེས་ན་དེ་ལ་མདོ་འཛིན་པའི་མཚན་ཉིད་ཚང་མེད། བོད་ཀྱི་བརྡ་སྤྲོད་རིག་པ་ལ་བརྗོད་པ་མེད་ཟེར་བ་དེ་དངོས་གནས་བོད་ཀྱི་བརྡ་སྤྲོད་མ་ཤེས་པའི་རྟགས་རེད། བོད་སྐད་ལས་དབྱིན་སྐད་བྱ་ཚིགས་མང་ཟེར་བ་དེ་དངོས་གནས་ངོ་རེ་ཚ། དབྱིན་སྐད་དུ་བྱ་ཚིགས་དཔེར་ན། take gete འདི་གཉིས་ལ་མཚོན་ན། བྱ་ཚིགས་བརྒྱ་ཕྲག་མང་པོ་ལ་འདི་གཉིས་ཁོ་ན་ལས་གཞན་མེད། སྐལ་ལྡན་བློ་གྲོས་ནས་མདོ་འཛིན་པ་བྱས་ནས་བོད་ཀྱི་སྐད་ཡིག་ལ་མ་འདངས་པ་དང་ཆ་མ་ཚང་བའི་སྨ་འབེབས་དང་མཐོང་ཆུང་ཁོ་ནས་ལས་མི་འདུག ཁག་མེད་ཁྱེད་རང་གི་མ་ཤེས་པ་ལོས་ཡིན། མ་གུས་པ་ཡིན་དོག་མེད།

    ཁྱེད་རང་གཉིས་ནས་ངོ་སྤྲོད་གནང་བའི་དེབ་དབྱིན་བོད་བརྡོ་སྤྲོད་ཞིབ་བསྡུར། ཟེར་བའི་དེབ་དེ་ནི་བེ་རི་དཔལ་ལྡན་རྣམ་རྒྱལ་ལགས་ནས་བརྐུ་བཤུ་བྱས་པའི་དེབ་རེད། དེའང་གདོང་སྤྲུལ་ནས་མཛད་པའི། དེང་དུས་དང་མཐུན་པའི་དབྱིན་སྐད་ཀྱི་སྒྲ་གཞུང་རིག་ལམ་གསལ་བའི་སྒྲོན་མེ་ཞེས་བྱ་བ་ལས། བརྐུ་བཤུ་བྱས་པ་གསལ་པོ་ངོ་འཕྲོད་ཐུབ།

    Reply
  6. བསྟན་འཛིན says:
    ལོ་ 9 སྔོན།

    ཡག་པོ་བྲིས་འདུག་་ཐུགས་རྗེ་ཆེ།

    Reply
  7. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 9 སྔོན།

    གདོན་མའི་སྤྱི་ཚོགས་་མི་གྲལ་ལ་འཇུག་མཁན་རྒྱལ་པོའི་རིང་ལུགས་དེང་སྐབས་འཛམ་གླིང་ནང་འཇུག་བསྡུས་ནས་མང་གཙོའི་ལམ་སྲོལ་ནང་འཛམ་གླིང་མི་མང་ཁ་ཕྱོགས་ནས་དེ་སྔའི་རྒྱལ་པོའི་ཕོ་བྲང་དང་སྐུ་རྒྱུ་སོགས་ལ་གཞུང་གི་བདག་ཉར་གྱིས་ཡུལ་འཁོར་སྤྲོ་འཆམས་ཆེད་གཅེས་ཉར་དང་རྒྱལ་པོའི་ནང་འཁོར་རིགས་བརྒྱུད་སོགས་ལ་གཞུང་གི་ཆེ་མཐོང་གུས་བརྩི་ཞུས་ནས་བཞུགས་གནས་དང་གསོལ་ཕོགས་ཕུལ་བ་སྐུ་སྲུང་འཇོག་པ་སོགས་དེང་སྐབས་འཛམ་གླིང་གི་ཤར་ནུབལུང་པ་མང་པོའི་ནང་ང་ཚོའི་མཐོང་ལམ་དུ་ཡོད་པ་ནས་ཤེས་ཐུབ་པ་དང་བོད་མི་རིགས་ལ་བསམ་ན་ཆོས་རྒྱལ་མི་དབོན་རྣམས་གསུམ་བཀྲིན་ཤིན་ཏུ་ཆེན་པོ་ཡིན་པ་ལྟར་ང་ཚོ་བོད་མི་མཆོག་དམན་ཀུན་གྱི་ཁ་ནས་ཆོས་རྒྱལ་མི་དབོན་རྣམ་གསུམ་ཞེས་དུས་རྟག་ཏུ་འབོད་པ་བཞིན་ཆོས་རྒྱལ་གྱི་གདུང་བརྒྱུད་ལ་ང་ཚོའི་ཆེ་མཐོང་ཞུ་དགོས་པ་དེ་འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོ་བོད་མི་མང་སྤྱི་འཐུས་ཀྱི་ཐུགས་འགན་གྱི་ཆ་ཤས་ཞིག་མིན་པ་ཡིན་ནམ་?

    Reply
  8. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 9 སྔོན།

    ཆོས་སྲིད་བཟུང་དུ་སྦྲེལ་བ་མེས་དབོན་སྲོལ་།
    སྲོལ་བཟང་རྒྱུད་ནས་བོད་ཀྱི་བསྟན་སྲིད་དར་།
    དར་བ་ཡུན་དུ་མ་གནས་བོད་མིའི་ལས་།
    ལས་ངན་བསགས་པའི་འབྲས་བུ་དུས་སུ་སྨིན་།

    Reply
  9. Tashi says:
    ལོ་ 9 སྔོན།

    ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese