ཧོང་ཀོང་ཁྲིམས་སྐྱོང་རང་དབང་ལ་ཉེན་ཁ་ཡོང་གི་འདུག

རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཁས་ལེན་རྩིས་མེད་བཏང་སྟེ་ཧོང་ཀོང་གི་ཁྲིམས་སྐྱོང་རང་དབང་ལ་དམ་དྲག་ཤུགས་ཆེ་རུ་འགྲོ་བཞིན་པར་སྐྱོན་བརྗོད་བྱས་འདུག

དེ་རིང་རོའོ་ཊིར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དབྱིན་ཇིའི་ཁྲིམས་ཀྱི་རིག་བདག་ཟུར་བ་སྐུ་ཞབས་ཆར་ལི་སི་ཧྥལ་ཁོ་ནིར་(Charles Falconer)ལགས་ཚུད་པའི་རྒྱལ་སྤྱིའི་ཁྲིམས་རྩོད་པ་༡༢ ཡིས། རྒྱ་ནག་གི་དམ་དྲག་དང་ཐེ་གཏོགས་འོག་ཧོང་ཀོང་གྲོང་ཁྱེར་ཁྲིམས་སྐྱོང་རང་དབང་ལ་ཉེན་ཁ་ཆེན་པོ་སླེབས་བཞིན་པའི་སྐོར་ལ་ཡོངས་ཁྱབ་ཡི་གེ་ཞིག་བཏང་ཡོད་འདུག

ཁྲིམས་རྩོད་པ་ཚོས། ཕྱི་ལོ་༢༠༡༤ ལོར་ཧོང་ཀོང་ནང་དུ་དམངས་གཙོའི་ལས་འགུལ་ཆེན་མོ་བྱུང་ཡོད་པ་དང་། ཉེ་སྔོན་ཧོང་ཀོང་དམངས་གཙོའི་ལས་འགུལ་གྱི་སྣེ་འཁྲིད་པ་གསུམ་བཙོན་དུ་བཅུག་པ། དམངས་གཙོའི་ལས་འགུལ་བ་མང་པོ་ཞིག་ལ་ཉེས་ཆད་གཅོད་བཞིན་པ་དེས་ཧོང་ཀོང་གྲོང་ཁྱེར་ཁྲིམས་སྐྱོང་རང་དབང་ལ་ཉེན་ཁ་ཆེན་པོ་སླེབས་བཞིན་པ་གསལ་པོ་མཚོན་ཡོད་ལ། ཕྱི་ལོ་༢༠༡༤ ལོའི་ཧོང་ཀོང་དམངས་གཙོའི་ལས་འགུལ་ནི་འཛམ་གླིང་ནང་ད་ལྟ་བར་བྱུང་མ་མྱོང་བའི་ཞི་བའི་ལས་འགུལ་ཚད་མཐོ་ཤོས་ཤིག་ཡིན་སྐོར་བརྗོད་འདུག

ཁྲིམས་རྩོད་པ་ཞིག་གིས་རང་དབང་ཁྲིམས་སྐྱོང་ནི་ཧོང་ཀོང་གི་ཀ་བ་ལྟ་བུ་ཞིག་ཡིན་མོད། ཧོང་ཀོང་ཁྲིམས་སྐྱོང་རང་དབང་དང་གཞི་རྩའི་རང་དབང་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་ལྟ་གྲུབ་ཀྱི་སྙིང་བོ་ཆགས་ཀྱི་ཡོད་ན་ཡང་། རྒྱ་ནག་དམར་ཕྱོགས་གཞུང་གི་གཡོ་ཇུས་དང་ཐེ་གཏོགས་འོག་གནས་སྟངས་དེར་ཉེན་ཁ་སླེབས་བཞིན་འདུག ཅེས་བརྗོད་འདུག

དུས་སྐབས་ཤིག་ལ་ཧོང་ཀོང་ནང་དུ་ཁྲིམས་སྐྱོང་རང་དབང་དང་འགྲོ་འདུག་རང་དབང་སོགས་ལ་ཐེ་གཏོགས་དང་བཀག་འགོག་མེད་པར་ཅུང་ཙམ་གུ་ཡངས་བྱུང་ཡོད་པ་དང་། ཕྱི་ལོ་༡༩༨༩ ལོའི་གནམ་སྡེའི་སྒོ་མོ་ཆེའི་དམངས་གཙོའི་ལས་འགུལ་གྱི་སྣེ་འཁྲིད་པ་ཚོ་དང་། སྐབས་དེའི་རང་དབང་ལྷ་མོའི་སྐུ་བརྙན་བཟོ་སྐྲུན་པ་སོགས་དུས་ཐུང་ནང་ཧོང་ཀོང་དུ་ལྟ་སྐོར་ལ་འགྲོ་བཅུག་ཡོད་ཀྱང་། ཉེ་སྔོན་ནས་ཧོང་ཀོང་ནང་ཕྱི་མི་ཡོང་རྒྱུར་བཀག་འགོག་དང་དམ་དྲག་བྱེད་བཞིན་ཡོད་པ་དང་། དབྱིན་ཇིའི་རང་དབང་ལས་འགུལ་བ་སྐུ་ཞབས་བྷི་ནི་ཌིག་ཊི་རོ་གྷིར་སི་(Benedict Rogers)ཡིས། ཧོང་ཀོང་རང་དབང་སྙན་ཐོའི་ཐད་རྒྱ་ནག་ལ་སྐྱོན་བརྗོད་བྱས་པར་བརྟེན། ཁོང་ཧོང་ཀོང་གྲོང་ཁྱེར་ཁུལ་དུ་འགྲོ་འོང་མི་ཆོག་པ་བཟོས་ཡོད་པ་རེད།

ཕྱི་ལོ་༡༩༩༧ ལོར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཆེས་མཐོའི་རང་སྲིད་རང་སྐྱོང་བྱེད་པའི་ཁས་ལེན་འོག དབྱིན་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲད་ཡོད་ཀྱང་། ད་ལྟ་ཧོང་ཀོང་གི་ཁྲིམས་སྐྱོང་རང་དབང་ལ་ཉིན་རེ་བཞིན་དམ་དྲག་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༡༠/༡༦

Leave a Reply

One thought on “ཧོང་ཀོང་ཁྲིམས་སྐྱོང་རང་དབང་ལ་ཉེན་ཁ་ཡོང་གི་འདུག

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    བྱམས་པོ་བྱས་ན་དགྲ་ཡང་གཉེན་ལ་འགྲོ། རྩུབ་ཚོད་མ་ཟིན་བུ་ཡང་ཞེན་པ་ལོག ། ཧ ཧ ཧ