སློབ་གསོ་ནི་འཛམ་གླིང་འདིར་ཞི་བདེ་བསྐྲུན་ཐབས་གཙོ་བོ་ཞིག་ཡིན།

༧གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་དང་པོའི་ཚེས་ ༥ ནས་ ༧ དང་། ཚེས་ ༡༤ ནས ༡༦ བར་བཅས་སུ་གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་སོགས་ཀྱི་གསུང་ཆོས་གནང་རྒྱུ་ཡིན་འདུག

ཁ་སང་རྒྱ་གར་ཨུ་ཊར་མངའ་སྡེའི་གྲོང་ཁྱེར་མཱེ་རོ་ཊིར་རྟེན་གཞི་བྱས་པའི་ཨ་ཡོར་གྷན་(AyurGyan)ཐེབས་རྩ་ཚོགས་པ་དང་(DAV)སློ་གྲྭ་གཉིས་ཀྱི་གོ་སྒྲིག་འོག  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་སློབ་གྲྭ་ཁག་དགུ་ཡི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་དེབ་དབུ་འབྱེད་གནང་ཡོད་པ་དང་། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༧གོང་ས་མཆོག་གི་དབུས་པའི་རྒྱ་གར་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་དང་། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་གཙོས་རྒྱ་གར་གྱི་སློབ་དཔོན་དང་མཁས་དབང་། ཨ་ཡོར་གྷན་(AyurGyan)ཐེབས་རྩ་ཁང་གི་གཙོ་འཛིན་རྣམ་པ་དང་དགེ་ལས་སློབ་ཕྲུག་སོགས་མི་གྲངས་ ༡༥༠༠ བརྒལ་བར་འཛོམས་ཡོད་འདུག

དཔེ་དེབ་དབུ་འབྱེད་སྐབས་༧གོང་ས་མཆོག་གིས། དེ་རིང་གྲོང་ཁྱེར་མཱེ་རོ་ཊིའི་(AyurGyan)ཐེབས་རྩ་ཚོགས་པ་དང་། ཤེས་ཡོན་བསྟི་གནས་ཁང་ཁག་ཅིག་མཉམ་འབྲེལ་གྱིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་དེབ་དབུ་འབྱེད་བྱས་པར་ང་རང་དགའ་པོ་བྱུང་སོང་ལ། སློབ་དེབ་གསར་པ་འདིའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་གྱི་སློབ་གྲྭ་ཁག་གཙོས་པའི་ཉེ་འཁོར་སྤྱི་ཚོགས་ཁོ་ན་ཙམ་མ་ཡིན་པར་འགྲོ་བ་མི་ཐེར་འབུམ་བདུན་གྱི་བདེ་སྐྱིད་ལ་དམིགས་དགོས་པ་གལ་ཆེན་ཆགས་ཡོད་པ་དང་། དུས་རབས་ ༢༠ པ་དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཡོད་ཀྱང་། འདིར་ཡོད་སློབ་ཕྲུག་ཚོ་དུས་རབས་ ༢༡ པའི་མི་རབས་ཤ་སྟག་ཡིན་སྟབས། དུས་རབས་འདི་སྔར་ལས་ལྷག་གི་བདེ་སྐྱིད་དང་ལྡན་པ་ཞིག་ཏུ་བསྐྲུན་པར་ཁྱེད་རང་ཚོར་གོ་སྐབས་དང་། འགན་འཁྲི་དམིགས་བསལ་ཡོད། སྤྱིར་སློབ་གསོ་ནི་འཛམ་གླིང་འདིར་ཞི་བདེ་དང་། བདེ་སྐྱིད་བསྐྲུན་པའི་ཐབས་ལམ་གཙོ་བོ་ཞིག་ཡིན།  ཞེས་གསུངས་འདུག

ཡང་༧གོང་ས་མཆོག་གིས་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། འདས་ཟིན་པའི་ལོ་ཟླའི་དམག་འཁྲུག་ཁྲོད། མི་གྲངས་ས་ཡ་ ༢༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དམག་འཁྲུག་གི་རྗེས་སུ་ད་དུང་ཡང་མི་རབས་མང་པོ་ཞིག་དཀའ་སྡུག་ནང་ལྷུང་གི་ཡོད་སྟབས། མ་འོངས་པར་དམག་འཁྲུག་དེ་འདྲ་མི་འབྱུང་བར་ང་ཚོས་ད་ལྟ་ནས་འགན་འཁུར་དགོས་ཡོད་ལ། རྒྱ་གར་ལ་མཚོན་ནའང་ལོ་ངོ་སུམ་སྟོང་ལྷག་གི་རིག་གཞུང་ཡོད་སྟབས། ང་ཚོས་ཕྱིའི་དངོས་པོའི་ཡར་རྒྱས་དང་། ནང་སེམས་ཀྱི་ཞི་བདེ་གཉིས་ཟུང་འབྲེལ་བྱས་པ་ཡིན་ན། དེ་ནི་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་ཏུ་བསྒྱུར་ཐུབ་པའི་ནུས་པ་དམིགས་བསལ་བ་ཞིག་ཡིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།  ཅེས་གསུངས་འདུག

དྲི་བ་དྲིས་ལན་གྱི་སྐབས་སུ་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པའི་སྐོར་ནས་བཀའ་འདྲི་ཞིག་ཞུས་པར་ཁོང་གིས། རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པའི་རྐྱེན་གྱིས་མི་ཚོས་བོད་ཀྱི་འཐབ་རྩོད་སྐོར་ལ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཉེ་སྔོན་རྒྱ་ནག་ནང་བོད་དོན་ལ་རྒྱབ་སྐྱོར་དང་། བོད་ཀྱི་སྲོལ་རྒྱུན་རིག་གཞུང་སྲུང་སྐྱོབ་དགོས་པའི་སྐོར་ལ་རྩོམ་ཡིག་སྟོང་ཕྲག་བརྒལ་བ་བྲིས་ཡོད་སྐོར་གསུངས་པ་དང་འབྲེལ།  ང་བོད་ཀྱི་༧ཏཱ་ལའི་བླ་མ་ཡིན་པ་ལས་རྒྱ་ནག་གི་མིན་སྟབས། ངས་མུ་མཐུད་རང་དབང་ཅན་གྱི་བོད་པའི་མགྲིན་ཚབ་པ་ཞིག་བྱས་ཏེ་ང་རང་གི་བསམ་བློའི་ནང་གི་སྐད་ཆ་བཤད་ཀྱི་ཡིན།  ཞེས་གསུངས་འདུག

རྒྱ་གར་གྱི་(FIRSTPOST)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་༧གོང་ས་མཆོག་རྒྱ་གར་བྱང་ཤར་མངའ་སྡེ་མཱ་ནེ་པཱོར་(Manipur)གྱི་རྒྱལ་ས་ཨིམ་ཧྥལ་(Imphal)ནང་སང་ཉིན་འཚོགས་རྒྱུ་ཡིན་པའི་རྒྱལ་སྤྱིའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག

སྐུ་སྒེར་དྲ་བའི་མཛད་འཆར་ལྟར་ན། ཟླ་རྗེས་མའི་ཕྱི་ཚེས་ ༤ ཉིན་དྷ་རམ་ས་ལའི་གཞུང་འབྲེལ་མཐོ་སློབ་བྷག་ཊི་ཝི་ཌན་ཊ་(Bhaktivedanta)ཞེས་པས་གདན་ཞུ་གསོལ་འདེབས་ཞུས་པ་ལྟར།  སློབ་གྲྭ་དེར་ཚན་རིག་དང་ཆོས། འཛམ་གླིང་ཞི་བདེ་ཞེས་པའི་ཚོགས་ཆེན་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་དང་། དེ་བཞིན། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡ ཚེས་ ༥ ནས་ ༧ བར་ཉིན་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འཁོར་བསྐོར་བའི་མདོ་དང་ས་ལུ་ལྗང་བུའི་མདོའི་གསུང་ཆོས་དང་། དེའི་རྗེས་ཕྱི་ཚེས་ ༡༤ ནས ༡༦ བར་ཉིན་གསུམ་རིང་རྡོ་རྗེ་གདན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་གནང་རྒྱུ་ཡིན་འདུག

གསར་འགོད་པ།  སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༡༨

Leave a Reply

2 thoughts on “སློབ་གསོ་ནི་འཛམ་གླིང་འདིར་ཞི་བདེ་བསྐྲུན་ཐབས་གཙོ་བོ་ཞིག་ཡིན།

  1. སྲས་སྐུ་ངོ་།

    སྲིད་དབང་སྒེར་གཅོད་རིང་ལུགས་ཟེར་ན་རང་ཤེས་རང་འཇོན་གྱི་གནད་དོན་ཐོག་ནས་ཡོང་གི་ཡོད།

  2. དུས་བབ་འདིར་ཡིག་ནོར་དང་དོན་ནོར་བསམ་པ་དཀར་པོས་བཅོས་ཀྱང་བསྐྱར་བཅོས་ཀྱི་གོམས་གཤིས་མི་འདུག གང་ལྟར་ས་ལུ་ལྗང་བུ་ནི་མདོ་ཞིག་གི་མིང་རེད། མཛད་པ་པོའི་མིང་མ་རེད་ཞུའོ།།