ཚོཊ་ཆེན་སྐབས་བོད་ཁུལ་དུ་འགྲོ་ན་ཟིང་ཆ་མི་སློང་བའི་ཁག་ཐེག་དགོས།

ཚོགས་ཆེན་སྐབས་བོད་ཁུལ་དུ་ཕྱིའི་ཡུལ་སྐོར་བ་འགྲོ་སྐྱོད་མི་ཆོག་གལ་སྲིད་ངེས་པར་དུ་འགྲོ་དགོས་ན་ཟིང་ཆ་མི་སློང་བའི་ཁག་ཐེག་སྙན་ཞུ་འབུལ་དགོས་ཟེར།

དེ་རིང་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་༡༩ པའི་ཉིན་གཉིས་པ་ཡིན་ལ། ཚོགས་འདུའི་དུས་ཡུན་ཧྲིལ་པོར་བོད་ཁུལ་གྱི་ས་ཆ་གང་སར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ས་ཁུལ་སོ་སོ་དང་ལྷག་པར་དུ་ཆབ་སྲིད་ཀྱི་ཚོར་ཤུགས་ཆེ་བའི་ས་གནས་ཁག་ཏུ་ལྟ་སྲུང་བ་དང་བདེ་འཇགས་སྲུང་སྐྱོབ་པ་ཟེར་བ་ཇེ་མང་དུ་བཏང་ཡོད་འདུག རྒྱ་ནག་ལ་ལྟ་བ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཚོགས་ཆེན་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་གཙོས་བོད་ཁུལ་གྱི་ཡུལ་སྐོར་བ་འགྲོ་སྐྱོད་ཆེ་བའི་ས་གནས་ཁག་ཏུ་ཕྱིའི་ཡུལ་སྐོར་བ་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། མདོ་སྟོད་སྨད་ནས་ལྷ་སར་གནས་མཇལ་དུ་འགྲོ་མཁན་ཚོར་བཀག་འགོག་བྱེད་བཞིན་ཡོད་འདུག

གལ་སྲིད་ཕྱིའི་ཡུལ་སྐོར་བ་ཚོ་བོད་ཁུལ་དུ་འགྲོ་དགོས་བྱུང་ཚེ།  བོད་ནང་ཟིང་ཆ་སོགས་ཀྱི་རིགས་གང་ཡང་མི་སློང་བ་ཁག་ཐེག་བྱས་ཏེ། བོད་ཀྱི་ས་གནས་གང་དུ་འགྲོ་དགོས་པ་སོགས་ཀྱི་གནས་ཚུལ་རྒྱ་ནག་གཞུང་ལ་སྙན་ཞུ་སྤྲོད་དགོས་ཀྱི་ཡོད་འདུག དེ་ཡང་རྒྱ་ནག་གཞུང་གཉེར་ཡུལ་སྐོར་དྲ་བའི་ཐོག  ཐེ་ཝན་ནས་ཡོང་མཁན་ཚོ་བོད་ནང་འགྲོ་དགོས་བྱུང་ན། རྒྱ་ནག་གཞུང་ལ་སྙན་ཞུ་ཡི་གེ་ངེས་པར་དུ་སྤྲོད་དགོས་པ་མ་ཟད། གཞུང་འབྲེལ་ཡུལ་སྐོར་སྣེ་ཤན་པའི་ལམ་འཁྲིད་འོག་འགྲོ་དགོས་པ་ལས་གཅིག་པུར་གང་བྱུང་དུ་སོང་མི་ཆོག་པའི་བརྡ་ཁྱབ་སྤེལ་འདུག

རྒྱ་ནག་ལ་ལྟ་བ་ཞེས་པའི་གནས་ཚུལ་ལྟར་ན། ལྷ་ས་གཙོས་བོད་ཁུལ་གྱི་ཡུལ་སྐོར་བའི་མགྲོན་ཁང་ཆེན་མོ་མང་ཆེ་བ་སྒོ་བརྒྱབས་ཏུ་བཅུག་ཡོད་པ་དང་། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཧྲིན་ཀྲིན་དང་ཀོང་ཏུང་སོགས་ཀྱི་ནང་གྲངས་ཉུང་མི་རིགས་ཚོར་མགྲོན་ཁང་གླ་མི་ཆོག་པ་དང་། གལ་སྲིད་ཡུ་གུར་བ་ཚོར་མགྲོན་ཁང་གླས་བ་ཡིན་ན་མགྲོན་བདག་གིས་ཉེས་ཆད་རྒྱ་སྒོར་༡༥༠༠༠ སྤྲོད་དགོས་ཀྱི་ཡོད་འདུག

གཞན་ཡང་། ཐེངས་འདིིའི་ཚོགས་ཆེན་ཧྲིལ་པོར་པེ་ཅིན་གྲོང་ཁྱེར་གྱི་གཞུང་གཉེར་ཟ་ཁང་ཁག་ཕུད་པའི་སྒེར་གཉེར་ཟ་ཁང་དང་ཚོང་ཁང་མང་ཆེ་བ་སྒོ་བརྒྱབས་ཏུ་བཅུག་ཡོད་པ་མ་ཟད། སྲང་ལམ་གྱི་སྟབས་བདེའི་ཟས་རིགས་འཚོང་མཁན་ཚང་མ་ཕྱིར་འཕུད་བཏང་ཡོད་པ་དང་་། རླངས་ཐབ་ཚོང་གཉེར་སོགས་ཀྱང་གནས་སྐབས་རིང་མཚམས་འཇོག་ཏུ་བཅུག  མི་ཚོགས་འདུས་སྡོད་སར་གྲི་སོགས་ཀྱིས་ཟས་རིགས་གཅོད་གཏུབ་བྱས་ན་ཉེས་ཆད་གཅོད་བཞིན་ཡོད་འདུག

པེ་ཅིན་གྲོང་ཁྱེར་དུ་གནས་སྡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ང་རང་ལ་མཚོན་ན་ལས་གཉེར་བྱས་ཏེ་ཕྱི་ལོགས་སུ་མ་སོང་བས་གསལ་བོ་ཞིག་ཤེས་མ་སོང་། སྤྱིར་ཉེ་སྔོན་ནས་ས་ཚུགས་ཁག་དང་ནམ་རྒྱུན་མི་མང་འདུ་འཛོམས་ཆེ་སའི་སྲང་ལམ་ཁག་གི་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་བརྒྱབས་འདུག ཅེས་བརྗོད་བྱུང་།

པེ་ཅིན་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལྟེ་གནས་ཁག་ཏུ་དམ་དྲག་དང་ཞིབ་བཤེར་ནན་མོ་བྱས་ཏེ། གློག་གི་བཤེར་ཆས་ཀྱིས་མི་རེ་རེའི་ལུས་ཡོངས་སུ་ཞིབ་བཤེར་དང་ཅ་ལག་སྔོག་བཤེར་བྱེད་བཞིན་ཡོད་སྟབས། འགྲིམ་འགྲུལ་ལྟེ་གནས་ཁག་ཏུ་འགྲུལ་བ་འཕོན་ཆེན་བསགས་ནས་འཚང་ཁ་བརྒྱབ་སྟེ་སྟངས་འཛིན་བྱེད་མི་ཐུབ་པའི་གནས་སུ་ལྷུང་བཞིན་ཡོད་འདུག་ལ། ལྷག་པར་དུ་ཧོང་ཀོང་དང་ཧྲང་ཧེ་སོགས་ནས་ཡོང་བའི་འགྲུལ་བ་ཚོའི་ངོ་གདོང་ངོས་འཛིན་ཡོ་ཆས་ཀྱིས་ཞིབ་བཤེར་བྱས་ཏེ་ལག་འཁྱེར་དང་མཚུངས་མིན་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༢ ནས་ ༡༥ བར་རྒྱ་ནག་ཧུ་པའེ་ནང་འཚོགས་གཏན་འཁེལ་བའི་རྒྱ་ནག་དང་ཨོ་སི་ཊི་རི་ལེ་མཉམ་འབྲེལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཟེར་བ་གློ་བུར་དུ་ཚོགས་མི་ཆོག་པ་བཟོས་ཡོད་འདུག གློག་བརྙན་དུས་སྟོན་གྱི་གོ་སྒྲིག་པའི་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་སྤྱི་མང་བདེ་འཇགས་ལས་ཁུངས་ཀྱིས་ཚོགས་ཆེན་རིང་བྱེད་སྒོ་ཆེ་ཆུང་གང་འདྲ་ཞིག་སྤེལ་བ་ཡིན་ནའང་མི་ཚོགས་༥༠༠ ལས་བརྒལ་བ་འདུ་འཛོམས་མི་ཆོག་པ་བཟོས་ཡོད་པའི་རྐྱེན་གྱིས་དུས་སྟོན་མེད་པ་བཟོ་དགོས་ཁེལ་ཡོད་སྐོར་བརྗོད་འདུག

ཁ་སང་ཨ་རིར་གནས་སྡོད་རྒྱ་རིགས་ཕྱུག་བདག་གོ་ཝིན་ཀེ་ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དང་བསྟུན། འཛམ་གླིང་ཡོངས་སུ་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁག་ཅིག་གི་གསང་བ་ཕྱིར་བསྒྲགས་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་ཀྱང་། དེའི་རྗེས་སླར་ཡང་ཁོའི་འཕྲུལ་སྒྲའི་ཐོག་ཁོ་དང་རྒྱ་ནང་ཡོད་པའི་མགོ་འཁྲིད་མཐོ་ཤོས་གཉིས་ཀྱི་བར་ཆུ་ཚོད་གསུམ་རིང་སྐད་ཆ་བྱུང་ཡོད་སྐོར་དང་། ཁོའི་མ་འོངས་པའི་ལས་ཀ་ལེགས་འགྲུབ་ཡོང་ཆེད་དང་། དེ་བཞིན་རྒྱ་ནག་ནང་ཡོད་པའི་ཁོ་རང་གི་ལས་མི་ཚོ་དང་ནང་མི་སྤུན་ཟླ་ཚོའི་བདེ་འཇགས་ཆེད་གནས་སྐབས་གསལ་བསྒྲགས་དེ་མཚམས་བཞག་སྟེ། ཚོགས་ཆེན་གྱི་གནས་སྟངས་ལ་བལྟས་ཏེ་མུ་མཐུད་ག་རེ་བྱེད་དགོས་མིན་བལྟ་རྒྱུ་ཡིན་སྐོར་བརྗོད་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༡༠/༡༩

Leave a Reply

2 thoughts on “ཚོཊ་ཆེན་སྐབས་བོད་ཁུལ་དུ་འགྲོ་ན་ཟིང་ཆ་མི་སློང་བའི་ཁག་ཐེག་དགོས།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    རེད། རེད། རྒྱ་ནག་གི་ག་དུས་ཡིན་ན་ རྐུབ་ལུག་ཤི་ལུག་ཤི་ ཁྲོམས་བསྟན་བསྟན་པ་རེད། དྲང་བདེན་གྱི་རྒྱ་ནག་དམར་ཤོག་ཚོགས་དུ་དེ་ལ་ འདི་ག་སེ་དམ་དྲག་བྱེད་དགོས་དོན་གང་ཡིན་ནམ་་་་་་་་་་ ❓

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    བོད་རྒྱ་ནག་གི་བཙན་འོག་དུ་ཤོར་ནས་བོད་ཀྱི་འཁོར་ཡུག་ལ་གནོད་རྐྱོན་ཚབ་ཆེན་བཟོས་ཡོད་ན་ཡང་བོད་མིའི་སེམས་ཁམས་དང་གླད་རྩ་ལ་ནམ་ཡང་འགྱུར་བ་གཏོང་མི་ཐུབ་པ་ད་ལམ་རྒྱ་ནག་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་ངོས་འཛིན་ཐུབ་པ་འདིའི་བོད་མི་རིགས་འདི་དུས་ནམ་ཡང་རྒྱའི་བཙན་འོག་གནོན་མི་ཐུབ་པའི་ར་སྤྲོད་འཛམ་གླིང་མི་མང་མདུན་རྒྱ་ནག་གི་ཆབ་སྲིད་ཀྱི་ཁྲོམས་བསྟན་པ་མ་རེད་དམ་།